logo

༄༅།།མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་བསྡུས།

རྩོམ་པ་པོ།:ལྷ་འབྲུག་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-01-08 ཀློག་གྲངས།:
མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་བསྡུས།
སྤྱི་ཟླ1པོའི་ཚེས8ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་དེ་མཚོ་ལྷོ་ཁུལ་གྲོས་ཚོགས་ལྟེ་གནས་སུ་བསྡུས་ཤིང་། ཞུགས་འོས་པའི་འཐུས་མི249དང་དངོས་ཞུགས་འཐུས་མི211ཡིན་ལ། གཏན་འཁེལ་གྱི་མི་གྲངས་དང་མཐུན།
མགོ་རྩོམ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲང་ཝུན་ཁོས་དང་ཝང་ཅན་མིན། ཀླུ་འབུམ་རྒྱལ། གསེར་མཚོ། ལིན་ཆིན་ཅི། དབྱང་ཀྲོའོ་ཆིན། ཚེ་རིང་ཐར། ལི་ཅན་ཆི། ལི་སུང་སིན་རྣམས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་ནས་བཞུགས་ལ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་མིན་གྱིས་ཚོགས་ཆེན་ལ་མདོ་འཛིན་མཛད།
གྲོས་ཚོགས་ལ་ཐོག་མར་ཁུལ་དཔོན་བསོད་ནམས་དོན་འགྲུབ་ཀྱིས་ཕུལ་བའི་མཚོ་ལྷོ་ཁུལ་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གསན་པ་དང་། མཚོ་ལྷོ་ཁུལ་གྱི2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད(འཆར་ཟིན)ཀྱི་སྙན་ཞུ་ལ་ཞིབ་བཤེར་དང་། མཚོ་ལྷོ་ཁུལ2019ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང2020ལོའི་ནོར་སྲིད་སྔོན་རྩིས(འཆར་ཟིན)ཀྱི་སྙན་ཞུ་ཞིབ་བཤེར་གནང་།
ཐོག་མར་ཁུལ་དཔོན་བསོད་ནམས་དོན་འགྲུབ་ཀྱིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ2019ལོའི་བྱ་བར་ཕྱི་མིག་ལྟ་བ་དང་། 2020ལོའི་བྱ་བའི་སྤྱིའི་བླང་བྱ། 2020ལོའི་བྱ་བའི་ལས་འགན་གཙོ་བོ་བཅས་ཁག་གསུམ་འདུས།
ཀླུ་འབུམ་རྒྱལ་གྱིས《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག(དག་བཅོས་འཆར་ཟིན)》སྐོར་ནས་གསལ་བཤད་གནང་།
ཁོང་གིས་བསྟན་དོན། 2019ལོར་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་དཀའ་ངལ་དང་ལྗིད་རྫོབ་ཆེ་བའི་འཕེལ་རྒྱས་ལས་འགན་གྱི་མདུན་དུ། ང་ཚོས་གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག  སྲིད་གཞུང་གི་ཏང་ཚོ་ཆུང་གི་ཚོགས་འདུ་དང་། རྒྱུན་ལས་ཚོགས་འདུ། དཔལ་འབྱོར་གནས་བབ་ཀྱི་དབྱེ་ཞིབ་ཚོགས་འདུ། སྐུལ་འདེད་ཚོགས་འདུ་བཅས་དུས་ཐོག་ཏུ་འཚོགས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་ཕྱོགས་བསྡུས་དབྱེ་ཞིབ་དང་རྗེས་སྙེག་ཞིབ་གཅོད་བྱས་པ་དང་། བྱ་བའི་རང་འགུལ་རང་བཞིན་དང་ཁ་གཏད་རང་བཞིན་རྒྱུན་མ་ཆད་པར་ཆེ་རུ་བཏང་སྟེ“ཉིན་བརྒྱའི་འགག་སྒྲོལ”དང་། “དུས་ཚིགས་ཡག་ཤོས་ཀྱི་མཉམ་འཐབ ”།“དབྱར་དུས་དང་སྟོན་དུས་ཀྱི་རྒོལ་ཐབས”།“མཇུག་ཡག་པོ་བསྡུ་བ་དང་འགོ་ཡག་པོ་འཛུགས་པ”སོགས་ཀྱི་བྱེད་སྒོ་ཏན་ཏིག་སྒོས་སྤེལ་ནས་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག་ཡར་ཐོན། ལྗང་མདོག་འཕེལ་རྒྱས་ལ་ཕན་འབྲས་ཐོན་པ། དམངས་འཚོ་ལེགས་བཅོས་ལ་སྤུས་ཚད་ཡོད་པ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། སྔོན་དཔག་བྱས་པ་ལྟར་ན་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང་སྒོར་དུང་ཕྱུར180ལེགས་འགྲུབ་བྱས་ནས7%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར160བཏང་ནས25.7%འཕར། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར10.16ཡིན་ལ། ཁྲལ་འཕྲི་རིན་གཅོག་གི་རྒྱུ་རྐྱེན་ཕུད་ན་བསྡོམས་རྩིས་ཐེངས་གོང་མ་ལས6.5%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱོད་འཐུས་ཡོང་འབབ་སོ་སོར 7.5%དང 9%འཕར་བ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད2.8%ཡས་མས་སུ་ཚོད་འཛིན་བྱས་ཡོད། ལོ་གཅིག་གི་རིང་ལ་ང་ཚོས་ལས་དོན་གཙོ་བོ་བསྒྲུབས་པ་གཤམ་གསལ་ལྟར་ཏེ། གཅིག་ནི་རྣམ་གྲངས་མ་འཇོག་ལ་ཚད་བརྒལ་གསར་པ་བྱུང་བ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་སྔར་བས་འཐུས་འཚང་དུ་སོང་བ། གཉིས་ནི་ཞིང་ཕྱུགས་ཐོན་ལས་ལ་རྣམ་པ་གསར་པ་མངོན་པ་དང་ཐོན་སྐྱེད་བྱེད་སྟངས་སྔར་བས་འགྱུར་ལྡོག་བྱུང་བ།  གསུམ་ནི་བཟོ་ལས་དཔལ་འབྱོར་ལ་འཕེལ་རྒྱས་གསར་པ་བྱུང་ནས་རིགས་སྒྱུར་རིམ་སྤོར་སྔར་བས་མགྱོགས་སུ་ཕྱིན་པ།  བཞི་ནི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཐད་རྣམ་པ་གསར་པ་བཏོད་དེ་ཡུལ་སྐོར་འཛད་སྤྱོད་སྔར་བས་ཆེ་རུ་ཕྱིན་པ། ལྔ་ནི་སྐྱེ་ཁམས་འཛུགས་སྐྱོང་ཐད་འཕེལ་རྒྱས་གསར་པ་བྱུང་ནས་ལྗང་མདོག་སྲུང་ཡོལ་སྔར་ལས་ཇེ་བརྟན་དུ་སོང་ཡོད། དྲུག་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་ས་ཁོངས་ཀྱི་རྣམ་པ་སྔར་ལས་ཇེ་ལེགས་སུ་ཕྱིན་པ། བདུན་ནི་གཅིག་སྡུད་འགག་སྒྲོལ་ལ་སླར་ཡང་དམག་འཐབ་ཀྱི་གྲུབ་འབྲས་གསར་པ་ཐོབ་པ་དང་དབུལ་སྒྲོལ་གྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ། བརྒྱད་ནི་སྤྱི་ཚོགས་ཀྱི་བྱ་གཞག་ལ་ཤུགས་སྣོན་གསར་པ་ཐེབས་པ་དང་དམངས་འཚོའི་བདེ་སྐྱིད་སྔར་བས་ཆེ་རུ་ཕྱིན་པ། དགུ་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་གོམ་སྟབས་གསར་པ་སྤོས་པ་དང་གསར་གཏོད་ཀྱི་གསོན་ཤུགས་སྔར་ལས་ཇེ་དྲག་ཏུ་སོང་བ།
2020ལོའི་བྱ་བའི་སྤྱིའི་བླང་བྱ།
2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“ལྔའི་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་ཡིན་ལ། ང་ཚོས“རྦབ་རྡོ་གྱེན་དུ་འདེད་པའི”ངར་སེམས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན་པས་སྲིད་གཞུང་གི་ལས་དོན་ཁག་ཡག་པོ་སྒྲུབ་པའི་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན། སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་མོ་བཅས་ལག་ལེན་མཐར་ཕྱིན་མཐའ་གཅིག་ཏུ་བསྟར་བ། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་དང་། གསར་གཏོད་སྤུས་འདེགས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་རྒྱུན་འཁྱོངས། བཅོས་སྒྱུར་སྒོ་འབྱེད་སྒུལ་ཤུགས་སུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་ལེགས་བཅོས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བ་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང“ལྔའི་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་རྒྱུར་འགན་ལེན་བྱེད་དགོས།
