logo

མཚོ་ལྷོ་ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-01-07 ཀློག་གྲངས།:
        ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་རྒྱལ་ཁའི་ངང་འཚོགས། 
        ཟླ1པའི་ཚེས6ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་བཞི་བའི་ཨུ་ཡོན་ཚོགས་འདུ་ཐེངས་གཉིས་པ་ཆབ་ཆ་ནས་འཚོགས།
        ཚོགས་འདིའི་འགན་འཁྲི་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཤིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་གྲོང་གསེབ་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་དང་། 2021ལོའི་བྱ་བར་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་མིག་སྔའི་དུས་བབ་ལ་དབྱེ་ཞིབ་བྱས་ཏེ། 2022ལོའི་བྱ་བ་བཀོད་སྒྲིག་བྱས་ནས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་སྐུལ་སློང་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ་གུང་ཧོའི་ཁྱོན་ཡངས་པའི་གཤོང་ས་ཆེན་པོ་ལྗང་མདོག་དར་རྒྱས་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་བ་བསྐྲུན་དེ་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས་རྒྱུར་བསུ་མ་བྱ་རྒྱུ་དེ་རེད། 
ཚོགས་རའི་ཡུལ་དངོས།
        གྲོས་ཚོགས་ནི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་དང་། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས2021ལོའི་བྱ་བའི་སྙན་ཞུ་ཕུལ་བ་དང་འབྲེལ2022ལོའི་བྱ་བ་ལེགས་པར་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས2021ལོའི་དཔལ་འབྱོར་དང་སྤྱི་ཚོགས་བྱ་བར་ཕྱོགས་སྡོམ་དང2022ལོའི་དཔལ་འབྱོར་དང་སྤྱི་ཚོགས་བྱ་བ་བཀོད་སྒྲིག་གནང་བ་རེད།
        ཚང་འཛོམས་གྲོས་ཚོགས་ལས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2021ལོའི་བྱ་བར་ཁས་ལེན་གང་ལེགས་གནང་བ་དང་། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། “དར་རྒྱས་གཅིག་མངོན་འགྱུར་དང་། འགག་སྒྲོལ་གཉིས་བརྩོན་ལེན། མ་དཔེ་གསུམ་བསྐྲུན་པ། མདུན་གྲལ་དུ་བསྐྱོད་པ་བཞི་ལ་སྐུལ་འདེད་གཏོང་བ། མཐོར་འདེགས་མངོན་གསལ་ལྔ་ལ་སྐུལ་འདེད་གཏོང་བ”བཅས་ཀྱི“12345”ཡི་འབད་འཐབ་དམིགས་འབེན་བཏོན་པ་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་གྲུབ་འབྲས་བཟང་པོ་ཐོབ་པར་བྱ་དགོས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་གཙོ་འཛིན་ལ་དགའ་ཞེན་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་སྐུལ་མ་བཏང་། ཁུལ་དང་རྫོང་། ཤང་བཅས་ཀྱི་སྐབས་བརྗེའི་བྱ་བ་ཡོངས་སུ་ལེགས་གྲུབ་བྱུང་བ་དང་། གུང་ཧོའི་ཁྱོན་ཡངས་པའི་གཤོང་ས་ཆེན་པོ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་འཆར་གཞི་ལེགས་པོ་བཀོད་ལ། མཐུན་སྒྲིལ་ཡར་བརྩོན་དང་མཉམ་གྲོས་འཕེལ་རྒྱས་སུ་གཏོང་བའི་སྙིང་སྟོབས་གཅིག་ཏུ་བསྡུས་ནས། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། སྤུས་ཚད་མཐོ་བ། གྲུབ་ཚུལ་ལེགས་པ་བཅས་ཀྱི་ཚན་ཁག་བཟང་པོ་བདམས་པ་དང་། དངོས་གཉེར་ཡར་བརྩོན་དང་འགན་འཁུར་ཕོད་པའི་རྣམ་པ་བཟང་པོ་ཆགས་པར་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཆར་འགོད་བདེ་བླག་ངང་ལག་བསྟར་དང་ཕྱོགས་ཡོངས་ནས་ལོ་བརྒྱ་གཉིས་པའི་འབད་བརྩོན་དམིགས་འབེན་གྱི་རྒྱང་བསྐྱོད་ལམ་བུ་གསར་བར་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་འགན་སྲུང་མཁོ་འདོན་བྱ་དགོས།
ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་ཞུས།
        ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ལོ་གཅིག་གི་རིང་རྙོག་འཛིང་དང་ཛ་དྲག་ཆེ་བའི་ཕྱི་རོལ་གྱི་ཁོར་ཡུག་དང་དཀའ་ཚེགས་ཆེ་ཞིང་འགན་འཁྲི་ལྕི་བའི་འཕེལ་རྒྱས་ཀྱི་ལས་འགན་ལ་ཁ་གཏད་དེ། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་ཆེའི་ཏང་ཡོན་དང་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་ངེས་གནས་དང“བདེ་འཇགས་གསུམ”གྱི་འཐབ་ཇུས་ངེས་གནས་ཁོང་དུ་ཆུད་པ་དང་། བརྟན་པོའི་ངང་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་དོན་རྒྱུན་འཁྱོངས། ཞིང་ཆེན་ཏང་ཨུའི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་། དཀའ་ཁག་ལ་མི་འཛེམ་པར་མདུན་དུ་བསྐྱོད་པ། དུས་ངལ་མཉམ་སེལ། སྙིང་རུས་ཆེན་པོས་བརྩོན་ལེན་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རིམས་ནད་སྔོན་འགོག་ཚོད་འཛིན་གཅིག་གྱུར་འཆར་འགོད་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྣམ་པ་གསར་བ་ཆགས་པར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་ལ་བྱས་རྗེས་གསར་བ་བཞག་པས་དམངས་འཚོའི་བདེ་སྐྱིད་ལ་ཡར་རྒྱས་གསར་པ་བྱུང་བ་དང་མི་རིགས་མཐུན་སྒྲིལ་ལ་རྣམ་པ་གསར་བ་མངོན་ལ། བསམ་བློའི་རིག་གནས་དྲིལ་སྒྲོག་བྱ་བར་གྲུབ་འབྲས་གསར་བ་བླངས་པ་དང་རྩ་འཛུགས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་གསར་བ་བསྣན་ཏེ། ཏང་ལ་དོ་དམ་ནན་མོ་བྱས་ནས་ཏང་གི་བྱ་གཞག་ཁག་ལ་འཕེལ་རྒྱས་གསར་བ་བྱུང་ཡོད།
        ཚང་འཛོམས་གྲོས་ཚོགས་ལས2021ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་བྱ་བར་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་ཤིང་། འདས་ཟིན་པའི་ལོ་གཅིག་གི་ནང་ཛ་དྲག་དང་རྙོག་འཛིང་ཆེ་བའི་ཕྱི་རོལ་གྱི་ཁོར་ཡུག་དང་དཔལ་འབྱོར་སླར་གསོ་འཕེལ་རྒྱས་ཁྲོད་ཀྱི་འགལ་བ་དང་གནད་དོན་མང་པོའི་མདུན་དུ་ཁུལ་ཨུས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་ཁྱད་ལྡན་ཐོན་ལས་ཀྱི་ཡིག་ཚགས་རིམ་སྤོར་ལ་འདེགས་སྐྱོར་བྱས་ནས། འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་ཕྱིན། དམངས་ཚིས་འགན་སྲུང་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་ཕྱིན་པ་རེད། གྲུབ་འབྲས་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་དང་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ནས་སེམས་ཤུགས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ། མཐུན་སྒྲིལ་འབད་འཐབ་བཅས་བྱས་པའི་འབྲས་བུ་ཡིན་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས2021ལོའི་སྤྱི་ཚོགས་དཔལ་འབྱོར་གྱི་བྱ་བར་སྤྱི་སྡོམ་དང2022ལོའི་བྱ་བར་བཀོད་སྒྲིག་གནང་།
