logo

མགོ་ལོག་ཁུལ་པད་མ་རྫོང་གི་ལས་བཟོ་བ་རྣམས་ཀྱིས་བོད་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་བྱེད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-01 ཀློག་གྲངས།:


པདྨ་རྫོང་གིས་ལས་བྱེད་པ་དང་ལས་བཟོ་བར་ཐེངས་གཉིས་པའི་བོད་སྐད་ཡིག་སློབ་སྦྱོང་བྱ་འགུལ་སྤེལ་བ།

  མགོ་ལོག་ཁུལ་པད་མ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་སུ་ཡོད་པ་སྟེ། ཤར་ལྷོ་རུ་སི་ཁྲོན་ཀྱི་འཛམ་ཐང་རྫོང་དང་། རྔ་བ་རྫོང་། གསེར་རྟ་རྫོང་བཅས་ལ་འབྲེལ་ཡོད་པ་དང་། བྱང་ཤར་དུ་མགོ་ལོག་གཅིག་སྒྲིལ་དང་ཉེ། ནུབ་བྱང་དུ་མགོ་ལོག་དར་ལག་རྫོང་དང་འབྲེལ་ཡོད་པ་རེད། རྫོང་ཡོངས་ལ་མི་གྲངས25433ཡོད་པ་ལས་བོད་རིགས་མི་གྲངས23666ཡོད་པས་རྫོང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི92.48%ཟིན་ཡོད།


བྱ་འགུལ་སྤེལ་བཞིན་པའི་ཡུལ་དངོས།

  མགོ་ལོག་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བོད་རིགས་མི་གྲངས་མང་བ་དང་། རོང་འབྲོག་མང་ཚོགས་ཀྱི་བོད་སྐད་སྨྲ་བ། རྒྱ་ཡིག་ཁྱབ་བརྡལ་བྱས་ཚད་མི་མཐོ་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་རྫོང་ཡོངས་སུ་ལོ45མན་གྱི་ལས་ཐོག་ལས་བཟོ་བ་རྣམས་རྩ་འཛུགས་བྱས་ཏེ་བོད་ཀྱི་སྐད་དང་ཡི་གེ་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བ་རེད། བྱ་འགུལ་འདིའི་དམིགས་འབེན་ནི་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་འདྲིས་ཇེ་ལེགས་དང་། གཞི་རིམ་དུ་རྐང་བཙུགས་ནས་ཏང་དང་རྒྱལ་ཁབ་ཀྱི་ཞིང་རོགས་ཞིང་ཕན་གྱི་སྲིད་ཇུས་དྲིལ་སྒྲོག་དང་དངོས་འབེབས་བྱས་ཏེ། སྲིད་ཇུས་དེ་རོང་འབྲོག་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་འགོད་པའི་ལག་ཆ་གཙོ་བོ་ཞིག་ཏུ་གཏོང་དགོས་པ་དང་མཉམ་དུ། གཞི་རིམ་ན་ཡོད་པའི་རོང་འབྲོག་མང་ཚོགས་ཀྱི་སེམས་འདུན་དུས་ཐོག་ཏུ་སྲིད་གཞུང་ལ་ཞུ་ནས་ཐབས་ལེགས་ཇུས་བཟང་འདོན་པའི་གཞི་འཛིན་ས་གཙོ་བོ་ཞིག་ཏུ་བྱེད་རྒྱུ་དེ་རེད། པད་མ་རྫོང་ཨུ་དང་སྲིད་གཞུང་གིས་ལས་བཟོ་བ་ཡོངས་ཀྱིས“རིག་པ་ནངས་པར་འཆི་ཡང་སློབ”ཞེས་པ་དང“སློབ་སྦྱོང་གིས་འཕེལ་རྒྱས་སྐུལ་བ”ཞེས་པའི་སློབ་སྦྱོང་གི་སྙིང་སྟོབས་བསྐྱེད་ནས་ལས་བཟོ་བ་རྣམས་བོད་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་བྱེད་པའི་བྱ་འགུལ་ཁྲོད་ཞུགས་པར་བརྒྱུད། གྲངས་ཉུང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་ལ་བརྟེན་ནས་པད་མ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་དར་སྤེལ་དང་འཕེལ་རྒྱས་གཏོང་བ་དང་། ལས་བཟོ་བ་དང་མང་ཚོགས་རྣམས་རྡོག་རྩ་གཅིག་སྒྲིལ་གྱིས་འཆམ་མཐུན་གྱི་པད་མ་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱས།
  མིག་སྔར། པད་མ་རྫོང་གིས་ལས་བཟོ་བའི་ཐེངས་གཉིས་པའི་བོད་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བཞིན་ཡོད་ཅིང་། ཐེངས་དང་པོའི(2008ལོ་ནས2010ལོ)སློབ་འབྲས་ཇེ་ལེགས་དང་། ཐེངས་གཉིས་པའི(2011ལོ་ནས2013ལོ)སློབ་སྦྱོང་གི་འགན་ཁུར་བདེ་བླག་ངང་འགྲུབ་པའི་ཆེད་དུ་པད་མ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཉམས་མྱོང་སྤྱི་སྡོམ་དང་སློབ་སྦྱོང་གི་དུས་ཚོད་ལེགས་པོར་བཀོད་སྒྲིག་བྱས་ཏེ་བྱ་འགུལ་འདིའི་ཕན་འབྲས་མངོན་སུམ་བྱེད་པར་ཁག་ཐེག་བྱས།
  ཐེངས་དང་པོའི་སློབ་སྦྱོང་བརྒྱུད་ནས་བྱ་འགུལ་ལ་ཞུགས་མཁན་རྣམས་ཀྱིས་བོད་ཀྱི་སྐད་དང་ཡི་གེའི་རྨང་གཞིའི་འབྲི་ཀློག་དང་ལོ་ཙཱ་བྱེད་པར་ཕན་འབྲས་ལེགས་པོ་ཐོན། དེ་བས་ཐེངས་གཉིས་པའི་སློབ་སྦྱོང་ལ་བརྟེན་ནས་པད་མ་རྫོང་སྲིད་གཞུང་གིས་མི་དམངས་མང་ཚོགས་ཀྱི་སེམས་འདུན་ལྷུག་པོར་བརྗོད་པ་དང་། ལས་བཟོ་བ་དང་མང་ཚོགས་ཀྱི་འབྲེལ་འདྲིས་ཇེ་ལེགས། སྤྱི་ཚོགས་སྔར་ལས་འཆམ་མཐུན་ཡོང་བར་ཡིད་ཆེས་བརྟན་པོ་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།