མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དུས་རིམ་གཉིས་པའི་འཛུགས་སྐྲུན་འགོ་ཚུགས་པ།
ཟླ1པོའི་ཚེས10ཉིན། མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་ནམ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་རིམ་གཉིས་པའི་ལས་གྲྭ་འགོ་ཚུགས་པའི་ཚོགས་འདུ་ཟི་ལིང་དུ་བསྡུས་པ་རེད།
གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དུས་རིམ་གཉིས་པའི་འཛུགས་སྐྲུན་ལ་མདོར་ན་ཁྱད་ཆོས་གསུམ་ལྡན་པ་སྟེ། གཅིག་ནས་ཁྱབ་རྒྱ་སྔར་ལས་ཆེ་བ་དང་། གཉིས་ནས་སྤྱིའི་དངུལ་གཏོང་ལྡབ་གཅིག་གིས་མང་བ་སྟེ་སྒོར་དུང་ཕྱུར160ལ་བསླེབས་པ། གསུམ་ནས་མི་གཞི་རྩར་འཛིན་པ་དང་དམངས་འཚོའི་ལེགས་བཅོས་ལ་སྔར་ལས་ཤུགས་བསྣན་པ།
དུས་རིམ་གཉིས་པའི་ལས་གྲྭའི་འཆར་བཀོད་ཁྲོད་གཙང་གསུམ་འབྱུང་ཡུལ་གྱི་སྲུང་སྐྱོབ་འཛུགས་སྐྲུན་དེ2020ལོའི་བར་དམིགས་འབེན་གསུམ་མངོན་འགྱུར་འབྱུང་དགོས་པའི་བླང་བྱ་བཏོན་པ་སྟེ། སྐྱེ་ཁམས་འཛུགས་སྐྲུན་ཐད། ནགས་ཚལ་གྱི་ཁེབས་ཚད་བརྒྱ་ཆའི་གྲངས་གནས0.7གྱིས་ཇེ་མཐོར་འགྲོ་བ་དང་། རྩྭ་སའི་སྔོ་ཤུན་གྱི་ཁེབས་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་གྲངས་གནས25ནས30ཡིས་ཇེ་མཐོར་འགྲོ་བ། བྱེ་འགྱུར་གྱི་ས་ཞིང་ལེགས་བཅོས་བྱས་ཚད50%བསླེབ་པ། བརླན་སའི་སྲུང་སྐྱོབ་རྒྱ་ཁྱོན་སྤྱི་ཆིངས་འབུམ2ལ་བསླེབ་པ་བཅས་ཀྱི་བླང་བྱ་བཏོན།
དཔལ་འབྱོར་འཕེལ་རྒྱས་ཐད། སྐྱེ་ཁམས་ཕྱུགས་ལས་དང་ཞིང་སྡེའི་ནུས་ཁུངས་འཛུགས་སྐྲུན་བརྟན་འཇགས་ཀྱིས་སྐུལ་སྤེལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཡོང་སྒོ་མཚོ་སྔོན་ཞིང་ཆེན་གྱི་ཆ་སྙོམས་ཀྱི་ཆུ་ཚད་ལ་ཉེ་བའམ་ཡང་ན་བསླེབ་ཏུ་འཇུག་པའི་བླང་བྱ་བཏོན།
སྤྱི་ཚོགས་འཛུགས་སྐྲུན་ཐད། སྤྱི་ཚོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་གོང་དུ་སྤེལ་ནས་གཞི་རྩའི་སྤྱི་བའི་ཞབས་ཞུའི་ནུས་པ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཀྱི་ཆུ་ཚད་ལ་ཉེ་བའམ་ཡང་ན་བསླེབ་ཏུ་བཅུག་པར་བརྒྱུད། ཁྱོན་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བླང་བྱ་བཏོན་པ་རེད།
2005ལོའི་ཟླ1པོའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྤྱིའི་འཆར་བཀོད》ལ་ཆོག་མཆན་གནང་བར་མ་ཟད། ལོ་དེའི་ཟླ8པའི་ཚེས30ཉིན་དངོས་སུ་འགོ་བརྩམས་པ་རེད། 2010ལོའི་ལོ་སྨད་བར་དུ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་དང་། ཞིང་བའི་ཞིང་ལས་དང་འཚོ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདེགས་སྐྱོར་བཅས་རིགས་གསུམ་གྱི་འཛུགས་སྐྲུན་ལས་གྲྭ་ཁག20སྔ་རྗེས་སུ་སྤེལ་བ་རེད།