logo

ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་གཟབ་རྒྱས་ངང་ཚོགས་པ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-17 ཀློག་གྲངས།:


ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་གཟབ་རྒྱས་ངང་ཚོགས་པ།

         ཟླ10བའི་ཚེས17ཉིན་གྱི་སྔ་དྲོ།  ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་ཁུལ་ཚོགས་འདུ་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་ཤིང་།  ཚོགས་ཆེན་དུ་ཞུགས་འོས་པའི་འཐུས་མི252དང་དངོས་ཞུགས་འཐུས་མི237ཡོད་པ་རེད།  མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་ཀྲང་ཝིན་ཁོས་ལགས་ཀྱིས་ཚོགས་འདུ་ལ་མདོ་འཛིན་མཛད་པ་དང་།  མཚོ་ལྷོ་ཁུལ་ཁུལ་ཨུའི་ཧྲུའུ་ཅི་ཏུའུ་ཅེ་ལགས་ཀྱིས་སྐབས་བཅུ་གཅིག་པའི་ཁུལ་ཨུའི་ཚབ་བྱས་ཏེ《གོ་སྐབས་དམ་འཛིན་དང་གསར་གཏོད་མདུན་སྐྱོད་བྱས་ཏེ། མཚོ་ལྷོ་ནི་མཚོ་སྔོན་བོད་ཁུལ་དུ་དཔལ་འབྱོར་ཐོད་བརྒལ་གྱིས་གོང་འཕེལ་དང་སྤྱི་ཚོགས་དུས་གཏན་དུ་བདེ་འཇགས་ཡོང་བའི་སྔོན་ཐོན་ས་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་འབད་བརྩོན་བྱེད་དགོས》ཞེས་པའི་སྙན་ཞུ་ཕུལ་ཞིང་།  མཚོ་ལྷོ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དཔའ་སྒྲོན་གྱིས་ཀྲུང་གུང་མཚོ་ལྷོ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས《འགན་ཁུར་ནུས་བ་དང་། ལས་འགན་ལ་བློ་དཀར་བ།  བློ་གཏན་འགྱུར་མེད་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་འགོག་སྤྱོད་གཙང་བྱ་བ་སྒྲུབ་པ》ཞེས་པའི་སྙན་ཞུ་ཕུལ་པ་རེད།


