logo

༄༅། །མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག

རྩོམ་པ་པོ།:འདི་གའི་རྩོམ་སྒྱུར་ཁང་ནས་བསྒྱུ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-06-27 ཀློག་གྲངས།:

༄༅། །མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག(བཟོ་བཅོས)

        (2002ལོའི་ཟླ4བའི་ཚེས12ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གྲོས་མཐུན་བྱུང་བ་དང་། 2002ལོའི་ཟླ5བའི་ཚེས31ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་བའི་སྟེང་ཆོག་མཆན་ཐོབ། 2021ལོའི་ཟླ3པའི་ཚེས4ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བརྒྱད་པའི་སྟེང་བཟོ་བཅོས་བརྒྱབ། 2021ལོའི་ཟླ5བའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔའི་སྟེང་ཆོག་མཆན་ཐོབ)།

དཀར་ཆག
ལེའུ་དང་བོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་གྱི་འགན་འཁྲི་འཁུར་ཁུལ་ལམ་ལུགས།
ལེའུ་གསུམ་པ། གྲོང་རྣམ་དོ་དམ།
ལེའུ་བཞི་བ། ཁོར་ཡུག་འཕྲོད་བསྟེན་དོ་དམ།
ལེའུ་ལྔ་བ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་དྲུག་པ། ཞར་བྱུང་།

ལེའུ་དང་བོ། སྤྱིའི་རྩ་དོན།
        དོན་ཚན་དང་བོ། གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་ལ་ཤུགས་བསྣན་ཏེ། བཀོད་མཛེས་དག་གཙང་དང་འཚོ་སྡོད་བྱེད་པར་འཚམ་པའི་གྲོང་རྡལ་གྱི་ལས་སྒྲུབ་དང་འཚོ་གནས་ཁོར་ཡུག་ཅིག་བསྐྲུན་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི«གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག»དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཐོག རང་སྐྱོང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།
        དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་སྐྱོང་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་གི་རྫོང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གནས་སའི་གྲོང་རྡལ་འཛུགས་བསྐྲུན་ས་ཁུལ་དང་། གྲོང་རྡལ་ཅན་གྱི་དོ་དམ་ས་ཁོངས་ཀྱི་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་བྱེད་སྒོ་གཞན་དག་ལ་སྤྱད་འཐུས། ཡུལ་ཚོ་མི་དམངས་སྲིད་གཞུང་གནས་སའི་གྲོང་རྡལ་གྱིས་སྲོལ་ཡིག་འདི་གཞིར་བཟུང་སྟེ་ལག་བསྟར་བྱས་ཆོག
        དོན་ཚན་གསུམ་པ། གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་བྱ་བར་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ་དང་། ཁུལ་བགོས་ནས་འགན་འཁུར་བ། མང་ཚོགས་ནང་དུ་ཞུགས་པ། སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱེད་པ། ཆེད་ལས་མི་སྣའི་དོ་དམ་དང་མང་ཚོགས་ཀྱི་དོ་དམ་ཟུང་འབྲེལ་བྱེད་པ་དང་། སློབ་གསོ་དང་ཆད་གཅོད་ཟུང་འབྲེལ་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།
        དོན་ཚན་བཞི་བ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་དང་གྲོང་རྡལ་འཛུགས་སྐྲུན་གྱི་ཆེད་དོན་འཆར་འགོད་ནང་བཅུག་ནས། སྤྱི་བའི་ནོར་སྲིད་རྨང་གཞི་བྱས་པའི་སྣ་མང་ཅན་གྱི་དངུལ་གཏོང་རྐྱེན་སྲོལ་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ། གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོ་འགན་ལེན་བྱེད་དགོས།
        དོན་ཚན་ལྔ་བ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སོ་སོའི་སྲིད་འཛིན་ས་ཁོངས་ནང་གི་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་བྱ་བར་འགན་འཁུར་དགོས།
        ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་འཕེལ་རྒྱས་སྒྱུར་བཅོས་དང་། ནོར་སྲིད། ཁྲོམ་རའི་ལྟ་སྐུལ་དོ་དམ། འགྲིམ་འགྲུལ་སྐྱེལ་འདྲེན། འཕྲོད་བསྟེན་བདེ་ཐང་། སྐྱེ་ཁམས་ཁོར་ཡུག  རང་བྱུང་ཐོན་ཁུངས། ནགས་ལས་དང་རྩྭ་ཐང་། ཞིང་ཕྱུགས། ཆུ་བེད། དམངས་སྲིད། རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ཆོས་ལུགས་ལས་དོན། སྤྱི་བདེ། སློབ་གསོ་སོགས་སྡེ་ཁག་གིས་རང་རང་གི་འགན་འཁྲི་ལྟར་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་གྱི་འབྲེལ་ཡོད་བྱ་བར་འགན་འཁུར་དགོས།
        གྲོང་རྡལ་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་གྱི་ཞིབ་ཕྲའི་བྱ་བར་འགན་འཁུར་དགོས།
        སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་གིས་ས་གནས་དེ་གའི་མི་དམངས་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་གྱི་ཞིབ་ཕྲའི་བྱ་བ་སྤེལ་དགོས།
        དོན་ཚན་དྲུག་པ། སྡེ་ཚན་དང་མི་སྒེར་སུ་ཡིན་ཡང་བཀོད་མཛེས་དག་གཙང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་གཙང་མ་ལོངས་སུ་སྤྱོད་པའི་དབང་ཆ་ཡོད་པ་དང་། གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོང་དང་། སྤྱི་བའི་ཁོར་ཡུག་འཕྲོད་བསྟེན་སྒྲིག་ཆས་ལ་གཅེས་སྤྲས་བྱེད་དགོས་པའི་འོས་འགན་ཡོད། གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་ལ་གནོད་འཚེ་དང་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་བཀག་འགོག་དང་ཐེར་འདོན་བྱེད་པའི་དབང་ཆ་ཡོད།
        སྡེ་ཚན་དང་མི་སྒེར་སུ་ཡིན་ཡང་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་ལས་བྱེད་མི་སྣའི་ངལ་རྩོལ་ལ་བརྩི་འཇོག་བྱེད་དགོས་པ་ལས། གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་ལས་བྱེད་མི་སྣས་འགན་འཁྲི་སྒྲུབ་པར་འགལ་རྐྱེན་བཟོ་བ་དང་བཀག་འགོག་བྱས་མི་ཆོག
