མཚོ་ལྷོ་ཁུལ་གྱིས་ཡུལ་ཤུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་བྱས་རྗེས་བཞག་པ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རོགས་སྐྲུན་དཔུང་སྡེས་ད་ལོའི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དམིགས་འབེན་ཡོངས་འགྲུབ་བྱེད་པ་དང་། དཀའ་ཁག་ཡོད་ཚད་ཁྱད་དུ་སེལ་ཆེད། སྟོབས་ཤུགས་ཡོད་རྒུས་བསྐྱར་འཛུགས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་། རོགས་སྐྲུན་བྱེད་བཞིན་པའི་ཡུལ་ཤུལ་རྫོང་ར་ཕྱུག་གོང་མ་ཡུལ་ཚོའི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་གཞིའི་འཕེལ་རིམ་བདེ་བླག་ངང་སྤེལ།
མཚོ་ལྷོ་ཁུལ་གྱིས་འགན་གཙང་ལེན་བྱས་ནས་རོགས་སྐྲུན་བྱས་པའི་ར་ཕྱུག་གོང་མ་ཡུལ་ཚོའི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་འགན་དེར་རོང་འབྲོག་པའི་སྡོད་ཁང་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། འགྲིམ་འགྲུལ། ནུས་ཁུངས་སོགས་ལས་གཞི་རིགས་ཆེན་མོ་བཅུ་གཉིས་འདུས་ཤིང་། དེར་སྤྱིའི་མ་དངུལ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ས་ཡ་བཞི་འབུམ་བརྒྱད་ཁྲི་ལྔ་ལྷག་བཏང་།
ཨར་ལས་བཟོ་སྐྲུན་གྱི་རྒྱུ་སྤུས་ལ་ཁག་ཐེག་བྱེད་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རོགས་སྐྲུན་བཀོད་འདོམས་པུའུ་ཡི་ལས་བྱེད་མི་སྣ་འཛུགས་སྐྲུན་བྱེད་སར་སོང་ནས། ས་གཤིས་ཁོར་ཡུག་དང་སྡེ་བ་འཛུགས་སྐྲུན། འགྲིམ་འགྲུལ་གནས་ཚུལ། རྡོ་ཟེགས་ལས་སྣོན་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཨར་ལས་བཟོ་སྐྲུན་དང་རྒྱུ་སྤུས་ཁག་ཐེག བདེ་འཇགས་འགན་སྲུང་སོགས་གནས་ཚུལ་ལ་ལྟ་ཞིབ་མཛུབ་སྟོན་བྱས་པར་མ་ཟད་ཡུལ་དངོས་ནས་གནད་དོན་ཐག་བཅད་བྱས།
ད་ལྟ་རོང་འབྲོག་པའི་སྡོད་ཁང་ཚང་མ་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད་ལ། རྡོ་ར་དང་། རི་མ། སྐྱ་འཁྱོག་བཅས་སྡེ་བ་གསུམ་དང་ས་གནས་བཞིའི་མི་ཕྱུགས་གཉིས་ཀྱི་སྦུག་ལམ་བཟོ་སྐྲུན་ལེགས་གྲུབ་བྱུང་ཞིང་། སྤྱིའི་མ་དངུལ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་བཞི་འབུམ་དགུ་ཁྲི་བཞི་བཏང་བའི་གཞུང་ལམ་ཚང་མ་ལས་ཚར་པ་རེད།