《མཚོ་ལྷོའི་སྲིད་དོན》བོད་ཡིག་པར་གཞི་པར་སྐྲུན་འགྲེམ་སྤེལ་བྱས་པ།
སྐབས་དང་པོའི《མཚོ་ལྷོའི་སྲིད་དོན》བོད་ཡིག་པར་གཞི་དངོས་སུ་རྩོམ་སྒྲིག་ཡིག་བསྒྱུར་དང་པར་སྐྲུན་བྱས་པ།
མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་མུ་མཐུད་དུ《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་དང་ཡི་གེ་བྱ་བའི་སྲོལ་ཡིག》 ལག་ལེན་དངོས་འབབ་ཡོང་ཆེད་དང་། ས་གནས་གྲོང་རྡལ་དང་ཡུལ་ཚོ། རོང་འབྲོག་མང་ཚོགས་ལ་བོད་ཡིག་སློབ་པར་རྒྱུ་ཆ་དཀོན་པའི་དངོས་ཡོད་ལ་གཞིགས་ཏེ། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་རྒྱབ་སྐྱོར་འོག 2011ལོའི་ཟླ6པར་སྐབས་དང་པོའི《མཚོ་ལྷོའི་སྲིད་དོན》བོད་ཡིག་པར་གཞི་དངོས་སུ་རྩོམ་སྒྲིག་ཡིག་བསྒྱུར་དང་པར་སྐྲུན་བྱས་པ་རེད།
《མཚོ་ལྷོའི་སྲིད་དོན》བོད་ཡིག་པར་ངོས་འདི་ནི་ལོ་གཅིག་ལ་ཐེངས་གཉིས་སྤེལ་རྒྱུ་ཡིན་ཞིང་། ནང་དོན་གཙོ་བོ་ནི་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། དེ་མིན་རོང་འབྲོག་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བའི་ལས་ཁུངས་སོ་སོའི་ཡིག་ཆ། ཏང་ཨུའི་ཚོགས་ཆེན་དང་དམངས་འཐུས་ཚོགས་ཆེན། སྲིད་གྲོས་ཚོགས་ཆེན་སོགས་ཀྱི་བྱ་བའི་སྙན་ཞུ། འགོ་ཁྲིད་རྣམས་ཀྱི་གསུང་བཤད་གཙོ་གྲས་ཁག་དང་། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་རྒྱུན་ཤེས་སྐོར་སོགས་ཡིན།
《མཚོ་ལྷོའི་སྲིད་དོན》བོད་ཡིག་པར་གཞི་འདིས“སྲིད་ཀྱི་བཀའ་སྒྲོག་པ་དང་། སྲིད་དོན་ཁྱབ་བསྒྲགས། བྱ་བར་གནས་ཁྲིད། སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པ”སོགས་དམིགས་སུ་བཟུང་སྟེ། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་སྲིད་ཇུས་ལམ་ལུགས་ལ་དུས་ལྟར་རྒྱུས་ལོན་བྱེད་པར་སྟབས་བདེ་བསྐྲུན་ཡོད། རྒྱུས་ལོན་བྱས་པ་ལྟར་ན། སྐབས་དང་པོའི《མཚོ་ལྷོའི་སྲིད་དོན》བོད་ཡིག་པར་གཞི་འདི་ཉིད་པར་སྐྲུན་འགྲེམ་སྤེལ་བྱས་ཏེ་མཚོ་ལྷོ་ཁུལ་གྱི་རྫོང་ལྔའི་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་སོ་སོར་བཀྲམས་པ་ཡིན་ལ། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།