2020ལོའི་བྱ་བའི་ལས་འགན་གཙོ་བོ། 
2020ལོའི་འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམིགས་ཏེ། ང་ཚོས་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ཐོག  ཡིད་ཆེས་བརྟན་པོ་དང་། ངེས་ཤུགས་རྒྱུན་འཁྱོངས། གཙོ་གནད་འབུར་ཐོན། འགག་གནད་དམ་འཛིན། རང་འགུལ་དམ་འཛིན། མཐུན་སྦྱོར་ལ་ཤུགས་སྣོན་བཅས་བྱས་ཏེ་གཤམ་གསལ་ཕྱོགས་དགུའི་ཐད་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་ལེགས་པོར་བསྒྲུབ་དགོས་པ་སྟེ། 
གཅིག་ནས་གོམ་མཉམ་འབྱོར་འབྲིང་དམིགས་ཡུལ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རང་སྐྱོང་ཁུལ་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པ། གཉིས་ནས་མཛེས་སྡུག་ལྡན་པའི་འཚོ་བ་ཁ་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ལ་ནུས་ཤུགས་ཡོད་རྒུས་རྒྱལ་ཁ་ལེན་དགོས། གསུམ་ནས་གྲུབ་ཆ་ལེགས་སྒྲིག་གཙོ་རྐང་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཐོན་ལས་ཀྱི་རིགས་སྒྱུར་རིམ་སྤོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། བཞི་ནས་རྣམ་གྲངས་ཀྱི་མ་འཇོག་འདེགས་སྐྱོར་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བརྟན་པོའི་ངང་འཕར་བའི་རྨང་གཞི་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་དགོས། ལྔ་ནས་གྲོང་གསེབ་དར་རྒྱས་གཏོང་བ་བྱེད་ཐབས་སུ་བརྟེན་པ་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། དྲུག་ནས་བཅོས་སྒྱུར་སྒོ་འབྱེད་སྣེ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས། བདུན་ནས་དམངས་འཚོའི་བདེ་རྩ་རྩ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། བརྒྱད་ནས་བཅོས་སྐྱོང་གསར་གཏོད་བྱ་རྒྱུ་འགན་ལེན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་འཆམ་མཐུན་བརྟན་ལྷིང་གི་རྣམ་པ་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་གཏོང་དགོས། དགུ་ནས་མི་དམངས་བློ་ཡིད་ཚིམ་ཚད་ཚད་གཞིར་འཛིན་པ་མཐའ་འཁྱོངས་བྱས་ཏེ་སྲིད་གཞུང་གི་འགན་ནུས་བསྒྱུར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། 
ཕུགས་འདུན་ནི་འབད་འཐབ་ལ་བརྟེན་ནས་མངོན་འགྱུར་དང་འོད་སྟོང་འབར་བའི་གྲུབ་འབྲས་ནི་དངོས་སྒྲུབ་ལ་བརྟེན་ནས་ཐོབ་པ་ཞིག་ཡིན་པས ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་བཀའ་དྲིན་ཚོར་ནས་མདུན་སྐྱོད་བྱས་ཐོག  འབད་བརྩོན་པ་ཞིག་གི་སྙིང་སྟོབས་སྐྱེད་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་ཞིང་རྒྱུན་མཐུད་ངང་གོང་དུ་འཕེལ་བར་སྐུལ་འདེད་མཐའ་གཅིག་ཏུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁའི་ཕུ་ཐག་གཅོད་པ་དང་དེང་རབས་ཅན་གྱི་མཚོ་ལྷོ་གསར་པའི་རྒྱང་སྐྱོད་ལམ་བུ་ཧུར་ཐག་གིས་གཏོད་ཕྱིར་འབད་འབུངས་ལྷོད་མེད་བྱེད་དགོས།
འབྲེལ་ཡོད་འོས་སྦྱོར།