        དོན་ཚན་བདུན་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་གྱི་ལག་རྩལ་གསར་གཏོད་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་གྱི་སྔོན་ཐོན་ལག་རྩལ་དང་ཉམས་མྱོང་བེད་སྤྱོད་ཁྱབ་སྤེལ་གཏོང་དགོས། གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་བྱ་བ་དེ་ཤེས་རིག་གྲོང་རྡལ་གྱི་དོ་དམ་མ་ལག་ནང་དུ་བཅུག་ནས་གྲངས་འཛིན་ཅན་གྱི་དོ་དམ་ལས་སྟེགས་འཛུགས་སྐྲུན་བྱེད་པ་དང་། གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་གཞི་གྲངས་ཅན་དང་ཆ་འཕྲིན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་གྱི་རིག་ནུས་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས།
        དོན་ཚན་བརྒྱད་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གིས་མ་དངུལ་བཏང་ནས་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཁོར་ཡུག་འཕྲོད་བསྟེན་ཞབས་ཕྱི་ལས་རིགས་གཉེར་བར་སྐུལ་ལྕག་བྱེད་པ་དང་། མ་དངུལ་གཏོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱས་ཏེ། གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་ཞབས་ཕྱི་ཁྲོམ་ར་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།
        སྡེ(སྡོད)དམངས་དང་། དང་བླངས་པ། སྤྱི་ཕན་རྩ་འཛུགས་བཅས་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་བྱ་བར་ཞུགས་པར་སྐུལ་ལྕག་བྱེད་པ་དང་།  སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་གིས་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོང་བྱེད་པའི་སྤྱི་ཆིངས་གཏན་འབེབས་བྱེད་པར་སྣེ་ཁྲིད་དེ། གྲོང་རྡལ་གྱི་འཕྲོད་བསྟེན་ཁོར་ཡུག་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་བྱེད་དགོས།
        དོན་ཚན་དགུ་བ། ཁུལ་དང་། རྫོང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཁོར་ཡུག་འཕྲོད་བསྟེན་སྐོར་གྱི་ཚན་རིག་ཤེས་བྱ་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་དགོས་པ་དང་། མང་ཚོགས་ཀྱི་ཚོགས་པ་དང་། ཁེ་ལས་དོན་ལས་སྡེ་ཚན། སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་རང་སོ་སོའི་བྱ་བར་ཟུང་འབྲེལ་བྱས་ཏེ་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དང་འབྲེལ་བ་ཡོད་པའི་ཚན་རིག་ཤེས་བྱ་དྲིལ་བསྒྲགས་བྱས་ནས། སྤྱི་དམངས་ཀྱིས་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་དམངས་ཀྱི་སྤྱི་བའི་ཀུན་སྤྱོད་ཆུ་ཚད་མཐོ་རུ་གཏོང་དགོས།
        རྒྱང་སྒྲོག་དང་། བརྙན་འཕྲིན། ཚགས་དེབ། དྲ་རྒྱ་སོགས་སྨྱན་སྦྱོར་གྱིས་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་གྱི་སྤྱི་ཕན་དྲིལ་བསྒྲགས་བྱ་བར་ཤུགས་སྣོན་དགོས།
        དོན་ཚན་བཅུ་བ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་བྱ་བའི་ཁྲོད་གྲུབ་འབྲས་མངོན་གསལ་བླངས་པའི་སྡེ་ཚན་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྟེར་དགོས།
ལེའུ་གཉིས་པ། གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་གྱི་འགན་འཁྲི་འཁུར་ཁུལ་ལམ་ལུགས།
        དོན་ཚན་བཅུ་གཅིག་པ། གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་ཐད་འགན་འཁྲི་འཁུར་ཁུལ་ལམ་ལུགས་ལག་བསྟར་བྱེད་དགོས།
        གྲོང་རྣམ་ཁོར་ཡུག་འཕྲོད་བསྟེན་གྱི་འགན་འཁྲི་འཁུར་ཁུལ་ཞེས་པ་ནི་སྡེ་ཚན་དང་མི་སྒེར་ལ་དབང་བ་དང་། བེད་སྤྱོད་དམ་ཡང་ན་དོ་དམ་བཅས་བྱེད་པའི་བསྐྲུན་དངོས་དང་། བཟོ་བཀོད་དངོས་པོ། སྒྲིག་བཀོད། གནས་ཡུལ་བཅས་ཀྱི་ས་ཆ་སྤྱོད་དབང་གི་ཁྱབ་ཁོངས་དང་དོ་དམ་ཁྱབ་ཁོངས་ལ་ཟེར།
        དོན་ཚན་བཅུ་གཉིས་པ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གནས་ཡུལ་གྲོང་རྡལ་གྱི་གྲོང་རྣམ་ཁོར་ཡུག་འཕྲོད་བསྟེན་གྱི་འགན་འཁྲི་འཁུར་ཁུལ་གཏན་འབེབས་བྱ་རྒྱུར་འགན་འཁུར་དགོས་པ་དང་། གྲོང་རྡལ་མི་དམངས་སྲིད་གཞུང་གཞན་དག་གིས་སྲིད་འཛིན་ས་ཁོངས་དེ་གའི་གྲོང་རྣམ་ཁོར་ཡུག་འཕྲོད་བསྟེན་གྱི་འགན་འཁྲི་འཁུར་ཁུལ་གཏན་འབེབས་བྱ་རྒྱུར་འགན་འཁུར་དགོས།
        གྲོང་རྣམ་ཁོར་ཡུག་འཕྲོད་བསྟེན་གྱི་འགན་འཁྲི་འཁུར་ཁུལ་གཏན་འབེབས་བྱས་རྗེས། སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། 
        དོན་ཚན་བཅུ་གསུམ་པ། གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་འགན་འཁྲི་འཁུར་ཁུལ་གྱི་འགན་འཁུར་སྡེ་ཚན་གྱིས་གཤམ་གསལ་གཏན་འབེབས་ལྟར་བྱ་བ་སྤེལ་དགོས་ཏེ།
        (གཅིག) འགན་འཁུར་སྡེ་ཚན་གྱིས་ཆེད་བསྐོས་སམ་ལས་འགན་གཅིག་ལྕོགས་ཀྱི་འགན་འཁུར་མི་སྣ་བཀོད་སྒྲིག་བྱས་ནས་སོ་སོའི་འགན་འཁྲི་འཁུར་ཁུལ་གྱི་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་གྱི་ཞིབ་ཕྲའི་བྱ་བར་འགན་འཁུར་དུ་འཇུག་དགོས།
        (གཉིས།) ལས་ཁུངས་དང་། ཚོགས་པ། སློབ་གྲྭ། དམག་དཔུང་། སྨན་ཁང་། ཆོས་ལུགས་བྱ་འགུལ་སྤེལ་གནས། ཁེ་ལས་དོན་ལས་སྡེ་ཚན་ནང་ཁུལ་དང་མཐའ་འཁོར་གྱི་འགན་འཁྲི་འཁུར་ཁུལ་བཅས་ལ་སྡེ་ཚན་དེས་འགན་འཁུར་དགོས།
        (གསུམ།) སྡོད་ཁུལ་དང་གྲོང་དཀྱིལ་སྡེ་བ་ལ་གཞིས་ལས་ཞབས་ཕྱི་ཁེ་ལས་ཀྱིས་འགན་འཁུར་དགོས་པ་དང་། གཞིས་ལས་དོ་དམ་ལག་བསྟར་བྱས་མེད་པའི་རིགས་ལ་གཞིས་བདག་ཨུ་ཡོན་ལྷན་ཁང་ངམ་ཡང་ན་སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་གིས་འགན་འཁུར་དགོས།
        (བཞི།) ཚོང་རྫས་ཉོ་ཚོང་ཁྲོམ་ར་དང་། འགྲེམས་སྟོན་དང་འགྲེམས་འཚོང་བྱེད་ས་སོགས་ལ་དོ་དམ་སྡེ་ཚན་དང་སྒྲུབ་གཉེར་སྡེ་ཚན་གྱིས་འགན་འཁུར་དགོས་པ་དང་། ཚོང་ར་དང་། མགྲོན་ཁང་། ཟ་ཁང་། དེ་བཞིན་ཚོང་ཟོག་བཙོང་ས་དང་སྒོ་བསྟེན་ཚོང་ཁང་སོགས་ལ་ལས་གཉེར་བས་འགན་འཁུར་དགོས་ལ། དོ་དམ་སྡེ་ཚན་དང་ལས་གཉེར་བ་མེད་པའི་རིགས་ལ་བདག་དབང་འཛིན་མཁན་གྱིས་འགན་འཁུར་དགོས།
        (ལྔ།) གྲོང་རྡལ་གྱི་གཞུང་ལམ་དང་། རྐང་ལམ། ཆུ་ཟམ། ལམ་སྒྲོན། ལམ་ར། ལམ་བྱང་སོགས་སྤྱི་བའི་ས་ཁོངས་དང་གྲོང་ཁྱེར་གྱི་སྒྲིག་བཀོད་ལ། རྫོང་མི་དམངས་སྲིད་གཞུང་གནས་སའི་རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འགན་འཁུར་དགོས་པ་དང་། གྲོང་རྡལ་མི་དམངས་སྲིད་གཞུང་གནས་ཡུལ་ལ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་འགན་འཁུར་དགོས།
