logo

༄༅།།རྩ་ཁྲིམས་ཀྱི་གཞི་རྩའི་ཤེས་བྱ།(༢)

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། དུས་ཚོད།:2020-12-04 ཀློག་གྲངས།:
4. ཀྲུང་གོ་གསར་པའི་རྩ་ཁྲིམས་བཞི།
      ཀྲུང་གོ་གསར་པའི་རྩ་ཁྲིམས་བཞི་ནི་རྒྱལ་ཁབ་བཙུགས་པ་ནས་བཟུང་རང་རྒྱལ་གྱིས་རྩ་ཁྲིམས་བཞི་སྒྲིག་བཟོ་བྱས་ཡོད། ད་ལྟ་སྤྱོད་བཞིན་པའི་རྩ་ཁྲིམས་ལ1982ལོའི་ཟླ12པའི་ཚེས4ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་བའི་གྲོས་ཚོགས་ཐེངས་ལྔ་བའི་ཐོག་གྲོས་འཆམ་བྱུང་ཞིང་། ལག་ལེན་དུ་བསྟར་ཚུན་ཁྱོན་བསྡོམས་བཟོ་བཅོས་ཐེངས་བཞི་བྱས་ནས་དག་བཅོས་འཆར་ཟིན་དོན་ཚན31ཁྱབ་བསྒྲགས་བྱས་ཡོད། 
5. རྩ་ཁྲིམས་ཀྱི་གླེང་གཞིའི་ནུས་པ།
      རྩ་ཁྲིམས་ཀྱི་མགོ་བརྗོད་ནི་རྩ་ཁྲིམས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཞིང་། སྤྱིར་ན་རྩ་ཁྲིམས་ཀྱི་ཐོག་མའི་ཆ་ཤས་སུ་བཞག་ཡོད་ལ་རྩོམ་ཡོངས་བཀོད་འདོམས་ཀྱི་ནུས་པ་ལྡན་ཡོད།
      (1) དེ་ནི་རྒྱལ་ཁབ་ཀྱི་བསྒྲགས་གཏམ་ཡིག་ཆ་ཡིན་ཞིང་། རྒྱལ་ཁབ་དེ་ཉིད་ཀྱི་ཆབ་སྲིད་བཙུགས་པ་ཁྱབ་བསྒྲགས་དང་། རྒྱལ་ཁབ་དེ་ཉིད་ཀྱི་སྤྱི་དམངས་ཀྱི་ཁེ་དབང་དང་རང་དབང་སྐོར་གྱི་གཞི་རྩའི་སྙིང་དོན་ཁྱབ་བསྒྲགས་བྱ་རྒྱུ། 
      (2) དེ་ནི་རྒྱལ་ཁབ་ཀྱི་སྤྱིའི་རྩ་འཛིན་ཡིན་ཞིང་། ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་ནང་གི་རྒྱལ་ཁབ་ཅིག་གི་རྩ་བའི་ལས་འགན་གཏན་འབེབས་བྱས་པ་རེད། 
      (3) དེས་རྒྱལ་ཁབ་ཅིག་གི་གཞི་རྩའི་རྩ་དོན་གཏན་འབེབས་བྱས་ཡོད་པས། རྩ་ཁྲིམས་ཀྱི་ཚད་གཞི་ཞིབ་ཕྲ་དང་། བཅའ་ཁྲིམས་ཕལ་བའི་རྩ་དོན། ཚད་གཞི་གཏན་འབེབས་དང་ལག་བསྟར་བྱེད་པར་ཁྲིད་སྟོན་གྱི་ནུས་པ་ཐོན་གྱིན་ཡོད།
6. རང་རྒྱལ་གྱི་རྩ་ཁྲིམས་ནང་གཏན་ལ་ཕབ་པའི་རྒྱལ་ཁབ་ཀྱི་གཞི་རྩའི་ལམ་ལུགས།
      ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ནང་གཏན་ལ་ཕབ་པའི་རྒྱལ་ཁབ་ཀྱི་གཞི་རྩའི་ལམ་ལུགས་གཙོ་བོ་གཤམ་གསལ་ལྟར། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ལམ་ལུགས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས། འདེམས་བསྐོའི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། དམིགས་བསལ་སྲིད་འཛིན་ཁུལ་གྱི་ལམ་ལུགས་སོགས་གཏན་འབེབས་བྱས་པའི་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན། རང་རྒྱལ་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ཀྱི་ལེའུ་གཉིས་པས་སྤྱི་དམངས་ཀྱི་གཞི་རྩའི་དབང་ཆ་དང་འོས་འགན་ལ་ཆེད་དུ་གཏན་འབེབས་བྱས་ཡོད། སྤྱི་དམངས་ལ་དབང་ཆ་རྒྱ་ཆེན་པོ་སྤྲད། གཙོ་བོ་ནི་གཤམ་གསལ་ལྟར།
