མཚོ་ལྷོ་ཁུལ་གྱི་ཏང་བཙུགས་ནས་ལོ་འཁོར90ལོན་པའི་རྗེས་དྲན་སྙན་ཞུ་ཚོགས་འདུ།
ཟླ6པའི་ཚེས22ཉིན་བསྡུས་པའི་རྗེས་དྲན་སྙན་ཞུ་ཚོགས་འདུའི་ཡུལ་དངོས།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར90བསླེབ་ལ་ཉེ་སྐབས། མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཏང་གི་སློ་གྲྭའི་སློབ་དཔོན་ཆེན་མོ་མྰ་ཞའོ་ཆིན་ཆེད་དུ་གདན་འདྲེན་ཞུས་ཐོག 《ཏང་གི་ལོ་རྒྱུས་ཁྲོད་ནས་ཤེས་རབ་དང་སྟོབས་ཤུགས་ལེན་པ》ཞེས་པ་བརྗོད་བྱ་གཙོ་བོ་ཡིན་པའི་ཏང་དབུ་ཚུགས་ནས་ལོ་འཁོར90ལོན་པའི་རྗེས་དྲན་སྙན་ཞུ་ཚོགས་འདུ་བསྡུས་པ་རེད།
མཚོ་ལྷོ་ཁུལ་ཨུའི་ལྟེ་གནས་ཚོགས་པའི་ཁུངས་མི་དང་། ཁུལ་ཨུའི་པུའུ་ཨུ་སོ་སོ། ཁུལ་ཐད་གཏོགས་སྡེ་ཁག་གི་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ་དང་དེ་མིན་ཞིང་ཆེན་དང་ཁུལ་གྱི་ཆབ་ཆར་སྡོད་པའི་ལས་ཁུངས་སོ་སོའི་ཁའོ་རིམ་པ་ཡན་གྱི་ལས་བྱེད་པས་སྙན་ཞུ་ལ་གསན་ཞིང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་འགོ་གཙོ་ཏུང་ཅེ་རིན་གྱིས་ཚོགས་འདུ་ལ་མདོ་འཛིན་མཛད།
“ལོ90སྔོན་ལ་ཏང་དབུ་ཚུགས་པ་དེས་ཀྲུང་གོའི་གསར་བརྗེ་ཡི་ཁ་ཕྱོགས་རྩ་བ་ནས་བསྒྱུར་ཐུབ་པ་བྱུང་ཞིང་། 1921ལོའི་ཟླ7པའི་ཚེས23ཉིན། ཧྲང་ཧེ་གྲོང་ཁྱེར་དུ་བསྐོང་ཚོགས་བྱས་པའི་ཀྲུང་གུང་ཚོགས་ཆེན་དང་པོའི་སྟེང་དུ། ཏང་གི་འཐུས་མི13གྱིས་རང་གི་འགྱུར་མེད་ལྷག་བསམ་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛིན་དང་གྲོས་ཆོད་ཐོག་མ་གཏན་འབེབས་མཛད་པ་དང་། རྩ་འཛིན་ནང་དུ་ཏང་གི་མིང་ལ་ཀྲུང་གོ་གུང་ཁྲན་ཏང་ཞེས་གཏན་ཕབས་གནང་” སྙན་ཞུ་ཚོགས་འདུའི་སྟེང་དུ་སློབ་དཔོན་ཆེན་མོ་མྰ་ཞའོ་ཆིན་ལགས་ཀྱི་ཡིད་དབང་འཕྲོག་པའི་འགོ་བརྗོད་གཏམ་བཤད་ཀྱིས་ཡུལ་དངོས་ན་ཡོད་པའི་ཉན་མཁན་རྣམས་ཀྱི་ལྷང་ལྷང་གི་ཐལ་མོའི་རྡེབ་སྒྲ་བསླངས་ཤིང་། ཚང་མས་གང་མགྱོགས་ཀྱིས་ཟིན་དེབ་སྟེང་དུ་ཟིན་བྲིས་འགོད་བཞིན་འདུག དགེ་རྒན་ཆེན་མོ་མྰ་ལགས་ཀྱིས་དཔེ་མཚོན་ལྡན་པའི་ལོ་རྒྱུས་དོན་རྐྱེན་གྱི་སྟེང་ནས་དོན་སྙིང་ཟབ་ཅིང་གོ་བདེ་བས་《ཏང་གི་ལོ་རྒྱུས་ཁྲོད་ནས་ཤེས་རབ་དང་སྟོབས་ཤུགས་ལེན་པ》ཞེས་པའི་བརྗོད་བྱ་ཟབ་མོ་འདིར་འགྲེལ་བཤད་བརྒྱབ་པ་དང་། དུས་མཚུངས་སུ། ཁོང་གིས་མཚོ་ལྷོའི་འཕེལ་རྒྱས་ཀྱི་དངོས་ཡོད་གནས་བབ་ལ་རྐང་བཙུགས་ཏེ། ཚང་མས་དེ་རིང་གི་བདེ་སྐྱིད་འཚོ་བར་སྔར་ལས་གཅེས་འཛིན་བྱེད་དགོས་ཤིང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་སྙེག་པ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པའི་འབོད་སྐུལ་བཏང་།
ཚོགས་ཞུགས་མི་སྣ་ཀུན་གྱིས་ཏང་དབུ་བརྙེས་ནས་ལོ་འཁོར90ལོན་པའི་རྗེས་དྲན་བྱ་འགུལ་འདི་བརྒྱུད་ནས། གུང་ཁྲན་ཏང་གི་ལོ་རྒྱུས་ལ་ནན་ཏན་གྱིས་སློབ་སྦྱོང་བྱ་རྒྱུ་ཡིན་པ་དང་། གསར་བརྗེ་སྔོན་རབས་པའི་རླབས་ཆེན་མཛད་རྗེས་ཀྱིས་རང་ཉིད་ལ་སྐུལ་སློང་བྱས་ཏེ་ལྷག་བསམ་རྣམ་དག་གིས་མཚོ་ལྷོའི་ལྔའི་བཅུ་གཉིས་ཀྱི་འཕེལ་རྒྱས་དམིགས་འབེན་མངོན་དུ་འགྱུར་བར་རང་གི་སྟོབས་ཤུགས་འབུལ་རྒྱུ་ཡིན་པའི་ཆོད་སེམས་བསྟན།
ལྷ་འབྲུག་རྒྱལ་གྱིས་སྒྲིག་བསྒྱུར་བྱས།