        (དྲུག) སྤྱི་འཁོར་འབབ་ཚུགས་དང་། རླངས་འཁོར་འབབ་ཚུགས། འཁོར་ལྷས། སྤྱི་གླིང་། ཐང་ཆེན། ལྗོངས་ཁུལ་དང་དེ་མིན་རིག་གནས་ལུས་རྩལ་དང་རོལ་རྩེད་སོགས་སྤྱི་བའི་འདུ་གནས་བཅས་ལ་ལས་གཉེར་དང་དོ་དམ་སྡེ་ཚན་གྱིས་འགན་འཁུར་དགོས།
        (བདུན།) གློག་ཤུགས་དང་། འཕྲིན་སྐྱེལ། སྐུད་ལྡན་བརྙན་འཕྲིན། འགྲིམ་འགྲུལ་བརྡ་གཏོང་གློག་སྒྲོན། སྦྲག་སྲིད། ཆུ་འདོན་དང་ཆུ་འབུད། སོལ་རླངས་མཁོ་འདོན། དྲོད་འདོན་སོགས་སྤྱི་བའི་སྒྲིག་བཀོད་དང་བར་སྣང་སྦུག་སྐུད། ཚགས་དེབ་ཁང་། ཁ་པར་ཁང་། འཁོར་སྒུག་ཁང་། ཁང་ཕྱིའི་བརྡ་ཁྱབ་སོགས་སྒྲིག་བཀོད་དང་བར་སྣང་སྦུག་སྐུད་བཅས་ལ་རྒྱུ་ནོར་གྱི་བདག་དབང་འཛིན་མཁན་དང་དོ་དམ་སྡེ་ཚན་གྱིས་འགན་འཁུར་དགོས།
        (བརྒྱད།) གྲོང་རྡལ་གྱི་མཛེས་ལྗོངས་ནགས་ས་དང་། ལམ་འགྲམ་གྱི་སྡོང་བོ། དེ་བཞིན་གཞུང་ལམ་གཡས་གཡོན་གྱི་ལྗང་སྒྱུར་ཁུལ་དང་། ལམ་འགྲམ་གྱི་མེ་ཏོག་སྟེགས་བུ། ར་སྐྱོར། སྤང་ཐང་། སྤྱི་བའི་ལྗང་ས་བཅས་ལ་གྲོང་རྡལ་ལྗང་སྒྱུར་དོ་དམ་སྡེ་ཚན་གྱིས་འགན་འཁུར་དགོས།
        (དགུ།) ཆུ་ལམ་དང་ཡུར་བུའི་སྤྱི་བའི་ཆུ་ཁོངས་དང་ཆུ་བོའི་འབབ་རྒྱུད་ཀྱི་སྲུང་སྐྱོང་ཁྱབ་ཁོངས་སུ་ཡོད་པའི་ས་ཁུལ་ལ་དོ་དམ་སྡེ་ཚན་གྱིས་འགན་འཁུར་དགོས།
        (བཅུ།) སྤྱི་བའི་གསང་སྤྱོད་དང་། ལུད་རྫིང་། ལུད་གསོག་རྫིང་བུ། གད་སྙིགས་བར་སྒྱུར་ས་ཚིགས། དེ་བཞིན་ཁོར་ཡུག་འཕྲོད་བསྟེན་གྱི་སྒྲིག་བཀོད་གཞན་དག་ལ་དོ་དམ་མམ་ཡང་ན་སྐྱེལ་གཉེར་སྡེ་ཚན་གྱིས་འགན་འཁུར་དགོས།
        (བཅུ་གཅིག) འཛུགས་སྐྲུན་བཟོ་བཀོད་ཀྱི་ལས་ཡུལ་དངོས་ལ་བཟོ་སྐྲུན་སྡེ་ཚན་གྱིས་འགན་འཁུར་དགོས་ཤིང་། འཛུགས་སྐྲུན་བྱ་རྒྱུའི་ལས་ཡུལ་ལ་འཛུགས་སྐྲུན་སྡེ་ཚན་གྱིས་འགན་འཁུར་དགོས་པ་དང་། བསྡུ་ལེན་དང་བཤིག་སྤོའི་ལས་ཡུལ་ལ་བསྡུ་ལེན་དང་བཤིག་སྤོའི་སྡེ་ཚན་གྱིས་འགན་འཁུར་དགོས།
        (བཅུ་གཉིས།) མཁར་གྲོང་འབྲེལ་མཚམས་ཀྱི་ཁོར་ཡུག་འཕྲོད་བསྟེན་ལ་རྫོང་མི་དམངས་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་སྡེ་ཁག་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་འགན་འཁུར་དགོས།
        དོན་ཚན་བཅུ་བཞི་བ། གྲོང་རྡལ་སྲང་འགྲམ་གྱི་སྡེ་ཚན་དང་། སྒེར་གཉེར་བཟོ་ཚོང་ཐེམ་དུད་ཀྱི་ཚོང་ཁང་མདུན་གྱི་གཙང་སྦྲ་དང་འཛུགས་སྐྲུན་དངོས་པོར་དོ་དམ་བྱེད་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་དགོས།
        གཞུང་ལམ་དང་། སྦུག་ལམ། གློག་འདོན། ཆུ་འདོན་ཉམས་གསོ་བྱེད་པ་དང་། སྐྱེད་ཚལ་བཟོ་སྐྲུན། རླངས་འཁོར་གཙང་བཟོ། རླངས་འཁོར་ཉམས་གསོ་སོགས་ལས་བྱུང་བའི་སྙིགས་རྫས་དང་། ས་སྙིགས། བཙོག་ཆུ། འདམ་རྫབ་སོགས་བེད་མེད་དངོས་རོ་རྣམས་ལས་སྒྲུབ་སྡེ་ཚན་དང་མི་སྒེར་གྱིས་གཙང་སེལ་བྱེད་པར་འགན་འཁུར་ཏེ། དམིགས་བཙུགས་ས་གནས་སུ་ས་འོག་ཏུ་བཅུག་ནས་གཙང་སེལ་བྱེད་དགོས།
        དོན་ཚན་བཅོ་ལྔ་བ། གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་འགན་འཁྲི་འཁུར་ཁུལ་གྱི་འགན་ཁུར་སྡེ་ཚན་དང་འགན་ཁུར་མི་སྣས་ངེས་པར་དུ་གཤམ་གསལ་འགན་འཁྲི་དག་སྒྲུབ་དགོས་ཏེ།
        (གཅིག) འགན་འཁྲི་འཁུར་ཁུལ་གཙང་ཞིང་གྲལ་འགྲིག་པོ་ཡོང་བར་རྒྱུན་འཁྱོངས་བྱས་ཏེ། ལམ་བཅད་ནས་ལས་གཉེར་མི་བྱེད་པ་དང་ཚོང་ཁང་ཕྱི་རོལ་ནས་ལས་གཉེར་མི་བྱེད་པ། སྒྲིག་འགལ་ཁྲོམ་བཤམས་དང་། ཁྲོམ་སྟེགས་གང་འདོད་དུ་འཛུགས་པ། བཙོག་ཆུ་དང་གད་སྙིགས་གཏོར་བ། བསྒྲགས་རྫས་འགྲེམས་པ། སྒོ་བྱང་འཛུགས་པ་སོགས་ཀྱི་བྱ་སྤྱོད་མེད་པ། གང་བྱུང་དུ་སྦྱོར་འབྲི་བརྐོ་འགེལ་དང་། གང་བྱུང་དུ་སྤུངས་གསོག་འཇོག་གསུམ་སོགས་ཀྱི་གནས་ཚུལ་མེད་པར་བྱེད་དགོས།
        (གཉིས།) ཁོར་ཡུག་གཙང་མ་རྒྱུན་འཁྱོངས་བྱས་ཏེ། གད་སྙིགས་དང་། བཤང་གཅི། བཙོག་ཆུ། བཙོག་ཤུལ། ས་སྙིགས། རྩྭ་ལྡུམ། ཙི་གུ། འབུ་སྦྲང་སོགས་མཐོང་སར་མེད་པ་དང་། སྲོག་ཆགས་ཀྱི་བེམ་རོ་སོགས་མེད་པར་བྱེད་དགོས།
        (གསུམ།) ཆུ་ཁོངས་ཀྱི་འགན་འཁྲི་འཁུར་ཁུལ་གྱི་ཆུ་ངོས་གཙང་མ་ཡོང་བར་རྒྱུན་འཁྱོངས་བྱས་ཏེ། ཆུ་ངོས་སུ་མངོན་གསལ་གྱི་གཅིག་འདུས་གཡེང་དངོས་དང་། སྦགས་རྫས། དེ་མིན་ནད་སྦྱོར་སྐྱེ་དངོས་ཀྱི་སྦགས་ཁུངས་གཞན་དག་མེད་པར་བྱེད་དགོས།
        (བཞི།) འགན་འཁྲི་འཁུར་ཁུལ་གྱི་ཆུ་ལམ་ཤར་གཏོང་ཐུབ་པར་རྒྱུན་འཁྱོངས་བྱེད་པ་དང་། ཁ་བ་བབ་ནས་དར་ཆགས་པའི་སྐབས་སུ། དུས་ཐོག་ཏུ་གཞུང་ལམ་ནང་གི་ཁངས་དང་དར་མེད་པར་བྱེད་དགོས།
        (ལྔ།) གཏན་འཁེལ་ལྟར་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་གྱི་སྒྲིག་ཆས་བཀོད་སྒྲིག་བྱེད་དགོས་པར་མ་ཟད། གཙང་ཞིང་ཆ་ཚང་བ་ཡིན་པར་རྒྱུན་འཁྱོངས་བྱེད་དགོས།
        (དྲུག) ཁྲིམས་ལུགས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག
        དོན་ཚན་བཅུ་དྲུག་པ། འགན་འཁུར་སྡེ་ཚན་གྱིས་འགན་འཁྲི་འཁུར་ཁུལ་གྱི་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། འགན་འཁྲི་འཁུར་ཁུལ་ནང་དུ་བྱུང་བའི་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་དུས་ཐོག་ཏུ་བཀག་འགོག་བྱེད་དགོས་པར་མ་ཟད། གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་ཞུ་དགོས།
        རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་གྱི་འགན་འཁྲི་འཁུར་ཁུལ་དང་། འགན་འཁུར་མི་སྣས་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་གྱི་འགན་འཁྲི་སྒྲུབ་ཚུལ་ལ་ཞིབ་བཤེར་ལྟ་སྐུལ་བྱེད་དགོས།