ཏུའུ་ཅེ་ཧྲུའུ་ཅི་ཡིས་སྙན་ཞུ་ཕུལ་བཞིན་པ།

         ཏུའུ་ཅེ་ཧྲུའུ་ཅི་ལགས་ཀྱི་སྙན་ཞུ་ལ་ཁག་བཞི་རུ་དབྱེ་ཡོད་པ་སྟེ།  གཅིག  འདས་པའི་ལོ་ལྔའི་རིང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། མཚོ་སྔོན་གྱི་ཁྱད་གཞི་ལ་མཚོ་ལྷོའི་ཁྱད་ཆོས་ལྡན་པའི་ཚན་རིག་གི་གོང་སྤེལ་བགྲོད་ལམ་དུ་འདོང་བར་རྨང་གཞི་བརྟན་པོ་ཞིག་བཏིངས་པ།  མཚོ་ལྷོ་ཁུལ་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཚུན་ལ། ཞིང་ཆེན་ཏང་ཨུའི་ཡང་དག་པའི་འགོ་ཁྲིད་འོག་ཏུ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏིན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བྱས་ཏེ། ཚན་རིག་གི་གོང་སྤེལ་ལྟ་བ་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཤིང་། ནུབ་རྒྱུད་གསར་འབྱེད་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། མཚོ་སྔོན་སོགས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཆེན་པོ་གཉིས་དམ་འཛིན་བྱས་ཐོག རྒྱ་ཆེ་བའི་གུང་ཁྲན་ཏང་ཡོན་དང་རིགས་སོ་སོའི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། འཕེལ་རྒྱས་ལ་བརྩོན་ལེན་བྱེད་པ་དང་དམངས་ཀྱི་འཚོ་རྟེན་ལེགས་བཅོས། གཏན་འཇགས་ལ་འགན་སྲུང་། འཆམ་མཐུན་ལ་ཡར་སྐུལ་བཅས་བྱས་ནས། རང་ཁུལ་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གཅིག་པར་གཏན་འཁེལ་བྱས་པའི་འབད་བརྩོན་དམིགས་འབེན་སྒོ་ཀུན་ནས་ཡོངས་འགྲུབ་བྱས་ཤིང་། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། དེ་མིན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཏང་གི་འཛུགས་སྐྲུན་བཅས་ལ་གྲུབ་འབྲས་གསར་བ་བླངས་ཏེ། “གོང་སྤེལ་བཞི”ལ་སྐུལ་འདེད་བྱེད་པའི་ལོ་རྒྱུས་ཀྱི་དེབ་ཐེར་གསར་བ་ཞིག་བྲིས་ཡོད།
         གཉིས། མ་འོངས་ལོ་ལྔའི་མདུན་ལྗོངས་ལ་འོད་སྟོང་ལྡན་ཞིང་། ང་ཚོ་ལ་རྡོག་ཐོན་ས་གསར་བ་ཞིག་ནས་མཆོངས་སྐྱོད་གསར་བ་ཞིག་མངོན་འགྱུར་བྱེད་པར་ལྡོག་མེད་ཡིད་ཆེས་ཀྱིས་ཁེངས་ཡོད། དེང་ཕྱིན་ལོ་ལྔ་རིང་གི་བྱ་བའི་མཛུབ་སྟོན་བསམ་བློ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་ནས། ཏུན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བྱས་ནས།  