  (1)འདྲ་མཉམ་གྱི་དབང་ཆ།
      གཞི་རྩའི་ནང་དོན་དུ་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་། ཕྱོགས་རིས་ཀྱི་ལྟ་སྟངས་བཟུང་མི་ཆོག 
  (2)ཆབ་སྲིད་ཀྱི་ཁེ་དབང་།
      ཆབ་སྲིད་ཀྱི་ཁེ་དབང་ཞེས་པ་ནི་སྤྱི་དམངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་ཞུགས་སྲིད་པའི་བྱ་སྤྱོད་ལ་ཕྱོགས་གཉིས་ཡོད་དེ། འདེམས་བྱེད་ཀྱི་དབང་ཆ་དང་གདམ་བྱའི་དབང་ཆ་དང་། གཏམ་བརྗོད་དང་། དཔེ་སྐྲུན། འདུ་ཚོགས། ཚོགས་འཛུགས། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པའི་རང་དབང་།
  (3)ཆོས་ལུགས་དད་མོས་རང་དབང་།
      སྤྱི་དམངས་ལ་ཆོས་ལུགས་ལ་དད་མོས་བྱེད་པའི་རང་དབང་ཡོད་ལ། ཆོས་ལུགས་ལ་མི་དད་པའི་རང་དབང་ཡང་ཡོད། ཆོས་ལུགས་འདིར་དད་པ་བྱེད་པའི་རང་དབང་ཡོད་ལ། ཆོས་ལུགས་གཞན་དེར་དད་པ་བྱེད་པའི་རང་དབང་ཡང་ཡོད།
  (4)མི་ལུས་རང་དབང་།
      རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་མི་ལུས་རང་དབང་ལ་ནང་དོན་བཞི་ཚུད་ཡོད་པ་སྟེ། མི་ལུས་རང་དབང་ལ་གནོད་འཚེ་གཏང་མི་ཆོག་པ་དང་། སྤྱི་དམངས་ཀྱི་མིའི་ཐོབ་ཐང་དང་ལ་རྒྱར་བཙན་གནོད་བྱས་མི་ཆོག  སྡོད་ཁང་བདེ་སྲུང་བྱེད་དབང་། སྤྱི་དམངས་ཀྱི་འཕྲིན་གཏོང་རང་དབང་དང་འཕྲིན་གཏོང་གསང་དོན་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ།
  (5)སྤྱི་ཚོགས་དཔལ་འབྱོར་གྱི་ཁེ་དབང་།
      སྤྱི་དམངས་ཀྱིས་རྩ་ཁྲིམས་ཀྱི་གཏན་འབེབས་ལྟར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་དངོས་པོའི་ཁེ་ཕན་གྱི་ཁེ་དབང་ལ་ཟེར། སྤྱི་དམངས་ཀྱིས་ཁེ་དབང་གཞན་དག་མངོན་འགྱུར་བྱེད་པའི་དངོས་པོའི་སྟེང་གི་འགན་སྲུང་ཡིན་ལ། གཙོ་བོ་ངལ་རྩོལ་གྱི་དབང་ཆ་དང་། ངལ་གསོའི་དབང་ཆ། དངོས་པོའི་རོགས་རམ་དབང་ཆ་བཅས་འདུས།
  (6)རིག་གནས་སློབ་གསོའི་ཁེ་དབང་།
      གཙོ་བོ་སློབ་གསོའི་ཕྱོགས་ཀྱི་དབང་ཆ་དང་རིག་གནས་བྱ་འགུལ་ཕྱོགས་ཀྱི་དབང་ཆ་འདུས་ལ། གཙོ་བོ་སློབ་གསོ་མྱོང་བའི་དབང་ཆ་དང་། ཚན་རིག་ཞིབ་འཇུག་རང་དབང་། རིག་རྩལ་གསར་རྩོམ་སོགས་ཀྱི་དབང་ཆ་ཡོད།