        ཚང་འཛོམས་གྲོས་ཚོགས་ལས་ད་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་ལེན་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན། ཁྱོན་ཡོངས་ནས་ཞིང་ཆེན་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་། དེ་མིན་རང་ཁུལ་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་བཅས་ལག་ལེན་དོན་འཁྱོལ་བྱ་རྒྱུ། རླབས་ཆེན་ཏང་འཛུགས་ཀྱི་དགོངས་དོན་དར་སྤེལ་དང་བརྟན་འཇགས་སྒོས་འཕེལ་རྒྱས་ཡོང་བའི་བྱ་བ་སྤྱིའི་རེ་འདུན་ལྟར། འཐུས་ཚང་དང་གནད་འཁེལ། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཟུང་སྟེ། འཕེལ་རྒྱས་གསར་བའི་ཚད་གཞིར་མཉམ་འདྲེས་དང་ཞབས་ཞུ་ལེགས་པོ་བསྒྲུབ་པ། རིམས་ནད་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། འཕེལ་རྒྱས་དང་བདེ་འཇགས་བཅས་ལ་སྤྱི་འདོམས་བྱས་ཏེ། བརྟན་པོ་དྲུག་དང་ཁག་ཐེག་དྲུག་གི་བྱ་བར་མུ་མཐུད་དུ་ཤུགས་སྣོན་བྱེད་པ། དུས་དང་མཐུན་པའི་སྒོ་ནས་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་འདོམས་བྱས་ཏེ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དམིགས་འབེན་དང་སྤུས་མཐོའི་འཕེལ་རྒྱས་ཐབས་ལམ་དུ་འཛིན་པ། བཅོས་སྒྱུརསྒོ་འབྱེད་སྒུལ་ཤུགས་སུ་འཛིན་པ་དང་ཐོན་ལས་ཆེན་པོ་བཞི་ཡིས་སྣེ་ཁྲིད་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་། ཁྱོན་ཡངས་པའི་གུང་ཧོ་གཤོང་སའི་དར་རྒྱས་ལ་སྐུལ་འདེད་བྱེད་པ། གཡུར་དུ་ཟ་བའི་གྲུབ་འབྲས་ཡག་པོ་ཞིག་གིས་ཏང་གི་ཚོགས་ཆེནཐེངས་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས་པར་རྨང་གཞི་བརྟན་པོ་ཞིག་འདིང་དགོས།
        ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལོའི་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་པ་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་བཏོན་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་དང་སྐྱེ་ཁམས་སླར་གསོའི་བཅོས་སྐྱོང་ལ་ཤུགས་སྣོན་པ། ཁོར་ཡུག་འབག་གཙོག་སྔོན་འགོག་ལ་དམ་འཛིན་དང་སྐྱེ་ཁམས་ཁོར་ཡུག་ལ་ནན་གྱིས་དོ་དམ་བྱེད་པ། ཐཱན་ཉུང་གཏོང་དང་ནུས་ཁུངས་ལ་གྲོན་ཆུང་བཅས་བྱ་དགོས། དེང་རབས་ཐོན་ལས་ཀྱི་མ་ལག་འཛུགས་སྐྲུན་བྱས་ཏེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ས་ཁུལ་གྱི་སྣེ་ཁྲིད་དེ་བར་སྟོང་གསར་བ་རྒྱ་བསྐྱེད་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་གི་སྐྱེ་ལྡན་ཕྱུགས་ལས་ཅན་གྱི་ཞིང་ཕྱུགས་ཐོན་རྫས་འདྲེན་གཏོང་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་ཚད་བརྒལ་གསར་བ་མངོན་འགྱུར་ཡོང་བར་བྱེད་པ། རྒྱལ་སྤྱིའི་སྐྱེ་ཁམས་དང་ཡུལ་སྐོར་དམིགས་སའི་སྔོན་སྐྱོད་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ཁྱད་ཆོས་གསར་བ་མངོན་པར་བྱེད་པ་དང་། མཚོ་བོད་ས་མཐོའི་གཞི་གྲངས་ཆེན་མོའི་ཐོན་ལས་གཅིག་བསྡུས་ས་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་བ་ལེན་དགོས། ནུས་ཤུགས་ཡོད་རྒུས་འདེགས་སྐྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ལས་གཞི་ལ་མ་དངུལ་འཇོག་པའི་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ནས་མཛད་སྤྱོད་ཀྱི་གནད་ས་གསོ་སྐྱོང་བྱ་དགོས། ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱིས་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་སྤེལ་དུ་གཏོང་བའི་འཐབ་ཇུས་ལག་བསྟར་ཇེ་མགྱོགས་སུ་གཏོང་དགོས།ནུས་ཤུགས་ཡོད་རྒུས་བཅོས་སྒྱུར་སྒོ་འབྱེད་ཀྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཇེ་མགྱོགས་སུ་གཏོང་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཚོང་དོན་གྱི་མ་རྩ་འདྲེན་འགུགས་རྒྱ་ཆེར་གཏོང་བ། ཁ་གཏད་རོགས་སྐྱོར་གྱི་ལས་དོན་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་བདེ་སྐྱིད་མཐོ་རུ་བཏང་ནས་ལས་གཏོད་འཕར་སྣོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། སྤུས་ལེགས་སློབ་གསོའི་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ། དམངས་ཡོངས་ཀྱི་བདེ་ཐང་རྒྱ་ཁྱབ་ངང་སྐུལ་འདེད་གཏོང་བ། རིག་གནས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་འགན་སྲུང་གི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས།
        ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། དཔའ་མཛངས་རྟུལ་ཕོད་དང་སྟོབས་ཤུགས་ཆེན་པོའི་མདུན་དུ་བསྐྱོད་པའི་གོང་བུ་གཅིག་ཏུ་སྒྲིལ་ཏེ་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་རླབས་ཆེན་གྲུབ་འབྲས་ལ་གོ་བ་གཏིང་ཟབ་ལེན་པ། མྱོང་རྟོགས་ཟབ་མོས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ཉམས་མྱོང་ཁྲོད་གནས་པའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ། “གཏན་འཁེལ་གཉིས”དང“སྲུང་སྐྱོང་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁ་ཕྱོགས་གཏན་འཁེལ་བྱེད་པ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་ཁོང་དུ་ཆུད་པར་བྱས་ནས་ལས་འགན་སྒྲུབ་པའི་སེམས་ཤུགས་ཆེ་རུ་གཏོང་བ། དེ་མིན་བློ་བརྟན་འགྱུར་མེད་ཀྱི་གོམ་སྟབས་ཐོག་ནས་གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་དམངས་ལ་སྔ་ལས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བ་ཞིག་བསྐྲུན་དགོས་ཞེས་བསྟན།
        ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ་ཁྱོན་ཡོངས་ནས་གཙོ་གནད་ལས་འགན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཆེན་པོའི”འདུ་ཤེས་ཡིད་ལ་བརྟན་པོར་བཅངས་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་རྩ་བ་དམ་འཛིན་བྱེད་པ་དང་། འཕེལ་རྒྱས་ཡོད་ཚད་ཀྱིས་སྐྱེ་ཁམས་ལ་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་ཡོང་བར་དོན་སྙིང་ལྡན་པར་རྒྱུན་འཁྱོངས་བྱས་ཏེ་མཚོ་ལྷོའི་དོན་དངོས་དང་མཐུན་པའི་སྔོ་ལྗང་གི་སྐྱེ་ཁམས་ཇེ་ལེགས་སུ་བསྒྱུར་བའི་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་མཉམ་དུ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བཏོད་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པར་འབད་བརྩོན་བྱ་དགོས། ཐོག་མཐའ་བར་གསུམ་དུ་ལྗང་མདོག་གི་འདུ་ཤེས་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་གོང་དུ་སྤེལ་བའི་སྲོག་རྩ་དམ་འཛིན་ལེགས་པོ་བྱས་ནས་བསྒྱུར་བཅོས་ཀྱི་བསམ་གཞིགས་དང་གསར་གཏོད་ཀྱི་འདུ་ཤེས། དངོས་གཉེར་གྱི་སྤྱོད་ཚུལ། འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་འདུ་ཤེས་བཅས་རྒྱུན་འཁྱོངས་བྱས་ནས་གོམ་གང་མདུན་སྤོས་ཀྱིས་དཔལ་འབྱོར་ལས་དོན་ལ་དམ་འཛིན་བྱེད་པའི་ནུས་པ་དང་ཚོང་གཉེར་ལས་གཞི་དོན་འཁྱོལ་བྱེད་པའི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ནས“བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་འགན་ཏན་ཏིག་ངང་ཡག་པོ་སྒྲུབ་སྟེ། ཐོག་མཐའ་བར་གསུམ་དུ་དམངས་ལ་བཅངས་པའི་བརྩེ་སེམས་མཐའ་འཁྱོངས་བྱས་ནས་དམངས་འཚོ་ཇེ་ལེགས་སུ་གཏོང་བའི་འགག་རྩ་དེ་དམ་འཛིན་ཡག་པོ་བྱེད་པ་དང་། གཞི་ཚུགས་པའི་ལས་དོན་མཐའ་དག་རྒྱུན་འཁྱོངས་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློའི་རྨང་གཞི་འདིང་བ་དང་ཁེ་ཕན་རིང་དུ་བསྐྱེད་པ། དངོས་ཕན་ལ་མཐོང་ཆེན་བཅས་བྱེད་པའི་དོན་དངོས་སྒྲུབ་སྟེ་མི་དམངས་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་དང་ཕན་པ་དངོས་ཐོབ་པའི་བྱ་བ་བཟང་པོ་མང་ཙམ་སྒྲུབ་ནས་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་པ་དང་། ལག་ལེན་དང་མི་དམངས་ཀྱིས་ཞིབ་བཤེར་བྱེད་པའི་བྱ་བ་དངོས་མང་ཙམ་སྒྲུབ་པ་བཅས་བྱས་ནས་མི་རིགས་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བ་ཧུར་ཐག་ངང་བཏོད་དགོས་པར་ནན་བཤད་གནང་།
        ཚང་འཛོམས་གྲོས་ཚོགས་ལས་མུ་མཐུད་དུ་བསྟན་དོན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཆིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་འབྲེལ་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཡོད་ཚད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལ་མཐའ་འཁྱོངས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་གསར་དུ་བཏོད་ནས་སྤྱི་ཚོགས་བརྟན་བརླིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་པ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་བྱ་དགོས།
        ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཏང་གི་འཛུགས་སྐྲུན་དང་ཏང་གི་བཅོས་སྐྱོང་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་པའི་སྙིང་སྟོབས་ལ་བརྟེན་ནས་མཚོ་ལྷོའི་ལས་དོན་གྱི་རྣམ་པ་གསར་བ་བཏོད་པ་དང་། ཏང་གི་ཆབ་སྲིད་ལམ་ཕྱོགས་ལག་ལེན་མཐར་ཕྱིན་མཐའ་གཅིག་ཏུ་བསྟར་བ། ཐོག་མཐའ་བར་གསུམ་དུ་གཅིག་གྱུར་གྱི་བསམ་བློ་དང་བརྟན་བརླིང་གི་འདོད་བློ། མཐུན་སྦྱོར་གྱི་བྱ་སྤྱོད། འཐབ་འཛིང་གི་ནུས་ཤུགས་ཆེན་པོ་བཅས་རྒྱུན་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་ལ་མིག་ལྟོས་བྱས་ཏེ་རང་རྟོགས་ངང་ལངས་ཕྱོགས་བརྟན་པོ་དང་ཚད་གཞི་སྔ་ལས་མཐོ་བའི་སྒོ་ནས་གཞི་རིམ་གྱི་དཔུང་ཁག་དང་ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། འདུ་ཤེས་འཛིན་སྟངས་ཀྱི་རྨང་གཞི་སྔ་ལས་ཇེ་བརྟན་དུ་གཏོང་བའི་བླང་བྱ་བཅས་ནན་མོ་བཏོན་ཏེ་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་བཏོད་དགོས་ཞེས་བསྟན།