ཚན་རིག་གི་གོང་སྤེལ་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་རེ་སྙེག་བྱེད་པའི་བླང་བྱར་དམིགས་ནས། ཚན་རིག་གི་གོང་སྤེལ་བརྗོད་གཞིར་འཛིན་པ་དང་། དཔལ་འབྱོར་གོང་སྤེལ་བྱེད་སྟངས་སྒྱུར་བཅོས་བྱེད་པ་གཙོ་གནད་དུ་འཛིན་པ། བཅོས་སྒྱུར་སྒོ་འབྱེད་དང་གསར་འབྱེད་མདུན་སྐྱོད་སྒུལ་ཤུགས་སུ་འཛིན་པ།  དམངས་ཀྱི་འཚོ་རྟེན་བདེ་སྲུང་དང་ལེགས་བཅོས་བྱེད་པ་དམིགས་འབེན་དུ་བཟུང་ནས།  ཞིང་ཆེན་ཏང་ཨུའི“གོང་སྤེལ་བཞིའི”བླང་བྱ་ལྟར།  ཁུལ་ཡོངས་ཀྱི“གྲོང་གཉིས་རྒྱུད་གསུམ་ཁུལ་བཞིའི”འཕེལ་རྒྱས་ཀྱི་སྒྲིག་གཞི་རྣམ་པ་ལྟར་རང་ནུས་ཅི་ལྕོགས་ཀྱིས“ཞིང་ཕྱུགས་ལ་བརྟེན་ནས་རང་ཁུལ་གཏན་འཇགས་ཡོང་བ་དང་། བཟོ་ལས་ལ་བརྟེན་རང་ཁུལ་སྟོབས་ལྡན་དུ་འགྱུར་བ། སྐྱེ་ཁམས་ལ་བརྟེན་ནས་རང་ཁུལ་སྐྱོང་བ། གནས་སྐོར་ལ་བརྟེན་ནས་རང་ཁུལ་འབྱོར་ཕྱུག་ཏུ་གཏོང་བ། ཚན་སློབ་ལ་བརྟེན་ནས་རང་ཁུལ་དར་རྒྱས་སུ་གཏོང་བ། སྒོ་འབྱེད་ལ་བརྟེན་ནས་རང་ཁུལ་གསོན་ཤུགས་ལྡན་པ། འཆམ་མཐུན་ལ་བརྟེན་ནས་རང་ཁུལ་བདེ་འཇགས་ཡོང་བའི”འཐབ་ཇུས་ཆེན་པོ་བདུན་ལག་བསྟར་བྱེད་པ་དང་། མུ་མཐུད་དུ་རྨང་གཞིའི་སྒྲིག་ཆས་དང་སྐྱེ་ཁམས་ཁོར་ཡུག  མཁར་གྲོང་གསར་བ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དང་། མུ་མཐུད་དུ་སྤྱི་ཚོགས་ཀྱི་བྱ་གཞག་ཡོད་ཚད་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱེད་པ། མུ་མཐུད་དུ་བཟོ་ལས་ཅན་དང་། ཞིང་ཕྱུགས་ལས་དེང་རབས་ཅན། ཆ་འཕྲིན་ཅན། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་གནས་སྐོར་ལས་རིགས་སྤེལ་བའི་གོམ་སྟབས་མགྱོགས་པར་བྱེད་པ། མུ་མཐུད་དུ་ཏང་གི་སྲིད་འཛིན་ནུས་པ་འཛུགས་སྐྲུན་དང་སྤྱི་ཚོགས་དོ་དམ་གསར་གཏོད་བྱེད་པར་ཤུགས་སྣོན་པ། ས་གནས་དར་རྒྱས་དང་དུས་རྟག་ཏུ་བརྟན་གནས་བདེ་འགོད་རྒྱུན་འཁྱོངས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཐོད་བརྒལ་འཕེལ་རྒྱས་འབྱུང་བ་དང་། མང་ཚོགས་ཀྱི་འདོད་བློ་ཚིམས་པའི་རང་སྐྱོང་ཁུལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་རྨང་གཞི་བརྟན་པོ་འདིང་དགོས། 