  (7)ལྟ་སྐུལ་དབང་ཆ།
      རྩ་ཁྲིམས་ནང་གཏན་འབེབས་གསལ་པོ་བྱས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་རྒྱལ་ཁབ་ཀྱི་ལས་ཁུངས་གང་ཞིག་དང་རྒྱལ་ཁབ་ཀྱི་ལས་བྱེད་པ་སུ་ཞིག་ལའང་སྐྱོན་བརྗོད་དང་བསམ་འཆར་འདོན་པའི་དབང་ཆ་ཡོད་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་ལས་ཁུངས་ལ་རྒྱུ་མཚན་ཞུ་འབུལ་དང་། ཞུ་གཏུག་ཐེར་འདོན་བཅས་བྱེད་པའི་དབང་ཆ་ཡོད། རང་རྒྱལ་སྤྱི་དམངས་ཀྱི་གཞི་རྩའི་འོས་འགན་ལ་གཙོ་བོ་གཤམ་གྱི་ནང་དོན་དག་འདུས་ཏེ།
      1️⃣ རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་དགོས།
      2️⃣ རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་། རྒྱལ་ཁབ་ཀྱི་གསང་དོན་དམ་སྲུང་། སྤྱི་པའི་རྒྱུ་ནོར་ལ་གཅེས་སྤྲས་དང་། ངལ་རྩོལ་གྱི་སྒྲིག་ཁྲིམས་ལ་བརྩི་སྲུང་། སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ལ་བརྩི་འཇོག་བཅས་བྱ་རྒྱུ།
      3️⃣ མེས་རྒྱལ་གྱི་བདེ་འཇགས་དང་། མཚན་སྙན། ཁེ་ཕན་བཅས་སྲུང་སྐྱོང་བྱ་དགོས།
      4️⃣ མེས་རྒྱལ་སྲུང་སྐྱོབ། ཁྲིམས་ལྟར་དམག་སྐུལ་དང་ལེན་དང་ཡུལ་དམག་རྩ་འཛུགས་ལ་ཞུགས་པ།
      5️⃣ ཁྲིམས་ལྟར་ཁྲལ་འཇལ་བའི་འོས་འགན་བཅས་སོ། །
7. རྩ་ཁྲིམས་སུ་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་ལས་ཁུངས།
      རྩ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། རང་རྒྱལ་གྱི་རྒྱལ་ཁབ་ལས་ཁུངས་ལ་ཀྲུང་དབྱང་རིམ་པའི་རྒྱལ་ཁབ་ཀྱི་ལས་ཁུངས་དང་ས་གནས་རིམ་པའི་རྒྱལ་ཁབ་ཀྱི་ལས་ཁུངས་གཉིས་ཡོད། ཀྲུང་དབྱང་རིམ་པའི་རྒྱལ་ཁབ་ལས་ཁུངས་སུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཚུད་ཡོད། ས་གནས་རིམ་པའི་རྒྱལ་ཁབ་ཀྱི་ལས་ཁུངས་སུ་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག ས་གནས་ཀྱི་མི་དམངས་ཁྲིམས་ཁང་རིམ་པ་ཁག ས་གནས་རིམ་པ་ཁག་གི་མི་དམངས་ཞིབ་དཔྱོད་ཁང་། དེ་བཞིན་མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་བཅས་ཚུད་ཡོད། རང་རྒྱལ་གྱི་རྒྱལ་ཁབ་ལས་ཁུངས་སོ་སོས་རྩ་འཛུགས་དང་འཁོར་སྐྱོད་མ་ལག་ཐོག་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་དང་། ཁྲིམས་སྐྱོང་གི་རྩ་དོན། འགན་འཁྲིའི་ལམ་ལུགས། ལས་ཆོད་ཀྱི་རྩ་དོན་བཅས་བརྩི་སྲུང་བྱེད་པ་ཡིན།