        དོན་ཚན་བཅུ་བདུན་པ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་གྱི་སྤྱི་བསྒྲགས་སྒྲོམ་བྱང་དང་། བསམ་འཆར་ཡིག་སྒམ། གློག་རྡུལ་ཡིག་ཟམ་དང་འབྲེལ་གཏུག་ཁ་པར་བཅས་བཙུགས་ཏེ། སྤྱི་དམངས་ཀྱི་བསམ་འཆར་དང་། གྲོས་གཞི། ཞུ་གཏུག་སོགས་སྡུད་རུབ་དང་ཐག་གཅོད་བྱེད་པ་དང་། གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་ལ་གནོད་པའི་ཁྲིམས་འགལ་བྱ་སྤྱོད་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་དགོས།
ལེའུ་གསུམ་པ། གྲོང་རྣམ་དོ་དམ།
        དོན་ཚན་བཅོ་བརྒྱད་པ། གྲོང་རྡལ་གྱི་འཛུགས་སྐྲུན་དངོས་པོ་དང་བཟོ་བཀོད་དངོས་པོ་རྣམས་གྲོང་རྡལ་གྱི་འཛུགས་སྐྲུན་འཆར་འགོད་དང་རྒྱལ་ཁབ་ཀྱི་གྲོང་རྡལ་གྱི་རྣམ་པའི་ཚད་གཞི་དང་མཐུན་པར་བྱས་ཏེ། སྐྱོད་མེད་དང་། དག་གཙང་། མཛེས་པོ་བཅས་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། བཟོ་དབྱིབས། ཚོན་མདངས། ཁྱད་ཆོས་སོགས་མཐའ་འཁོར་གྱི་ཁོར་ཡུག་དང་མཐུན་པོ་ཡོང་བར་བྱེད་དགོས། བཙོག་སྐྱོན་དང་ཚོན་མདོག་ཡལ་བ་སོགས་ཀྱིས་གྲོང་རྡལ་གྱི་རྣམ་པར་ཤུགས་རྐྱེན་བཟོས་ཚེ། དེའི་བདག་པོ་དང་བེད་སྤྱོད་བྱེད་མཁན་ནམ་ཡང་ན་དོ་དམ་པས་དུས་ཐོག་ཏུ་གཙང་འཁྲུད་དང་། མཛེས་བཟོ། ཉམས་གསོ་བཅས་བྱེད་དགོས།
        གཞུང་ལམ་གཙོ་བོའི་གཞོགས་གཉིས་ཀྱི་འཛུགས་སྐྲུན་དངོས་པོར་སྒོ་དང་། སྒེའུ་ཁུང་། ཕྱི་ངོས་མཛེས་སྤྲོས་མཛེས་བཟོ། དྲོ་སྙོམས་འཕྲུལ་ཆས་ཀྱི་ཕྱི་འཁོར་སྒྲིག་སྦྱོར་བྱེད་པ་དང་། དེ་མིན་ཉིན་སྟེགས་དང་སྒྲོམ་སྐྱོར་འཛུགས་པ། ཁང་ཀླད་དང་བར་ཁྱམས་སོགས་ཁ་སྣོན་བྱེད་སྐབས། གོང་གསལ་གཏན་འབེབས་དང་རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས།
        དོན་ཚན་བཅུ་དགུ་བ། གྲོང་རྡལ་གྱི་གཞུང་ལམ་དང་དེའི་ཞོར་གཏོགས་སྒྲིག་བཀོད་རྣམས་གཙང་ཞིང་གྲལ་དག་པ་དང་སྐྱོན་མེད་པ་ཞིག་ཡིན་དགོས། བཙོག་སྐྱོན་དང་གཏོར་བརླག་གི་གནས་ཚུལ་བྱུང་ཚེ། དོ་དམ་སྡེ་ཚན་གྱིས་དུས་ཐོག་ཏུ་གཙང་འཁྲུད་དང་ཉམས་གསོའམ་ཡང་ན་བརྗེ་གསོར་བྱེད་དགོས།
        སྡེ་ཚན་དང་མི་སྒེར་སུས་ཀྱང་ཆོག་མཆན་མ་ཐོབ་པར། གྲོང་རྡལ་གྱི་གཞུང་ལམ་སོགས་སྤྱི་བའི་འདུ་གནས་སུ་ས་སྔོག་འདོན་བྱས་མི་ཆོག་པ་དང་། གཞུང་ལམ་གྱི་གཞོགས་གཉིས་དང་སྤྱི་བའི་འདུ་གནས་གཞན་དག་ཏུ་དངོས་རྫས་སྤུང་གསོག་དང་། འཛུགས་སྐྲུན་དངོས་པོ་དང་བཟོ་བཀོད་དངོས་པོའམ་སྒྲིག་བཀོད་གཞན་དག་བསྐྲུན་མི་ཆོག
        འཛུགས་སྐྲུན་དང་གནས་སྐབས་བཟོ་སྐྲུན་སོགས་དམིགས་བསལ་དགོས་མཁོའི་དབང་གིས། གཞུང་ལམ་གྱི་གཞོགས་གཉིས་དང་སྤྱི་བའི་ཚོགས་རར་གནས་སྐབས་སུ་དངོས་པོ་སྤུངས་དགོས་པ་དང་། གནས་སྐབས་ཀྱི་འཛུགས་སྐྲུན་དངོས་པོ་དང་བཟོ་བཀོད་དངོས་པོའམ་ཡང་ན་སྒྲིག་བཀོད་གཞན་དག་འཛུགས་སྐྲུན་བྱེད་དགོས་བྱུང་ཚེ། རྫོང་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་མོས་མཐུན་འཐོབ་རྗེས། གཏན་འཁེལ་ལྟར་ཞིབ་བཤེར་ཆོག་མཆན་གྱི་འགྲོ་ལུགས་སྒྲུབ་སྟེ། གཏན་འཁེལ་གྱི་ཚད་གཞི་ལྟར་ར་སྐོར་དང་བདེ་འཇགས་མཚོན་རྟགས་འཛུགས་དགོས་པར་མ་ཟད། ཉེ་འཁོར་གྱི་ཁོར་ཡུག་གཙང་མ་ཡིན་དགོས་པ་ལས། ལས་ཡུལ་ར་སྐོར་གྱི་ཕྱི་རུ་འཛུགས་སྐྲུན་གྱི་གད་སྙིགས་དང་འཛུགས་སྐྲུན་གྱི་རྒྱུ་ཆ་སྤུངས་མི་ཆོག
        དོན་ཚན་ཉི་ཤུ་བ། གཞུང་ལམ་གཙོ་བོའི་གཞོགས་གཉིས་ཀྱི་འཛུགས་སྐྲུན་དངོས་པོ་དང་བཟོ་བཀོད་དངོས་པོ། སྤྱི་བའི་སྒྲིག་བཀོད་བཅས་ཀྱི་ཡུལ་ལྗོངས་གློག་འོད་སྒྲིག་བཀོད་རྣམས། གྲོང་རྡལ་གྱི་ཡུལ་ལྗོངས་གློག་འོད་སྒྲིག་བཀོད་ཀྱི་འཆར་འགོད་དང་ལག་རྩལ་ཚད་ལྡན་ལྟར་ཇུས་འགོད་དང་བཀོད་སྒྲིག་བྱེད་དགོས། ཡུལ་ལྗོངས་གློག་འོད་སྒྲིག་བཀོད་ཀྱི་བདག་པོའམ་ཡང་ན་དོ་དམ་འགན་འཁུར་བས། ཡུལ་ལྗོངས་གློག་འོད་སྒྲིག་བཀོད་གཙང་ཞིང་ཆ་ཚང་བ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། རྫོང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དུས་ཚོད་ལྟར། ཡུལ་ལྗོངས་གློག་འོད་སྒྲིག་བཀོད་ཀྱི་གློག་སྒོ་ཚོད་འཛིན་བྱེད་དགོས་པ་ལས། སྡོད་དམངས་ཀྱི་རྒྱུན་ལྡན་འཚོ་བར་ཤུགས་རྐྱེན་བཟོ་མི་རུང་།
        དོན་ཚན་ཉེར་གཅིག་པ། གཞུང་ལམ་གཙོ་བོ་དང་གཙོ་གནད་ས་ཁོངས་ཀྱི་འཛུགས་སྐྲུན་དངོས་པོ་དང་བཟོ་བཀོད་དངོས་པོའི་སྲང་འགྲམ་དུ་ལོགས་བཀར་སྒྲིག་ཆས་འཛུགས་དགོས་ཚེ། ལྗོངས་མཐོང་གྱང་རའམ་སླས་ར་དང་། ར་སྐྱོར། མེ་ཏོག་གི་སྟེགས་བུ(རྫིང་བུ)། ནེའུ་གསིང་སོགས་ཀྱིས་དབྱེ་མཚམས་ཕྱེས་ནས་གྲལ་དག་ཅིང་མཐོང་སྣང་མཛེས་པོ་ཡོང་བར་རྒྱུན་འཁྱོངས་བྱེད་དགོས།
        བེད་མེད་ས་ཞིང་ངམ་འཛུགས་སྐྲུན་བྱ་རྒྱུའི་ས་ཞིང་རྣམས་སྲང་ལམ་དང་ཐག་ཉེ་བའི་གཞོགས་དེར་ར་སྐོར་བརྒྱབ་སྟེ་འགོག་དགོས།
        དོན་ཚན་ཉེར་གཉིས་པ། ཐང་ཆེན་དང་། སྤྱི་གླིང་གི་འགོག་སྲུང་ཕྱི་ར་དང་། གློག་སྡོང་། ཚགས་པར་ཁང་། གཏན་འཇགས་ངལ་གསོ་རྐུབ་སྟེགས། སྙིགས་སྣོད(སྒམ)། ལུས་རྩལ་སྦྱོང་བརྡར་ཡོ་ཆས། འཇིམ་བརྐོས་སོགས་སྤྱི་བའི་སྒྲིག་བཀོད་རྣམས་ལ་དུས་བཅད་ལྟར་གཙང་འཁྲུད་དང་། ཞིབ་བཤེར། གསར་བརྗེ་བཅས་བྱས་ཏེ། གྲལ་དག་ཅིང་བདེ་འཇགས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པའམ་ཡང་ན་བེད་སྤྱོད་བྱེད་ནུས་ཤོར་ཟིན་པའི་སྤྱི་བའི་སྒྲིག་བཀོད་རྣམས་དུས་བཀག་ནང་ཉམས་གསོ་དང་། བརྗེ་གསོར། མེད་པར་བཟོ་བ་བཅས་བྱེད་དགོས།
        གྲོང་རྡལ་གྱི་སྤྱི་བའི་སྒྲིག་བཀོད་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ལྟར་སྦུག་སྐུད་དང་ཁྲོན་པའི་ཁ་ལེབ་ལ་སྐོར་ཞིབ་བྱས་ནས་ལེ་ལག་ཚང་ཞིང་གནས་དྲང་བ་དང་། བདེ་འཇགས། བརྟན་པོ་བཅས་ཡོང་བར་རྒྱུན་འཁྱོངས་བྱེད་དགོས། ཆག་སྐྱོན་བྱུང་བའི་རིགས་ལ་རྒྱུ་ནོར་བདག་དབང་ཡོད་མཁན་དང་དོ་དམ་སྡེ་ཚན་གྱིས་ཉེན་བརྡའི་མཚོན་རྟགས་བཙུགས་ནས་དུས་ཐོག་ཏུ་ཉམས་གསོ་བྱེད་པའམ་བརྗེ་དགོས། 
        དོན་ཚན་ཉེར་གསུམ་པ། གྲོང་རྡལ་དུ་ཕྱི་རོལ་གྱི་གནས་ཡུལ་དང་། བར་སྟོང་། སྒྲིག་བཀོད་སོགས་བེད་སྤྱད་དེ་བརྡ་ཁྱབ་བྱང་བུའམ་མཚོན་བྱང་། བསྒྲགས་བྱང་། མཛུབ་སྟོན་བྱང་བུ། གློག་རྡུལ་བརྙན་ཤེལ། ཚོང་ཁང་གི་སྒོ་བྱང་སོགས་མཚམས་སྦྱོར་བརྡ་ཁྱབ་མིན་པའི་སྒྲིག་བཀོད་འཛུགས་དགོས་ན། རྒྱལ་ཁབ་ཀྱི་གྲོང་རྣམ་ཚད་གཞི་དང་རང་སྐྱོང་ཁུལ་གྱི་སྐད་ཡིག་སྐོར་གྱི་ཚད་གཞི་དང་མཐུན་དགོས་ཤིང་། དེའི་ཆེ་ཆུང་དང་ཇུས་འགོད་ཀྱི་བཟོ་དབྱིབས་རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་འཆར་འགོད་བླང་བྱ་དང་མཐུན་དགོས།
