མཚོ་སྔོན་གྱི་ལས་དོན་ལས་ཁུངས་ལ་མི་གདན་ཞུ་བྱེད་པར་མིང་ཐོ་འགོད་པའི་དུས་ཐོན་པ།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་དོན་ལས་ཁུངས་སྐོར་ཞིག་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་ལས་བྱེད་མི་སྣ702གདན་ཞུ་བྱེད་རྒྱུ་ཡིན་པ་དང་། མིང་ཐོ་འགོད་པའི་དུས་ཡུན་ནི་ཟླ9བའི་ཚེས7ཉིན་གྱི་དུས་ཚོད9ནས་ཟླ9བའི་ཚེས10ཉིན་གྱི་དུས་ཚོད24བར་ཡིན། ཐེངས་འདིའི་གདན་ཞུ་ཐོ་འགོད་ནི་དྲ་ཐོག་ནས་ཐོ་འགོད་བྱེད་པའི་བྱེད་ཐབས་སྤྱད་ཡོད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིར་མངོན་གསལ་གྱིས་གདན་ཞུ་བྱེད་པར་རྒྱལ་ཡོངས་ལ་ཁ་ཕྱོགས་པའི་ལས་རྐང་ལས་གཞན། གཞན་པའི་ལས་རྐང་ནི་ཞིང་ཆེན་ཡོངས(རང་ཞིང་གི་སློབ་མ་དང་རང་ཞིང་གི་མཐོ་རིམ་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་སློབ་མ། རང་ཞིང་དུ་ཞབས་ཞུ་བྱས་ཏེ་དུས་ཡུན་ལོངས་བའི་དང་བླངས་ཞབས་ཞུ་པ)ལ་ཁ་ཕྱོགས་ཏེ་གདན་ཞུ་བྱེད་རྒྱུ་རེད།
གདན་ཞུ་གོ་རིམ་ཁྲོད་ནན་ཏན་གྱིས་ཐོབ་ཐང་ཞིབ་བཤེར་བྱས་ཏེ། ཆ་རྐྱེན་དང་མི་མཐུན་པ་རྣམས་ཐོ་འགོད་ཀྱི་ཐོབ་ཐང་མེད་པར་གཏོང་རྒྱུ་ཡིན་པ་དང་། ཐེངས་འདིར་གདན་ཞུ་ཆ་རྐྱེན་ལ་ཞིབ་འཇུག་སློབ་མ་དང་དེའི་ཡན་གྱི་སློབ་གནས་ཡོད་དགོས་པའི་ལས་རྐང་གི་ཐོ་འགོད་པ་རྣམས་ཐད་ཀར་དུ་ཁ་རྒྱུགས་ལ་ཞུགས་ཆོག་ལ། མི་བཀོལ་ལས་ཁུངས་ཀྱིས་ཐོབ་ཐང་ཞིབ་བཤེར་ཐོ་འགོད་བྱས་རྗེས་ཐད་ཀར་དུ་ཁ་རྒྱུགས་ལ་ཞུགས་ཆོག དུས་མཚུངས་སུ་འབྲེལ་ཡོད་སྲིད་ཇུས་ལ་གཞིགས་ཏེ། “དམིགས་བསལ་ལས་རྐང་གི་དགེ་རྒན”འཆར་གཞི་དང“རོགས་འདེགས་གསུམ་དང་རྒྱབ་སྐྱོབ་གཅིག”གི་འཆར་གཞི། སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞི། ཞིང་སྡེའི་ཞབས་ཞུ་འཆར་གཞི་བཅས་ཀྱི་མཐོ་རིམ་མཐར་ཕྱིན་སློབ་མའི་ཞབས་ཞུ་དུས་ཡུན་ལོངས་པ་དང་དཔྱད་ཞིབ་ཚད་ལྡན་ཡིན་པ་རྣམས་དང་། གྲངས་ཉུང་མི་རིགས་ལས་དོན་ལས་རྐང་ལ་ཐོ་འགོད་བྱས་པའི་གྲངས་ཉུང་མི་རིགས་ཀྱི་སློབ་མ་རྣམས་དཔྱད་ཞིབ་བྱས་རྗེས། ཡིག་རྒྱུགས་ཀྱི་སྤྱིའི་སྐར་གྲངས་སྟེང་སྐར5སྣོན་རྒྱུ་རེད། ཁ་སྣོན་བྱས་པའི་སྐར་གྲངས་བསྡོམས་པས་སྐར5ཡན་ལས་བརྒལ་མི་ཆོག