8.རྩ་ཁྲིམས་ཀྱི་ལྟ་སྐུལ་ལམ་ལུགས།
      རྩ་ཁྲིམས་ཀྱི་ལྟ་སྐུལ་ལམ་ལུགས་ནི་བྱེད་པོ་ངེས་ཅན་ཞིག་གིས་རྩ་ཁྲིམས་ཀྱི་ལས་རིམ་ལྟར་རྩ་ཁྲིམས་ཀྱི་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་ལམ་ལུགས་ཁག་གི་སྤྱི་སྡོམ་ཡིན། རང་རྒྱལ་གྱིས་ད་ལྟ་སྤྱོད་བཞིན་པའི་རྩ་ཁྲིམས་སུ་ཆེས་མཐོའི་དབང་འཛིན་ལས་ཁུངས་ཀྱིས་རྩ་ཁྲིམས་ལག་བསྟར་གནས་ཚུལ་ལ་ལྟ་སྐུལ་བྱེད་པའི་སྒྲིག་སྲོལ་སྤྱོད་དགོས་པ་སྟེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་ཀྱི་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་འགན་དབང་སྤྱོད་དགོས།
9.སྲིད་ལུགས།
      སྲིད་དབང་རྩ་འཛུགས་ཀྱི་རྣམ་པ་ཞིག་སྟེ་སྤྱིར་བཏང་དུ་རྒྱལ་ཁབ་ཅིག་གི་སྲིད་ལུགས་ལ་གོ དབང་སྒྱུར་གྱི་ཁེ་དབང་མངོན་འགྱུར་བྱེད་པའི་སྲིད་དབང་གི་སྒྲིག་སྲོལ་དང་ཡང་ན་རྒྱལ་ཁབ་ཀྱི་དབང་ཆ་མཚོན་པའི་ཆབ་སྲིད་ཀྱི་ལམ་ལུགས་ལ་ཟེར། སྲིད་དབང་གི་རྩ་འཛུགས་རྣམ་པ་དེ་སྐབས་འགར་རྒྱལ་ཁབ་ཅིག་གི་ཆབ་སྲིད་ལམ་ལུགས་ཞེས་ཀྱང་ཟེར་གྱིན་ཡོད། རང་རྒྱལ་གྱི་སྲིད་དབང་གི་རྩ་འཛུགས་རྣམ་པ་ནི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ཡིན་ཞིང་། དེའི་རྩ་དོན་ནི་དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས་དང་། རྣམ་པ་ནི་དམངས་གཙོ་རྣམ་པའི་འཐུས་མིའི་ལམ་ལུགས་ཡིན།
10. གཞི་རིམ་གྱི་མང་ཚོགས་རང་བཞིན་ལྡན་པའི་རང་སྐྱོང་རྩ་འཛུགས་ཀྱི་ཁྱད་ཆོས།
      (1) མང་ཚོགས་རང་བཞིན།
      གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ནི་སྡོད་གནས་ངེས་ཅན་ཞིག་གི་ཁྱབ་ཁོངས་ནང་གི་གྲོང་མི(སྡེ་མི)ཡི་སྤྱི་ཚོགས་འཚོ་བའི་ཐུན་མོང་གི་དགོས་མཁོ་ལྟར་བཙུགས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་སྡོད་གནས་ཀྱི་ཁྱབ་ཁོངས་ནང་གི་སྤྱི་པའི་ལས་དོན་དང་སྤྱི་ཕན་བྱ་གཞག་ཐད་ཀྱི་སྤྱི་ཚོགས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན།
      (2) རང་སྐྱོང་རང་བཞིན། 
      གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ནི་རྒྱལ་ཁབ་ལས་ཁུངས་མིན་ལ། རྒྱལ་ཁབ་ལས་ཁུངས་ཀྱི་ཁོངས་གཏོགས་སམ་འོག་རིམ་རྩ་འཛུགས་ཀྱང་མིན་ལ། སྡོད་གནས་ཀྱི་ཁྱབ་ཁོངས་ནང་གི་སྤྱི་ཚོགས་རྩ་འཛུགས་གཞན་གང་རུང་ཞིག་གི་ཁོངས་སུའང་མི་གཏོགས་པས། རང་ཉིད་ཀྱི་རྩ་འཛུགས་ཐོག་གི་རང་ཚུགས་རང་བཞིན་ཡོད།