        གོང་གསལ་དོན་ཚན་ནང་གཏན་འཁེལ་བྱས་པའི་བརྡ་ཁྱབ་བྱང་བུ་དང་བརྡ་ཁྱབ་མ་ཡིན་པའི་སྒྲིག་བཀོད་འཛུགས་མཁན་གྱིས་དུས་རྒྱུན་གྱི་དོ་དམ་ལ་ཤུགས་བསྣན་ཏེ་ནང་དོན་ལ་སྐྱོན་མེད་པ་དང་། ཕྱི་རྣམ་མཛེས་པ། བདེ་འཇགས་སྲ་བརྟན། སྒྲིག་བཀོད་ཀྱི་ནུས་པ་ཆ་ཚང་བ་བཅས་ཡོང་བར་རྒྱུན་འཁྱོངས་བྱེད་དགོས། ཕྱི་དབྱིབས་ལ་བཙོག་སྐྱོན་དང་ཡིག་གཟུགས་ལ་ཆད་སྐྱོན་ཤོར་བ། གློག་སྒྲོན་ཆ་ཚང་བར་མི་འཆར་བ་སོགས་ཀྱིས་གྲོང་རྣམ་ལ་ཤུགས་རྐྱེན་བཟོས་ཚེ། དུས་ཐོག་ཏུ་ཉམས་གསོ་བྱེད་པའམ་བརྗེ་སོར་བྱེད་དགོས།
        གྲོང་རྡལ་དུ་ཕྱི་རོལ་གྱི་མཚམས་སྦྱོར་བརྡ་ཁྱབ་ཆེ་གྲས་འཛུགས་པར་རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་མོས་མཐུན་འཐོབ་རྗེས། འབྲེལ་ཡོད་གཏན་འཁེལ་ལྟར་མཆན་འགོད་འགྲོ་ལུགས་སྒྲུབ་དགོས།
        དོན་ཚན་ཉེར་བཞི་བ། གྲོང་རྡལ་གྱི་མཛེས་ལྗོངས་ནགས་ས་དང་། ལམ་འགྲམ་གྱི་སྡོང་བོ། མ་ལམ་གྱི་ལྗང་སྒྱུར་ཁུལ་དང་ནགས་རའི་ལྗང་ས་སོགས་གྲོང་རྡལ་གྱི་སྤྱི་བའི་ལྗང་ས་འཛུགས་སྐྲུན་བྱེད་པར་གྲོང་རྣམ་མཛེས་བཟོ་བྱེད་པའི་ནུས་པ་ལྡན་དགོས་ཤིང་། མཛེས་ལྗོངས་དང་། སྐྱེ་ཁམས། ངལ་གསོ་དང་གནོད་འགོག་ཉེན་གཡོལ་བཅས་ཀྱི་ནུས་པ་ལྡན་པར་འདང་བརྒྱབ་སྟེ། དུས་བཀག་ལྟར་སྲུང་སྐྱོང་བྱེད་དགོས་པ་ལས་སྡེ་ཚན་དང་མི་སྒེར་གྱིས་བཙན་བཟུང་དང་། གཏོར་བརླག ར་སྐོར་རྒྱག་པ་བཅས་བྱེད་མི་ཆོག
        གཞུང་ལམ་ཉེ་འགྲམ་གྱི་ཤིང་སྡོང་དང་། ར་སྐྱོར། མེ་ཏོག་གི་སྟེགས་བུ(རྫིང་བུ)། སྤང་ཐང་སོགས་གཙང་ཞིང་གྲལ་དག་པ་དང་། མཛེས་ཤིང་ཉམས་དགའ་པ་ཞིག་ཡིན་པར་རྒྱུན་འཁྱོངས་བྱེད་དགོས་པ་དང་། ལྗང་སྒྱུར་ཨར་ལས་དང་། བདག་སྐྱོང་། ཡལ་བཞུར་བརྒྱབ་པ་ལས་བྱུང་བའི་གད་སྙིགས་དང་། ཡལ་འདབ་སོགས་དུས་ཐོག་ཏུ་གཙང་སེལ་བྱེད་དགོས།
        དོན་ཚན་ཉེར་ལྔ་བ། གྲོང་རྡལ་གྱི་ཆུ་འདོན་དང་། ཆུ་འབུད། དྲོད་འདོན། གློག་ཤུགས། གློག་སྒྲོན། འཕྲིན་གཏོང་སོགས་སྤྱི་བའི་སྒྲིག་བཀོད་ཀྱི་སྦུག་སྐུད་འཛུགས་སྐབས། གྲོང་རྡལ་གྱི་འཆར་འགོད་དང་གྲོང་རྣམ་ཚད་གཞི་དང་མཐུན་དགོས་པ་དང་། བར་སྣང་གི་གློག་སྐུད་དང་གློག་སྡོང་འཆར་འགོད་ཀྱི་བླང་བྱ་ལྟར་སྒྱུར་བཀོད་བྱེད་པའམ་མངོན་མིན་གྱི་བྱེད་ཐབས་སྤྱོད་དགོས་པར་མ་ཟད། དུས་བཀག་ལྟར་སྲུང་སྐྱོང་བྱས་ནས་སྐྱོན་མེད་བདེ་སྤྱོད་ཐུབ་པར་བྱེད་དགོས།
        དོན་ཚན་ཉེར་དྲུག་པ། གཞུང་ལམ་གྱི་ཐག་ཉེ་ས་དང་གཙོ་གནད་ས་ཁོངས་ཀྱི་བསྐྲུན་དངོས་ཀྱི་རྩེ་མོ་དང་། ཕྱི་ངོས། ཉིན་སྟེགས། སྙོམས་སྟེགས། ཕྱི་ཁྱམས། སྒེའུ་ཁུང་ཕྱི་རོལ་སོགས་སུ་གྲོང་རྡལ་གྱི་རྣམ་པར་གནོད་ཅིང་ཉེན་ཁ་ཆེ་བའི་དངོས་པོ་སྤུངས་གསོག་དང་། དཔྱང་འགེལ། སྒྲིག་སྦྱོར་སོགས་བྱས་མི་ཆོག
        གྲོང་རྡལ་གྱི་གཞུང་ལམ་དང་སྤྱི་བའི་འདུ་གནས་གཞན་དག་གི་སྒྲོམ་སྐྱོར་དང་། གློག་སྡོང་། ལམ་བྱང་སོགས་ཀྱི་སྒྲིག་བཀོད་དང་དེ་བཞིན་ལྗང་སྒྱུར་ཁུལ་དུ་དངོས་པོ་བསིལ་སྐམ་དང་དཔྱང་འགེལ་བྱས་མི་ཆོག
        དོན་ཚན་ཉེར་བདུན་པ། རྫོང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ས་གནས་སྡོད་དམངས་ཀྱི་འཚོ་བའི་དགོས་མཁོར་གཞིགས་ཏེ། གྲོང་རྡལ་གྱི་ཚོང་འདུས་ཁྲོམ་ར་ལུགས་མཐུན་གྱིས་འཆར་འགོད་འཛུགས་སྐྲུན་བྱེད་པའམ་སྲང་ལམ་ཕལ་བ་སོགས་སུ་གནས་སྐབས་ལས་གཉེར་ཁྲོམ་སྟེགས་འཆར་འགོད་སྒྲིག་འཛུགས་བྱས་ཏེ། ལས་གཉེར་བར་དམིགས་བཙུགས་ཁྲོམ་སྟེགས་སུ་ལས་གཉེར་བྱེད་སྒོ་སྤེལ་བར་ཁྲིད་སྟོན་བྱེད་དགོས། གནས་སྐབས་ཁྲོམ་སྟེགས་ཀྱི་ལས་གཉེར་བས་ལས་གཉེར་གྱི་དུས་ཚོད་དང་གནས་ཡུལ་སོགས་ཀྱི་དོ་དམ་གཏན་འབེབས་ལ་བརྩི་སྲུང་དང་ལས་གཉེར་བྱ་ཡུལ་གཙང་ཞིང་གྲ་འགྲིག་པོ་ཡོང་བར་རྒྱུན་འཁྱོངས་བྱེད་དགོས། གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྐོར་སྐྱོད་ཁྲོམ་སྟེགས་ཀྱི་དོ་དམ་ལ་ཤུགས་སྣོན་དགོས།
        སྡེ་ཚན་དང་མི་སྒེར་སུས་ཀྱང་གང་འདོད་དུ་གཞུང་ལམ་དང་། རྐང་ལམ། ཟམ་པ། ཐང་ཆེན་སོགས་སྤྱི་བའི་འདུ་གནས་བེད་སྤྱད་དེ་འཚོང་བཤམས་པ་དང་། ཐོན་སྐྱེད། ལས་སྣོན། ཉམས་གསོ། གཙང་འཁྲུད། བཟའ་བཏུང་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ་དང་། ཡང་ན་རླངས་འཁོར་བེད་སྤྱད་ནས་གྲོང་རྡལ་གྱི་གཞུང་ལམ་དུ་ཚོང་གཉེར་བྱས་མི་ཆོག གར་སྟེགས་དང་གཞུ་དབྱིབས་སྒོ་མོ་སོགས་གནས་སྐབས་སུ་འཛུགས་དགོས་བྱུང་ན། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་མོས་མཐུན་འཐོབ་དགོས་པར་མ་ཟད། འབྲེལ་ཡོད་གཏན་འབེབས་ལྟར་འགྲོ་ལུགས་སྒྲུབ་དགོས།
        གཞུང་ལམ་གཞོགས་གཉིས་ཀྱི་ཚོང་ཁང་གི་འཛུགས་སྐྲུན་དངོས་པོ་དང་བཟོ་བཀོད་དངོས་པོ་ནང་གི་ལས་གཉེར་བས་འཛུགས་སྐྲུན་དངོས་པོ་དང་བཟོ་བཀོད་དངོས་པོའི་སྒོ་དང་། སྒེའུ་ཁུང། ཕྱི་གྱང་སོགས་བརྒལ་ཏེ་ལམ་བཅད་ནས་ཚོང་གཉེར་བྱས་མི་ཆོག
        ཚོང་ཟོག་ཕྱིར་འཚོང་དང་ཚོང་ལས་ཞབས་ཕྱིའི་བྱེད་སྒོའི་ཁྲོད། འཛད་སྤྱོད་པར་རྒྱལ་ཁབ་ཀྱི་གཏན་འབེབས་ཚད་གཞི་དང་མི་མཐུན་པའི་འགྱིག་ཁུག་དང་གཅིག་སྤྱོད་འགྱིག་རིགས་གསོལ་ཆས་མཁོ་འདོན་བྱས་མི་ཆོག
        དོན་ཚན་ཉེར་བརྒྱད་པ། གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྡོད་དམངས་ཀྱི་འཚོ་སྡོད་གནས་ཚུལ་ལ་གཞིགས་ཏེ། སྤྱི་བའི་ཆ་འཕྲིན་སྒྲོམ་བྱང་དང་སྤྱི་ཕན་དྲིལ་བསྒྲགས་སྒྲོམ་བྱང་བཙུགས་ནས་མང་ཚོགས་ཀྱིས་ཆ་འཕྲིན་སྤེལ་བར་སྟབས་བདེ་སྐྲུན་དགོས།
        ལས་ཁུངས་དང་མི་སྒེར་གྱིས་གྲོང་རྡལ་གྱི་འཛུགས་སྐྲུན་དངོས་པོ་དང་བཟོ་བཀོད་དངོས་པོའི་ཕྱི་གྱང་དང་། ཤིང་སྡོང་། གློག་སྡོང་། ཕྱི་རོལ་གྱི་སྦུག་སྐུད། དེ་བཞིན་ཕྱི་རོལ་གྱི་སྒྲིག་བཀོད་དང་སྒྲིག་ཆས་གཞན་དག་གི་སྟེང་དུ་བརྡ་ཁྱབ་ཆུང་ངུ་སྣ་ཚོགས་འབྲི་བརྐོ་སྦྱོར་གསུམ་བྱས་མི་ཆོག
