མཚོ་ལྷོའི་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་བོད་སྐད་ཡིག་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས་པ།
བཞུགས་མོལ་གྲོས་ཚོགས་ཀྱི་ཡུལ་དངོས།
ཟླ4པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་དམངས་ཆེན་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོའི་ལས་བྱེད་རྒན་པ། བོད་སྐད་ཡིག་གི་ལས་ཀ་གཉེར་བཞིན་པའི་ལས་བྱེད་པ། དེ་མིན་རྫོང་སོ་སོའི་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགན་འཁུར་བ་སོགས་མི21བསྡུས་ཏེ་བོད་སྐད་ཡིག་བྱ་བའི་སྐོར་གྱི་བཞུགས་མོལ་གྲོས་ཚོགས་བསྡུས་པ་རེད།
བཞུགས་མོལ་གྲོས་ཚོགས་ཀྱི་ཡུལ་དངོས།
གྲོས་ཚོགས་སྟེང་ཚོགས་ཞུགས་མི་སྣ་རྣམས་ཀྱིས་སྤྱི་ཚོགས་ཁྲོམ་གཞུང་དུ་སྤྱོད་པའི་ཡིག་རིགས་དང་། བརྡ་ཆད་གསར་པའི་གཅིག་གྱུར། བོད་ཡིག་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་སོགས་ཀྱི་ཐད་ནས་བགྲོ་གླེང་རྒྱ་ཆེན་པོ་གནང་ཞིང་། མཚོ་ལྷོའི་བོད་སྐད་ཡིག་བྱ་བའི་ཐད་ཀྱི་གནད་དོན་ལ་དམིགས་ནས་མ་འོངས་པའི་བྱ་བའི་ཁ་ཕྱོགས་ངེས་གཏན་བྱས་པ་སྟེ། སྤྱི་ཚོགས་ཁྲོམ་གཞུང་གི་ཡིག་རིགས་བཀོལ་སྤྱོད་ལ་ཡུལ་ཁོངས་ཅན་གྱི་དོ་དམ་བྱས་ཐོག ཡུན་ཕན་རང་བཞིན་གྱི་ནང་རྐྱེན་འཛུགས་པ་དང་། 《མཚོ་ལྷོ་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》གི་དྲིལ་སྒྲོག་ཤུགས་ཚད་ཆེ་རུ་བསྐྱེད་པ། རྫོང་སོ་སོའི་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་བརྡ་ཆད་གསར་བ་འཚོལ་བསྡུ་དང་ལེགས་སྒྲིག་བྱས་རྗེས་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་གཅིག་གྱུར་གྱིས་གཏན་ལ་ཕབ་ནས་ཁུལ་ཡོངས་ཀྱི་བརྡ་ཆད་གསར་བ་གཅིག་གྱུར་གཏོང་རྒྱུ་རེད།