      (3) གཞི་རིམ་རང་བཞིན།    གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དེ་སྡོད་གནས་ཀྱི་ཁྱབ་ཁོངས་ཁོ་ནར་གནས་པའི་གཞི་རིམ་གྱི་སྡེ་ཁུལ་དུ་ལས་ཀ་བྱེད་པ་ཚང་མ་ནི་ཡུལ་མིའི་སྡོད་གནས་ཀྱི་ཁྱབ་ཁོངས་ནང་གི་སྡེ་ཁུལ་གྱི་སྤྱི་པའི་ལས་དོན་དང་སྤྱི་ཕན་བྱ་གཞག་ཡིན།
11. རྒྱལ་ཁབ་ཀྱིས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་འཛིན་པའི་སྲིད་ཇུས།
      རྒྱལ་ཁབ་ཀྱིས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་འཛིན་པའི་སྲིད་ཇུས་ནི་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་ཁྲིམས་ལྟར་ལྟ་སྐུལ་དང་དོ་དམ་ཡང་བྱ་དགོས།
12. རྒྱལ་ཁོངས་ཀྱི་གོ་དོན།
      རྒྱལ་ཁོངས་ཞེས་པ་ནི་རྩ་ཁྲིམས་ཐོག་མི་ཞིག་རྒྱལ་ཁབ་ཅིག་ལ་གཏོགས་པའི་བཅའ་ཁྲིམས་ཐོག་གི་ཐོབ་ཐང་ལ་ཟེར། རང་རྒྱལ་གྱི་རྒྱལ་ཁོངས་ཐོབ་སྟངས་ལ་རིགས་གཉིས་ཡོད་དེ། སྐྱེས་པའི་རྒྱལ་ཁོངས་དང་ཤུལ་འཛིན་རྒྱལ་ཁོངས་ཡིན།
13. ཆབ་སྲིད་རང་དབང་གི་གོ་དོན།
      ཆབ་སྲིད་རང་དབང་ཞེས་པ་ནི་སྤྱི་དམངས་ཀྱིས་རང་ཉིད་ཀྱི་ཆབ་སྲིད་འདོད་བློ་མཚོན་པར་བྱེད་པའི་རང་དབང་ལ་ཟེར། དེའི་ནང་གཏམ་བརྗོད་དང་། དཔེ་སྐྲུན། འདུ་ཚོགས།ཚོགས་འཛུགས།ཁྲོམ་སྐོར། རྔམ་སྟོན་སོགས་ཐད་ཀྱི་རང་དབང་ཚུད་ཡོད།
14. མི་ལུས་རང་དབང་།
      མི་ལུས་རང་དབང་ཞེས་པ་ནི་སྤྱི་དམངས་སྒེར་གྱི་ལུས་ཁམས་ལ་ཁྲིམས་འགལ་གྱི་གནོད་འཚེ་དང་ཚོད་འཛིན་མི་ཐེབས་པའི་རང་དབང་ལ་ཟེར་ཞིང་། དེ་ནི་སྤྱི་དམངས་རྣམས་སྤྱི་ཚོགས་ཀྱི་བྱེད་སྒོ་སྣ་ཚོགས་ལ་དངོས་སུ་ཞུགས་རྒྱུ་དང་ཁེ་དབང་གཞན་དག་དངོས་སུ་ལོངས་སྤྱོད་བྱ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། སྤྱི་དམངས་སྒེར་གྱི་རང་གཤིས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཀྱང་ཡིན། སྒྲ་དོག་འཇུག་གི་མི་ལུས་རང་དབང་ཞེས་པ་ནི་གཙོ་བོ་སྤྱི་དམངས་ཀྱི་ལུས་ཁམས་ལ་ཁྲིམས་འགལ་གྱི་བཙན་གནོད་མི་ཕོག་པ་དང་། སྒྲ་ཡངས་འཇུག་གི་མི་ལུས་རང་དབང་ནང་ད་དུང་སྒྲ་དོག་འཇུག་གི་མི་ལུས་རང་དབང་དང་འབྲེལ་བ་ཡོད་པའི་མི་གཤིས་ལ་རྒྱ་དང་། སྡོད་ཁང་ལ་གནོད་འཚེ་མི་ཕོག་པ། འཕྲིན་གཏོང་གི་རང་དབང་། འཕྲིན་གཏོང་གི་གསང་བ་སོགས་སྤྱི་དམངས་མི་སྒེར་གྱི་སྒེར་གྱི་འཚོ་བ་དང་འབྲེལ་བ་ཡོད་པའི་དབང་ཆ་དང་རང་དབང་ཚུད་ཡོད།
འབྲེལ་ཡོད་འོས་སྦྱོར།