        སྡེ་ཚན་དང་མི་སྒེར་གྱིས་གྲོང་རྡལ་གྱི་འཛུགས་སྐྲུན་དངོས་པོའམ་སྒྲིག་བཀོད་ཐོག་དྲིལ་བསྒྲགས་དངོས་པོ་སྦྱོར་བའམ་འགེལ་དགོས་པ་བྱུང་ཚེ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་མོས་མཐུན་བྱུང་རྗེས། འབྲེལ་ཡོད་གཏན་འབེབས་ལྟར་འགྲོ་ལུགས་སྒྲུབ་ནས། གཏན་འཁེལ་གྱི་དུས་ཚོད་དང་ཁྱབ་ཁོངས་ནང་སྦྱོར་འགེལ་བྱེད་དགོས་པ་དང་། དུས་ཚོད་ལོངས་རྗེས་དུས་ཐོག་ཏུ་གཙང་སེལ་བྱེད་དགོས།
        དོན་ཚན་ཉེར་དགུ་བ། མཁོ་མེད་དངོས་རྙིང་ཕྱིར་བསྡུ་ས་ཚིགས་ཀྱི་གནས་ཡུལ་འདེམས་སྐབས། གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་གྱི་བླང་བྱ་དང་མཐུན་དགོས་པ་དང་། ལས་གཉེར་བྱེད་ས་གཙང་ཞིང་གྲལ་དག་པ་དང་། དངོས་ཟོག་རྙིང་ཧྲུལ་གོ་རིམ་ལྡན་པའི་ངང་འཇོག་དགོས་པར་མ་ཟད། འགེབས་སྦས་གང་ལེགས་བྱས་ཏེ་ཉེ་འཁོར་གྱི་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་ལ་ཤུགས་རྐྱེན་བཟོས་མི་ཆོག
        དོན་ཚན་སུམ་ཅུ་བ། གྲོང་རྡལ་གྱི་གཞུང་ལམ་དུ་སྐྱོད་པའི་འཕྲུལ་སྒུལ་རླངས་འཁོར་རྣམས་གཙང་ཞིང་གྲ་དག་པ་དང་། སྒོ་རྟགས་ཀྱི་ཡིག་གཟུགས་གསལ་ཞིང་ཆ་ཚང་བ་ཞིག་ཡིན་དགོས་པ་དང་། འཕྲུལ་སྒུལ་རླངས་འཁོར་དང་འཕྲུལ་སྒུལ་མིན་པའི་རླངས་འཁོར་རྣམས་རྐང་ལམ་དང་། ལྗང་སྒྱུར་ཁུལ། དེ་མིན་སྲང་ལམ་གྱི་གཞོགས་གཉིས་དང་། སྤྱི་བའི་འདུ་གནས་ཀྱི་འཁོར་ལྷས་མིན་སར་བཞག་མི་ཆོག
        རླངས་འཁོར་གྱི་ངོས་སུ་བརྡ་ཁྱབ་སྦྱོར་བའམ་དྲིལ་བསྒྲགས་དངོས་རྫས་སྒྲིག་འགོད་བྱེད་སྐབས། ཚད་གཞི་དང་མཐུན་ཞིང་། གཙང་ཞིང་གྲ་དག་པ། ཡ་རབས་ཚུལ་ལྡན། བདེ་ཐང་སྐྱོན་བྲལ་ཞིག་ཡིན་དགོས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་སྤྱི་སྒྲིག་སྲོལ་བཟང་དང་འགལ་བའི་ཡི་གེ་དང་པར་རིས་སྤྱད་མི་ཆོག
        གཤེར་གཟུགས་དང་སིལ་མའི་དངོས་ཟོག་སོགས་གཏོར་སླ་བའི་དངོས་པོ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་གྱིས་ཁ་དམ་པོར་བཅད་ནས་འགྲོ་རྒྱུ་ལས། ཕྱིར་བཤོ་བ་དང་། གཏོར་བའམ་འདམ་གྱིས་ཁེངས་ནས་ལམ་དུ་བསྐྱོད་མི་ཆོག
        སྡེ་ཚན་དང་། ཚོང་ར། ཆང་ཁང་། མགྲོན་ཁང་བཅས་ཀྱི་འཁོར་ལྷས་སྤྱི་ཚོགས་ལ་སྒོ་འབྱེད་པར་དར་སྤེལ་གཏོང་དགོས།
ལེའུ་བཞི་པ། ཁོར་ཡུག་འཕྲོད་བསྟེན་དོ་དམ།
        དོན་ཚན་སོ་གཅིག་པ། གྲོང་རྡལ་གྱི་ཁོར་ཡུག་འཕྲོད་བསྟེན་སྒྲིག་བཀོད་རྣམས་དོན་དངོས་ཀྱི་དགོས་མཁོ་ལྟར་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ཏེ་འཇོག་དགོས་པ་དང་། དོ་དམ་དང་བེད་སྤྱོད་སྡེ་ཚན་གྱིས་ཁོར་ཡུག་འཕྲོད་བསྟེན་སྒྲིག་བཀོད་ལ་ཉམས་གསོ་དང་བདག་སྐྱོང་བཟང་བོ་བྱས་ཏེ། གཙང་ཞིང་གྲ་དག་པ་དང་། ཆག་སྐྱོན་མེད་པ་བཅས་ཡིན་པར་བྱེད་དགོས།
        སྡེ་ཚན་དང་མི་སྒེར་སུས་ཀྱང་འཆར་འགོད་གཏན་འཁེལ་བྱས་ཟིན་པའི་གྲོང་རྡལ་གྱི་ཁོར་ཡུག་འཕྲོད་བསྟེན་སྒྲིག་བཀོད་འཛུགས་སའི་ས་ཆ་གང་འདོད་ཀྱིས་སྤྱད་མི་ཆོག་པ་དང་། གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་སྒྲིག་བཀོད་ལ་གཏོར་སྐྱོན་གཏོང་བ་དང་། བཟུང་སྤྱོད། བཤིག་གཏོར། སྤོ་སྒུལ། སྤྱོད་མཚམས་འཇོག་པ་བཅས་བྱས་མི་ཆོག འཛུགས་སྐྲུན་དགོས་མཁོའི་དབང་གིས་བཟུང་སྤྱོད་དང་། བཤིག་གཏོར། སྤོ་སྒུལ། སྤྱོད་མཚམས་འཇོག་པ་བཅས་བྱ་དགོས་བྱུང་ཚེ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཆོག་མཆན་ཞུ་དགོས།
        དོན་ཚན་སོ་གཉིས་པ། རྫོང་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ལག་རྩལ་ཚད་གཞི་དང་རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་འཛུགས་སྐྲུན་འཆར་འགོད་ལྟར། བཤང་གཅི་དང་། བཙོག་ཆུ། གནོད་མེད་གད་སྙིགས་གཙང་སེལ་བྱེད་ས་འཛུགས་དགོས་པར་མ་ཟད། དེ་འཚམ་གྱི་སྒྲིག་ཆས་བཀོད་སྒྲིག་བྱེད་དགོས།
        གྲོང་རྡལ་གྱི་གཞུང་ལམ་གཡས་གཡོན་དང་། སྡོད་ཁུལ། དེ་བཞིན་ཚོང་ཁང་དང་། ཐང་ཆེན། སྤྱི་གླིང་། ཚོང་འདུས་ཁྲོམ་ར། ཁྲིམས་མཐུན་གནས་སྐབས་ལས་གཉེར་ཁྲོམ་སྟེགས། གསོལ་མགྲོན་ཁང་། རླངས་འཁོར་འབབ་ཚུགས། འཁོར་ལྷས་སོགས་སྤྱི་བའི་འདུ་གནས་སུ་སྒོ་སྡོམ་རྣམ་པའི་གད་སྙིགས་བསྡུ་རུབ་སྣོད་ཆས་སོགས་ཁོར་ཡུག་འཕྲོད་བསྟེན་སྒྲིག་ཆས་བཀོད་སྒྲིག་བྱེད་དགོས།
        དོན་ཚན་སོ་གསུམ་པ། སྤྱི་བའི་འདུ་གནས་སུ་གཤམ་གསལ་བྱ་སྤྱོད་སྤེལ་མི་ཆོག་སྟེ།
        (གཅིག) གང་སར་ཁ་ལུད་འཕེན་པ་དང་། བཤང་གཅི་འདོར་བ།
        (གཉིས།) དུ་སྣེ་དང་དུ་སྣོད། སིལ་ཤུན་དང་ཚི་གུ། སིལ་ཁུའི་སྣོད། ཐང་ཆུ། ཤོག་སྙིགས། དངོས་རྫས་ཀྱི་སྒྲིལ་ཐུམ། འགྱིག་ཁུག་སོགས་བེད་མེད་དངོས་རོ་གང་བྱུང་དུ་བསྐྱུར་བ།
        (གསུམ།) འཛུགས(བཟོ)སྐྲུན་དངོས་པོའམ་རླངས་འཁོར་ནང་ནས་སྙིགས་རྫས་དང་བེད་མེད་དངོས་རོ་ཕྱི་རུ་གཏོར་བ།
        (བཞི།) དམིགས་འཛུགས་བྱས་པ་མིན་པའི་ས་གནས་སུ་གད་སྙིགས་དང་། ས་སྙིགས། བཙོག་ཆུ། སྣུམ་སྙིགས། བཤང་གཅི་སོགས་འདོར་བ་དང་། སྲོག་ཆགས་ཀྱི་བེམ་རོ་སོགས་བེད་མེད་དངོས་རོ་གང་བྱུང་དུ་འཕེན་པའམ་ཡང་ན་བེད་མེད་དངོས་རོ་གྲོང་རྡལ་གྱི་ཆུ་འབུད་ཡུར་བུ་དང་ས་འོག་སྦུག་ལམ་དུ་ཕྱགས་པ་དང་བཤོ་བ།
        (ལྔ།) སོག་མ་དང་། སྡོང་ལོ། གད་སྙིགས་སམ་བེད་མེད་དངོས་རོ་གཞན་དག་མེར་སྲེག་པ།
        (དྲུག) དྭངས་སྙིགས་ཕྱེ་མེད་པ་དང་སྲ་གཟུགས་དངོས་རོ་འདྲེས་པའི་བཙོག་ཆུ་དང་བཟའ་བཏུང་གི་བཤལ་ཆུ་སོགས་བཙོག་ཆུའི་སྦུག་ལམ་དུ་འབུད་པ།
        (བདུན།) བེད་མེད་གློག་གཡིས་དང་། གློག་རྡུལ་ཐོན་རྫས་རྙིང་བ། དུག་ལྡན་དང་གནོད་ལྡན་རྫས་འགྱུར་མཁོ་ཆས་སོགས་གང་བྱུང་དུ་འཕེན་པ།
        (བརྒྱད།) ཁོར་ཡུག་འཕྲོད་བསྟེན་ལ་གནོད་པའི་བྱ་སྤྱོད་གཞན་དག