        ཚང་འཛོམས་གྲོས་ཚོགས་ལས་བླང་བྱ་བཏོན་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ལོ་མཇུག་དང་ལོ་སྟོད་ཟུང་འབྲེལ་བྱས་ཏེ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག མཐུན་སྦྱོར་སྐུལ་འདེད་གཏོང་བར་བློ་གྲོས་འདོན་སྤེལ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དོན་འཁྱོལ་བྱེད་པའི་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་དང་འགན་འཁུར་བློ་མཐུན་གཙོ་བོས་རང་གཟུགས་ངོ་མས་ཤུགས་སྣོན་རྒྱག་དགོས། རིམ་པ་སོ་སོའི་མགོ་ཁྲིད་ཀྱིས་དོན་དངོས་གཉེར་བ་དང་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་བློ་སྤོབས་ཆེར་བསྐྱེད་སྒོས་དུས་ཚིགས་ཤིག་གི་དཔལ་འབྱོར་འཁོར་རྒྱུག་བརྟན་འཇགས་ངང་མངོན་འགྱུར་ཡོང་བ་དང་། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འཁྲི་བདེ་བླག་གིས་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱས་ཏེ། རྒྱུན་འཇགས་རང་བཞིན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲིའི་བྱེད་ཐབས་ལག་ལེན་གྱིས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཐུགས་ཁུར་གནང་དགོས། དུས་ཆེན་གཉིས་ཀྱི་བཅར་འདྲིའི་བྱ་འགུལ་ཏན་ཏིག་གིས་སྤེལ་བ་དང་དུས་ཆེན་གཉིས་ཀྱི་སྐབས་སུ་མང་ཚོགས་ཀྱི་རིག་གནས་བྱ་འགུལ་ལ་རྩ་འཛུགས་ཞིབ་ཕྲ་བྱས་ཏེ། སྤྱི་ཚོགས་བརྟན་འཇགས་དང་མི་རིགས་མཐུན་སྒྲིལ། བདེ་འཇགས་ཐོན་སྐྱེད་དང་བབ་བསྟུན་ལས་རེས་བྱ་བ་བཅས་ལེགས་པོར་བསྒྲུབ་དགོས། ཞིང་པའི་གླ་ཕོགས་དུས་ལྟར་སྟེར་བར་ཁག་ཐེག་བྱེད་པ་དང་། དུས་ཆེན་སྐབས་ཀྱི་ཚོང་རའི་མཁོ་འདོན་དང་དངོས་ཟོག་རིན་གོང་། ཟས་རིགས་སྨན་རྫས་ཀྱི་བདེ་འཇགས་དང་མང་ཚོགས་ཕྱིར་བསྐྱོད་ཀྱི་བདེ་འཇགས་སོགས་ལ་ཁག་ཐེག་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ནན་གྱིས་དོན་འཁྱོལ་བྱས་ཏེ་ཚུལ་མཐུན་དང་གྲོང་ཆུང་སྒོས་དུས་ཆེན་རོལ་དགོས།
        ཚང་འཛོམས་གྲོས་ཚོགས་ལས་འབོད་སྐུལ་བྱས་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཕུགས་བསམ་སེམས་ལ་ཉར་ཏེ་དུས་ནམ་ཡང་འཐབ་ཇུས་ཀྱི་ངེས་ཤུགས་དང་བཟོད་ཤུགས་རྒྱུན་འཁྱོངས་བྱ་དགོས་ཤིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་མཛུབ་སྟོན་དུ་བཟུང་ནས། དཀའ་སྤྱད་འགག་སྒྲོལ་དང་བློ་སྤོབས་ཆེན་པོས་མདུན་སྐྱོད་བྱས་ནས་བརྟན་འཇགས་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་འཆམ་མཐུན་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་རྒྱུན་འཁྱོངས་བྱེད་པ། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས་པར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན་པའོ། ། 
འབྲེལ་ཡོད་འོས་སྦྱོར།