         གསུམ། གོ་སྐབས་བརྩོན་ལེན་དང་གསར་གཏོད་གོང་སྤེལ་བྱས་ནས། ཧུར་ཐག་སྒོས་མཚོ་ལྷོ་ནི་མཚོ་སྔོན་བོད་ཁུལ་དུ་དཔལ་འབྱོར་ཐོད་བརྒལ་གྱིས་འཕེལ་བ་དང་། སྤྱི་ཚོགས་གཏན་དུ་བདེ་འཇགས་ཡིན་པའི་སྔོན་ཐོན་ས་ཁུལ་ཞིག་ཏུ་བསྐྲུན་དགོས། མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་ཐོད་བརྒོལ་གྱིས་འཕེལ་བ་དང་། སྤྱི་ཚོགས་གཏན་དུ་བདེ་འཇགས་ཡིན་པའི་སྔོན་ཐོན་ས་ཁུལ་འཛུགས་པ་ནི་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་རེ་འདོད་ཉག་ཅིག་ཡིན། ང་ཚོས་ཚན་རིག་གི་གོང་སྤེལ་ལྟ་བའི་མཛུབ་སྟོན་རྒྱུན་འཁྱོངས་བྱེད་ཅིང་། རང་རློམ་ཅན་དང་། སྒོ་འབྱེད་ཅན། གསར་གཏོད་ཅན་གྱི་མཚོ་སྔོན་གྱི་འདུ་ཤེས་བརྟན་པོར་བཅངས་ནས། ཚན་རིག་གི་གོང་སྤེལ་དང་།  སྐྱེ་ཁམས་སྲུང་སྐྱོབ། དམངས་ཀྱི་འཚོ་རྟེན་ལེགས་བཅོས་བཅས་ལོ་རྒྱུས་རང་བཞིན་གྱི་འགན་འཁྲི་ཆེན་པོ་གསུམ་དང“ཕྱོགས་བརྒྱད”ནས་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཡོང་བ། “ཕྱོགས་དྲུག”ནས་ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་གྱི་སྔོན་དུ་ཚུད་པའི་འཐབ་ཇུས་ལྟར། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་གི་འཛུགས་སྐྲུན་སོགས་ལ་སྒོ་ཀུན་ནས་ཤུགས་སྣོན་བྱས་ཏེ། ཧུར་ཐག་སྒོས་མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་ཐོད་བརྒལ་ངང་འཕེལ་བ་དང་། སྤྱི་ཚོགས་གཏན་དུ་བདེ་འཇགས་ཡིན་པའི་སྔོན་ཐོན་ས་ཁུལ་ རྣམ་པ་གསར་བ་ཞིག་བསྐྲུན་དགོས། 
         བཞི། ཕྱོགས་ཡོངས་ནས་ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། མཚོ་ལྷོ་ཁུལ་འདི་མཚོ་སྔོན་བོད་ཁུལ་དུ་དཔལ་འབྱོར་ཐོད་བརྒལ་འཕེལ་རྒྱས་དང་སྤྱི་ཚོགས་གཏན་དུ་བདེ་འཇགས་ཡོང་བའི་སྔོན་ཐོན་ས་ཁུལ་ཞིག་ཏུ་འཛུགས་པར་སྟོབས་དང་ལྡན་པའི་འགན་སྲུང་མཁོ་སྤྲོད་བྱེད་དགོས། ཏང་གི་ལོ་ངོ90རིང་གི་འཕེལ་རྒྱས་ལོ་རྒྱུས་ཀྱིས་བསྟན་དོན་ལྟར། ཀྲུང་གོའི་བྱ་བ་ལེགས་པོར་སྒྲུབ་དགོས་ན་གཙོ་ཆེར་ཏང་ལ་རག་ལས་པ་ཡིན། ལག་ལེན་གྱིས་ཀྱང་ང་ཚོར་བསྟན་དོན་ལྟར། མཚོ་ལྷོ་ཁུལ་གྱི་བྱ་བ་ལེགས་པོར་སྒྲུབ་པར་ངེས་པར་དུ་བཅོས་སྒྱུར་གསར་གཏོད་ཀྱི་སྤོབས་པས་ཕྱོགས་ཡོངས་ནས་ཏང་གི་བསམ་བློ་འཛུགས་སྐྲུན་དང་། རྩ་འཛུགས་འཛུགས་སྐྲུན། སྤྱོད་ལམ་འཛུགས་སྐྲུན། ལམ་ལུགས་འཛུགས་སྐྲུན། རུལ་འགོག་སྤྱོད་གཙང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། མཚོ་ལྷོའི་དཔལ་འབྱོར་ཐོད་བརྒལ་འཕེལ་རྒྱས་དང་སྤྱི་ཚོགས་གཏན་དུ་བདེ་འཇགས་ཡོང་བར་ཤུགས་དྲག་པའི་བསམ་བློ་དང་། ཆབ་སྲིད། རྩ་འཛུགས་བཅས་ཀྱི་འགན་སྲུང་མཁོ་སྤྲོད་བྱེད་དགོས།


ཚོགས་ཞུགས་འཐུས་མི་རྣམས་ཀྱིས་གཟབ་ནན་སྒོས་ཧྲུའུ་ཅིའི་སྙན་ཞུ་ལ་གསན་བཞིན་པ།

         མཇུག་མཐར་བསྟན་དོན།  “ལོ་ལྔའི་འཆར་འགོད་བཅུ་གཉིས་པ”ལེགས་འགྲུབ་འབྱུང་བ་དང་། མཚོ་ལྷོའི་དཔལ་འབྱོར་འཕེལ་རྒྱས་ཐོད་བརྒལ་དང་སྤྱི་ཚོགས་བདེ་འཇགས་མངོན་འགྱུར་བྱེད་པ་ནི་མཚོ་ལྷོའི་མི་དམངས་ཁྲི་ཚོ་ཞེ་ལྔ་ལྷག་གིས་ང་ཚོ་ལ་བཅངས་བའི་རེ་སྨོན་ཡིན། གཟི་བརྗིད་ལྡན་པའི་འོས་འགན་ཕྲག་ལ་བབས་ཤིང་དཀའ་ཚགས་ཆེ་བས། ང་ཚོས་ངེས་པར་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་རིགས་སོ་སོའི་མང་ཚོགས་ལ་སྣེ་ཁྲིད་དེ་སྤྲོ་སེམས་ཀྱིས་བརྟས་ཤིང་བློ་སྤོབས་ཆེ་བ། མཐུན་སྒྲིལ་འགྲན་རྩོད་དང་། གསར་གཏོད་སྔོན་སྐྱོད་བཅས་ཀྱི་སྒོ་ནས་མཚོ་ལྷོ་ཁུལ་འདི་མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐོད་བརྒལ་དང་སྤྱི་ཚོགས་གཏན་དུ་བདེ་འཇགས་ཡིན་པའི་སྔོན་ཐོན་ས་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་བརྩོན་པ་ལྷུར་ལེན་བྱེད་དགོས།


མཚོ་ལྷོ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དཔའ་སྒྲོན་གྱིས་སྙན་ཞུ་ཕུལ་བཞིན་པ།

         མཚོ་ལྷོ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དཔའ་སྒྲོན་གྱིས་འདས་བའི་ལོ་ལྔའི་བྱ་བར་སྤྱི་བསྡོམས་དང་དངོས་ཡོད་གནས་ཚུལ་སོགས་ལ་ཁ་ཕྱོགས་ཏེ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ངེས་པར་དུ་ཏིན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་དོན་གལ་ཆེན་སྣེ་སྟོན་ཏུ་བྱས་ནས།  ཚན་རིག་གི་འཕེལ་རྒྱས་ལྟ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི“བདུན་གཅིག”གསུང་བཤད་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་དགོས། རྩ་ལག་གཉིས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་། ཆད་འགོག་མཉམ་སྤེལ་དང་སྔོན་འགོག་གཙོར་འཛིན་གྱི་བྱེད་ཐབས་རྒྱུན་འཁྱོངས་སྒོས་ཏང་དང་མི་དམངས་ཀྱི་ཤ་ཁྲག་གི་འབྲེལ་བ་རྒྱུན་སྲུང་བྱེད་པ་གཙོར་བྱས་པའི་སྤྱོད་སྟངས་འཛུགས་སྐྲུན་ཇེ་ལེགས་དང་། རུལ་སུངས་ལ་ཉེས་ཆད་གཅོད་པ་དང་སྔོན་འགོག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་གཙོར་བྱས་པའི་རུལ་འགོག་སྤྱོད་གཙང་གི་འཛུགས་སྐྲུན་ཇེ་ལེགས་སུ་བཏང་ཐོག ཧུར་ཐག་གིས་རུལ་འགོག་སྤྱོད་གཙང་གྱི་འཛུགས་སྐྲུན་ཁྲོད་མི་དམངས་མང་ཚོགས་ཀྱིས་ཐུགས་ཁུར་ཆེན་པོ་བྱེད་བཞིན་པའི་གནད་དོན་འབུར་ཐོན་ཐག་གཅོད་བྱས་ཏེ་ཏང་གཤིས་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་སུན་འབྱིན་བྱ་བའི་ཕན་འབྲས་གསར་བ་དེས་མཚོ་ལྷོའི་འཕེལ་རྒྱས་ཐོད་བརྒལ་དང་གཏན་དུ་བདེ་འཇགས་འབྱུང་བར་ཁག་ཐེག་བྱེད་དགོས་པ་བསྟན།


འབྲེལ་ཡོད་འོས་སྦྱོར།