        དོན་ཚན་སོ་བཞི་བ། བསང་གཏོང་བ་དང་། རླུང་རྟ་སྤུར་བ། དུར་ཤོག་བསྲེགས་པ། ཤོག་སྦག་སྤར་བ་སོགས་ཀྱི་བྱེད་སྒོ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་གྲོང་རྡལ་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་གནས་སུ་སྤེལ་དགོས།
        སྡོད་ཁུལ་ཆུང་བའི་བསང་གཏོང་ས་དེ་གཞིས་བདག་ཐུན་མོང་ནས་གྲོས་བྱས་ཏེ་གཏན་འཁེལ་བྱེད་དགོས། བསང་གཏོང་སར་དེ་འཚམ་གྱི་བདེ་འཇགས་དང་གཙང་སྦྲའི་སྒྲིག་ཆས་བཀོད་སྒྲིག་བྱེད་དགོས་པར་མ་ཟད། དུས་ཐོག་ཏུ་བདག་བྱས་ཏེ་ཁོར་ཡུག་གཙང་ཞིང་གྲ་དག་པ་ཞིག་ཡིན་པར་རྒྱུན་འཁྱོངས་བྱེད་དགོས།
        གྲོང་རྡལ་གྱི་ཟམ་པ་དང་། ལྗང་སྒྱུར་ཁུལ། སྐྱེད་ཚལ་ལྗང་ས་དང་འགྲིམ་འགྲུལ་མཚོན་རྟགས་སོགས་སྤྱི་བའི་སྒྲིག་བཀོད་སྟེང་དར་ལྕོག་འཐེན་མི་ཆོག
        དོན་ཚན་སོ་ལྔ་བ། འཚོ་བའི་གད་སྙིགས་རིགས་དབྱེ་ནས་འཇོག་པ་དང་། བསྡུ་རུབ། དབོར་འདྲེན། གཙང་བཅོས་བཅས་བྱ་རྒྱུ་ཁྱབ་སྤེལ་གཏོང་དགོས།
        འཚོ་བའི་གད་སྙིགས་རྣམས་ཡུལ་མིར་སྟབས་བདེ་བ་དང་ཁོར་ཡུག་ལ་སྦགས་བཙོག་མི་ཐེབས་པའི་སྔོན་འགོག་བྱེད་ཐབས་སྤྱད་དེ། ཁུག་མའི་ནང་བཅུག་ནས་ཁ་དམ་པོར་བསྡམས་ཏེ་བསྡུ་རུབ་བྱེད་པ་དང་། སྒོ་སྡོམ་རྣམ་པའི་འཚོ་བའི་གད་སྙིགས་བསྡུ་རུབ་སྣོད་ཆས་དང་བསྡུ་རུབ་ར་བ་ལུགས་མཐུན་གྱིས་འཛུགས་དགོས་པར་མ་ཟད། དུས་ཐོག་ཏུ་གཙང་འདྲེན་བྱས་ཏེ་ཉིན་དེའི་གད་སྙིགས་ཉིན་དེར་གཙང་སེལ་བྱེད་དགོས།
        འཚོ་བའི་གད་སྙིགས་དང་ཟ་ཁང་གི་གད་སྙིགས་ཐོན་ས་སྡེ་ཚན་དང་མི་སྒེར་གྱིས་རྫོང་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་རིན་བསྡུ་ཚད་གཞི་ལྟར་གད་སྙིགས་གཙང་སེལ་བྱེད་པའི་རིན་པ་སྤྲོད་དགོས། གད་སྙིགས་གཙང་སེལ་རིན་གོང་ཡོངས་བསྒྲགས་བྱས་ཏེ་སྤྱི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།
        དོན་ཚན་སོ་དྲུག་པ། བཟོ་ལས་དང་། སྨན་བཅོས། ཤ་རིགས་བཤས་གཏོང་། སྐྱེ་དངོས་ཐོན་རྫས་སོགས་ལས་བྱུང་བའི་གད་སྙིགས་དང་། དུག་ལྡན་གནོད་ལྡན་གྱི་གད་སྙིགས་གཞན་དག་འབྲེལ་ཡོད་གཏན་འཁེལ་ལྟར་ལོགས་སུ་བསྡུ་རུབ་དང་། དབོར་འདྲེན། གཙང་བཅོས་བཅས་བྱེད་དགོས་པ་ལས་འཚོ་བའི་གད་སྙིགས་དང་བསྲེས་མི་ཆོག
        འཛུགས་སྐྲུན་གད་སྙིགས་དམིགས་བཙུགས་ཀྱི་གནས་སུ་བསྐྱལ་ནས་གཙང་སེལ་བྱེད་པ་དང་། ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་དགོས།
        ཟ་ཁང་གི་གད་སྙིགས་ཐོབ་ཐང་ལྡན་པའི་སྡེ་ཚན་གྱིས་གཅིག་གྱུར་སྒོས་བསྡུ་རུབ་དང་། དབོར་འདྲེན། གཙང་བཅོས་བཅས་བྱེད་དགོས།
        དོན་ཚན་སོ་བདུན་པ། ཚོང་འདུས་ཁྲོམ་ར་དང་། ཡུལ་སྐོར་ལྗོངས་ཁུལ། རླངས་འཁོར་འབབ་ཚུགས། ཐང་ཆེན་སོགས་སྤྱི་བའི་འདུ་གནས་སུ་ཆུ་བཤལ་རྣམ་པའམ་ཡང་ན་ནུས་སྲི་ཁོར་སྲུང་རྣམ་པའི་སྤྱི་བའི་གསང་སྤྱོད་ཁང་འཛུགས་སྐྲུན་བྱེད་དགོས་པར་མ་ཟད། མཚོན་རྟགས་གསལ་བོར་འགོད་པ་དང་། ཆེད་བསྐོས་མི་སྣས་རྒྱུན་པར་གཙང་སྦྲ་བྱས་ཏེ་རིན་མེད་བེད་སྤྱོད་བྱེད་དུ་འཇུག་དགོས།
        སྤྱི་བའི་འདུ་གནས་སུ་རིག་རྩལ་རྩེད་འཇོ་ཆེ་གྲས་དང་། རྟེན་འབྲེལ་མཛད་སྒོ། ཚོང་དོན། འདུ་ཚོགས་སོགས་བྱེད་སྒོ་སྤེལ་སྐབས། སྤེལ་མཁན་གྱིས་བྱེད་སྒོ་སྤེལ་ཡུལ་དུ་གད་སྙིགས་བསྡུ་རུབ་ཀྱི་སྒྲིག་ཆས་འཛུགས་དགོས་པ་དང་། དགོས་མཁོར་གཞིགས་ཏེ་གནས་སྐབས་ཀྱི་གསང་སྤྱོད་ཁང་འཛུགས་དགོས། བྱེད་སྒོ་མཇུག་སྒྲིལ་རྗེས་དུས་ཐོག་ཏུ་སྔར་གྱི་རྣམ་པ་སླར་གསོ་བྱས་ཏེ་ཁོར་ཡུག་གཙང་མར་བཟོ་དགོས།
        དོན་ཚན་སོ་བརྒྱད་པ། གྲོང་རྡལ་གྱི་འཛུགས་སྐྲུན་ལས་ཡུལ་དུ་གཤམ་གསལ་གྱི་གཏན་འབེབས་བརྩི་སྲུང་བྱེད་དགོས་ཏེ།
        (གཅིག) ལས་ཡུལ་མཐའ་འཁོར་དུ་འབྲེལ་ཡོད་ཚད་གཞི་ལྟར་ར་སྐོར་བཀན་མོ་རྒྱག་དགོས་པ་དང་མཚོན་རྟགས་གསལ་བོ་འཛུགས་དགོས།
        (གཉིས།) སྔོག་གསོག་བྱས་པའི་ཁེབས་མེད་ར་བར་རྡུལ་འགོག་དྲ་བ་འགེབས་པ་དང་ཆུ་གཏོར་ནས་ཐལ་རྡུལ་འགོག་དགོས།
        (གསུམ།) ལས་ཡུལ་གྱི་འགྲོ་ལམ་གཙོ་བོ་དང་། ཐོན་སྒོ། འཛུལ་སྒོ་ཡོད་སའི་ལམ་སྲ་བསྒྱུར་བྱེད་དགོས་པ་དང་། དེ་འཚམ་གྱི་རླངས་འཁོར་འཁྲུད་ཆས་བཀོད་སྒྲིག་བྱེད་དགོས།
        (བཞི།) བཟོ་སྐྲུན་མཇུག་སྒྲིལ་ནས་ཞིབ་བཤེར་རྩིས་ལེན་མ་བྱས་གོང་དུ་ལས་ཡུལ་གཙང་བཟོ་ལེགས་བཅོས་བྱེད་པ་དང་། འཛུགས་སྐྲུན་གད་སྙིགས་ཚད་ལྡན་གྱིས་གཙང་སེལ་བྱེད་དགོས་པར་མ་ཟད། ཉེ་འཁོར་དུ་བཟོ་སྐྲུན་གྱིས་གནོད་སྐྱོན་ཕོག་པའི་སྤྱི་བའི་སྒྲིག་བཀོད་དང་ལྗང་ས་དུས་ཐོག་ཏུ་ཉམས་གསོ་བྱེད་དགོས།
        དོན་ཚན་སོ་དགུ་བ། རྫོང་མི་དམངས་སྲིད་གཞུང་གནས་སའི་གྲོང་རྡལ(སྲང་ལམ)འཛུགས་སྐྲུན་ཁུལ་དང་གྲོང་རྡལ་ཅན་གྱི་དོ་དམ་ཁུལ་གཞན་དག་ཏུ་ཁྱིམ་བྱ་དང་། ཆུ་བྱ། ངང་བ། རི་བོང་། གླང་། ལུག ཕག་པ་སོགས་ཁྱིམ་བྱ་སྒོ་ཟོག་གི་རིགས་གསོ་བར་གཏན་འགོག་བྱེད་དགོས་པ་དང་། གྲོང་རྡལ་འཛུགས་སྐྲུན་ཁུལ་གཞན་དག་ཏུ་སྒོ་ཟོག་དང་ཁྱིམ་བྱའི་རིགས་གསོ་ཚགས་བྱེད་དུས་ར་སྐོར་བརྒྱབ་སྟེ་གསོ་དགོས།
        སློབ་ཁྲིད་དང་། ཚན་རིག་ཞིབ་འཇུག  དེ་བཞིན་དམིགས་བསལ་དགོས་མཁོ་གཞན་དག་གི་དབང་གིས་གསོ་ཚགས་བྱ་དགོས་ན། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཆོག་མཆན་ཞུས་ནས་ར་བའི་ནང་གསོ་དགོས་པ་ལས། ཁོར་ཡུག་ལ་སྦགས་བཙོག་བཟོས་མི་ཆོག
        དོན་ཚན་བཞི་བཅུ་བ། སྡོད་དམངས་ཀྱིས་གཅེས་ཟོག་གསོ་བར་རྒྱལ་ཁབ་ཀྱི་རིམས་བཤེར་རིམས་ཐར་དང་ཐོ་འགོད་སྐོར་གྱི་འབྲེལ་ཡོད་གཏན་འཁེལ་ལ་བརྩི་སྲུང་བྱེད་དགོས་པ་ལས། གང་འདོད་དུ་གཏོང་བའམ་ཡང་ན་མཐའ་འཁོར་སྡོད་དམངས་ཀྱི་རྒྱུན་ལྡན་འཚོ་བར་གནོད་པ་ཐེབས་སུ་འཇུག་མི་རུང་། སློབ་གྲྭ་དང་། སྨན་ཁང་། དཔེ་མཛོད་ཁང་། དངོས་མང་བཤམས་སྟོན་ཁང་། ལུས་རྩལ་ཁང་། ཚོང་ཁང་། ཟ་ཁང་སོགས་སྤྱི་བའི་འདུ་གནས་སུ་གཅེས་ཟོག་ཁྲིད་ནས་ཡོང་མི་ཆོག་པ་དང་། གཅེས་ཟོག་ཁྲིད་དེ་སྤྱི་བའི་འགྲིམ་འགྲུལ་ཡོ་བྱད་ལ་བསྡད་མི་ཆོག
        གཅེས་ཟོག་གིས་བགྲོད་ལམ་དང་སྤྱི་བའི་འདུ་གནས་གཞན་དག་ཏུ་གཅིན་སྐྱག་བཏང་ན། གསོ་མཁན་ནམ་དོ་དམ་བྱེད་མཁན་གྱིས་དུས་ཐོག་ཏུ་གཙང་སེལ་བྱེད་དགོས།
