logo

ཡོངས་འཛིན་མ་ལག་བརྒྱུད་ནས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2021-12-22 ཀློག་གྲངས།:
        “ཡོངས་འཛིན”བོད་ཡིག་འཚོལ་བཤེར་མ་ལག་སྟེགས་བུ་ནི་གོ་ལ་ཧྲིལ་པོའི་བོད་ཡིག་འཚོལ་བཤེར་མ་ལག་དང་པོ་དེ་ཡིན་པ་དང་རང་རྒྱལ་གྱི་བོད་ཡིག་དྲ་ཚིགས་ཆེ་གྲས་ཁག་གི་གཅིག་གྱུར་གྱི་འཇུག་སྒོ་ཞིག་ཀྱང་རེད། མིག་སྔར་མ་ལག་འདི་ཉིད་སྤྱོད་མཁན་དུང་ཕྱུར50ལས་བརྒལ་བ་དང་སྤྱོད་མཁན་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས34དང་། དེ་བཞིན་རྒྱལ་ཁབ་དང་ས་ཁུལ70ལྷག་ཙམ་ལ་ཁྱབ་པའི་བོད་འབྲེལ་ས་ཁུལ་གྱི་དྲ་རྒྱའི་དྲིལ་བསྒྲགས་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད།
        ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་རྗེས། མཚོ་ལྷོ་ཁུལ་གྱིས“ཡོངས་འཛིན”ལས་སྟེགས་ཀྱི་ཁྱབ་ཁོངས་དང་ལག་རྩལ།“སྤུས་རྟགས”བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། གྲོས་ཚོགས་ཐེངས་དྲུག་པའི་བརྗོད་བྱ་གཙོ་བོ་དེར་དམ་པོར་དམིགས་ནས་བོད་ཡིག་སྤྱོད་མཁན་གྱི་དགོས་མཁོར་གཞི་ཚུགས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་སྤེལ་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་གསར་བརྗེ་བྱས་ནས་བོད་འབྲེལ་ས་ཁུལ་གྱི་ལས་བྱེད་མང་ཚོགས་ཚོར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུར་སྟབས་བདེ་ལ་འགྲོས་མྱུར་བའི་ཐབས་ལམ་བཏོད་པ་དེ་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གདེང་འཇོག་བཟང་པོ་ཐོབ།
        “ཡོངས་འཛིན”ལས་སྟེགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དུས་ཐོག་ཏུ་འདོན་པ་དང་ཞིབ་བསྡུར་བྱེད་པ། རྩོམ་སྒྲིག་བྱེད་པ། ཡིག་སྒྱུར་བྱེད་པ་བཅས་ཀྱི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་འགུལ་རྣམ་རང་བཞིན་གྱི་ཚིག་དོན་ལ་གསལ་འགྲེལ་བྱས་པ་དང་། མིག་སྔའི་བར«སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གསལ་འགྲེལ»དང«ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་གྲོས་ཆོད་ཀྱི་དོན་སྙིང་གལ་ཆེན»སོགས་བརྙན་དང་སྒྲ3206ལྷག་ལེགས་སྒྲིག་བྱས། «སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་གི་ཆེད་སྒྲིག་ལེ་ཚན»དང་།«སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ནང་དོན་གཙོ་བོ་དག་བཅོས»«ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་གཙོ་གནད་གསལ་བཤད»སོགས་ཆེད་དོན་ལེ་ཚན་འདོན་ཐེངས12བཟོས་ནས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་བོད་ཡིག་གི་དཔྱད་གཞིའི་ཡིག་མཛོད་འཐུས་ཚང་དུ་བཏང་ཡོད་པ་རེད།
        མིག་སྔའི་བར“ཡོངས་འཛིན”འཚོལ་བཤེར་ལས་གསར་འགྱུར་དང་ཤེས་བྱ་ཀུན་འཛོམས། བརྙན་ལམ་སོགས་ཁག་བརྒྱད་ནས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་ཆ་འཕྲིན11436ལྷག་ལེགས་སྒྲིག་བྱས་ཡོད་ལ་། “སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ”དང་།“ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་གི་གྲོས་ཆོད”“སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས”བཅས་ཀྱི་རྒྱུག་ཆེ་བའི་མིང་ཚིག་དག་སྒྲིག་བྱས་ནས་འཚོལ་བཤེར་བྱེད་པར་སྟབས་བདེ་བཟོས་ཏེ་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དེ་བོད་འབྲེལ་ས་ཁུལ་གྱི་དྲ་རྒྱར་དྲིལ་སྒྲོག་བྱེད་པའི་གླེང་ཕྱོགས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།