        ཁྱི་གསོ་མཁན་གྱིས་ཁྱི་སྒོ་ཕྱི་ལ་ཁྲིད་དགོས་ན། ཁྱི་ལ་སྐེ་ཐག་དཀྲི་དགོས་པ་དང་། ཁྱི་ཆུང་གྲས་ཀྱི་སྐེ་ཐག་གི་རིང་ཚད་སྨི2ལས་མི་བརྒལ་བ་དང་། ཁྱི་ཆེ་གྲས་དང་ཁྱི་བཙན་པོའི་སྐེ་ཐག་གི་རིང་ཚད་སྨི1.5ལས་བརྒལ་མི་ཆོག་པར་མ་ཟད། དེར་ཁ་ཤུབས་སྐོན་ཏེ་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་མིས་ཁྲིད་དགོས། རང་རྟོགས་གྱིས་རྒན་པོ་དང་། དབང་བོ་སྐྱོན་ཅན། སྦྲུམ་མ། བྱིས་པ། དེ་བཞིན་རླངས་འཁོར་བཅས་ལ་གཡོལ་དགོས་པ་དང་། འཚང་ཁ་ཆེ་སར་སྐེ་ཐག་ཇེ་ཐུང་དུ་བཏང་ནས་དམ་པོར་འཛིན་དགོས།
        རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན། ཞིང་ཕྱུགས། སྤྱི་བདེ། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་གིས། རང་སོ་སོའི་འགན་འཁྲི་ལྟར་གྲོང་ཁུལ་གྱི་ཁྱི་སྡོམ་དང་བྱི་ལ་སྡོམ་པོ་སོགས་བདག་མེད་སྲོག་ཆགས་དུས་ཐོག་ཏུ་བཀོད་སྒྲིག་བྱེད་དགོས།
        དོན་ཚན་ཞེ་གཅིག་པ། གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ། སྤྱི་བདེ་ལས་ཁུངས་བཅས་ཀྱིས་སྡེ་ཁུལ་གྱི་ཐོག་བརྩེགས་སྡོད་ཁང་ནང་གི་ལས་གཉེར་བྱེད་སྒོ་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དགོས་པ་དང་། རྩ་འཛུགས་དང་མི་སྒེར་སུས་ཀྱང་སྡེ་ཁུལ་གྱི་ཐོག་ཁང་ནང་དུ་ཁྲིམས་འགལ་གྱིས་སྒེར་ཚལ་ཟ་ཁང་གཉེར་ཞིང་། མཱ་ཅང་རྩེད་ཁང་འཛུགས་པ་སོགས་མིག་མངས་ཤོག་ཤོའི་ཞབས་ཕྱི་སྣ་ཚོགས་སྤེལ་བ་དང་། དེ་མིན་ཁྱིམ་མཚེས་ཀྱི་དུས་རྒྱུན་འཚོ་བ་དང་ཕྱིར་སྐྱོད་ལ་གནོད་པའི་ལས་གཉེར་བྱེད་སྒོ་སྤེལ་མི་ཆོག
ལེའུ་ལྔ་བ། བཅའ་ཁྲིམས་ཀྱི་འགན་འཁྲི།
        དོན་ཚན་ཞེ་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་འདུག་ཅིང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་གཏན་འབེབས་བྱས་ཟིན་པའི་སྐོར་གཏན་འབེབས་དེ་དང་བསྟུན་དགོས།
        དོན་ཚན་ཞེ་གསུམ་པ། སྲོལ་ཡིག་འདིའི་དོན་ཚན་བཅོ་ལྔ་བའི་གཏན་འབེབས་དང་འགལ་བའི་རིགས་ལ་རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ལྟར་ཡོ་བསྲང་བྱེད་དུ་འཇུག་དགོས། དུས་ལས་བརྒལ་ཡང་ཡོ་བསྲང་མ་བྱས་ན། མི་སྒེར་ལ་ཐ་ཚིག་སྒྲོག་རྒྱུ་དང་སྒོར་ལྔ་བཅུ་ཡན་ནས་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་པ་དང་། སྡེ་ཚན་ལ་སྒོར་ལྔ་བརྒྱ་ཡན་ནས་ཉིས་སྟོང་མན་གྱི་དངུལ་ཆད་གཅོད་དགོས།
        དོན་ཚན་ཞེ་བཞི་བ། སྲོལ་ཡིག་འདིའི་དོན་ཚན་བཅོ་བརྒྱད་པ་དང་། དོན་ཚན་ཉེར་གཅིག་པ། དོན་ཚན་ཉེར་གཉིས་པ། དོན་ཚན་ཉེར་བཞི་བ། དོན་ཚན་ཉེར་ལྔ་བ་བཅས་ཀྱི་གཏན་འབེབས་དང་འགལ་བའི་རིགས་ལ་རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་དགོས། དུས་ལས་བརྒལ་ཡང་ཡོ་བསྲང་མ་བྱས་ན། མི་སྒེར་ལ་སྒོར་ཉིས་བརྒྱ་ཡན་ནས་ཆིག་སྟོང་མན་གྱི་དངུལ་ཆད་གཅོད་པ་དང་། སྡེ་ཚན་ལ་སྒོར་ཉིས་སྟོང་ཡན་ནས་ཆིག་ཁྲི་མན་གྱི་དངུལ་ཆད་གཅོད་དགོས།
        དོན་ཚན་ཞེ་ལྔ་བ། སྲོལ་ཡིག་འདིའི་དོན་ཚན་བཅུ་དགུ་བའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་རྒྱུའི་བཀའ་གཏོང་དགོས་པ་དང་། དུས་བཀག་ནང་གཙང་སེལ་དང་བཤིག་ཏུ་འཇུག་པའམ་ཡང་ན་གུན་གསབ་བྱེད་ཐབས་གཞན་དག་སྤྱད་ཐོག མི་སྒེར་ལ་སྒོར་ཉིས་བརྒྱ་ཡན་ནས་ཆིག་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ་དང་སྡེ་ཚན་ལ་སྒོར་ལྔ་སྟོང་ཡན་ནས་ཆིག་ཁྲི་མན་གྱི་དངུལ་ཆད་གཅོད་དགོས།
        དོན་ཚན་ཞེ་དྲུག་པ། སྲོལ་ཡིག་འདིའི་དོན་ཚན་ཉི་ཤུ་བའི་གཏན་འབེབས་དང་འགལ་ནས་མཛེས་ལྗོངས་གློག་སྒྲོན་སྒྲིག་བཀོད་དེ་གྲོང་རྡལ་གྱི་མཛེས་ལྗོངས་གློག་སྒྲོན་སྒྲིག་བཀོད་འཆར་འགོད་དང་ལག་རྩལ་ཚད་གཞི་དང་མི་མཐུན་པའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས། འཛུགས་སྐྲུན་སྡེ་ཚན་ནམ་ཡང་ན་དོ་དམ་སྡེ་ཚན་ལ་དུས་བཀག་ནང་སྒྱུར་བཀོད་དམ་ཡང་ན་བཤིག་རྒྱུའི་བཀའ་གཏོང་བ་དང་། དུས་ལས་བརྒལ་ཡང་སྒྱུར་བཀོད་བྱས་མེད་པའམ་ཡང་ན་བཤིག་མེད་པའི་རིགས་ལ་སྒོར་ལྔ་སྟོང་ཡན་ནས་སྒོར་ཆིག་ཁྲི་མན་གྱི་དངུལ་ཆད་གཅོད་པ་དང་། མཛེས་ལྗོངས་གློག་སྒྲོན་གྱི་སྒྲིག་བཀོད་ལ་བཙོག་སྐྱོན་དང་གཏོར་སྐྱོན་བྱུང་ཡང་དུས་ཐོག་ཏུ་གཙང་བཤེར་དང་ཉམས་གསོ་མ་བྱས་པའམ་ཡང་ན་གཏན་འབེབས་ལྟར་མཛེས་ལྗོངས་གློག་འོད་གྱི་གློག་སྒོ་མ་བརྒྱབ་པར་ཡུལ་མིའི་རྒྱུན་ལྡན་གྱི་འཚོ་བར་གནོད་རྐྱེན་བཟོས་ན། མཛེས་ལྗོངས་གློག་སྒྲོན་སྒྲིག་བཀོད་ཀྱི་བདག་པོའམ་ཡང་ན་དོ་དམ་གྱི་འགན་འཁུར་མཁན་ལ་སྒོར་ལྔ་བརྒྱ་ཡན་ནས་ཉིས་སྟོང་མན་གྱི་དངུལ་ཆད་གཅོད་དགོས།
        དོན་ཚན་ཞེ་བདུན་པ། སྲོལ་ཡིག་འདིའི་དོན་ཚན་ཉེར་གསུམ་པའི་གཏན་འབེབས་དང་བོ་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ནང་སྒྱུར་བཀོད་དམ་ཡང་ན་བཤིག་རྒྱུའི་བཀའ་གཏོང་རྒྱུ་དང་། དུས་ལས་བརྒལ་ཡང་སྒྱུར་བཀོད་བྱས་མེད་པའམ་ཡང་ན་བཤིག་མེད་པའི་རིགས་ལ་ཁྲིམས་ལྟར་བཙན་ཤེད་ཀྱིས་བཤིག་ཏུ་འཇུག་རྒྱུ་དང་མི་སྒེར་ལ་སྒོར་ལྔ་བརྒྱ་ཡན་ནས་སྒོར་ཆིག་སྟོང་མན་གྱི་ཆད་པ་གཅོད་རྒྱུ་དང་སྡེ་ཚན་ལ་སྒོར་ཉིས་སྟོང་ཡན་ནས་ཆིག་ཁྲི་མན་གྱི་ཆད་པ་གཅོད་དགོས།
        སྲོལ་ཡིག་འདིའི་དོན་ཚན་ཉེར་གསུམ་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས། དུས་བཀག་ནང་གཙང་སེལ་དང་། བཟོ་བཅོས། བརྗེ་སྒྱུར་བཅས་བྱ་རྒྱུའི་བཀའ་གཏོང་དགོས། དུས་ལས་བརྒལ་ཡང་གཙང་སེལ་དང་། བཟོ་བཅོས། བརྗེ་སྒྱུར་བཅས་བྱས་མེད་པའི་རིགས་ལ། མི་སྒེར་ལ་སྒོར་བརྒྱ་ཡན་ནས་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་སྡེ་ཚན་ལ་སྒོར་ཆིག་སྟོང་ཡན་ནས་ལྔ་སྟོང་མན་གྱི་དངུལ་ཆད་གཅོད་དགོས།
        སྲོལ་ཡིག་འདིའི་དོན་ཚན་ཉེར་གསུམ་པའི་ནང་གསེས་དོན་ཚན་གསུམ་པའི་གཏན་འབེབས་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་རྒྱུའི་བཀའ་གཏོང་དགོས། དུས་བཀག་ནང་གཙང་སེལ་དང་བཤིག་ཏུ་འཇུག་པའམ་ཡང་ན་གུན་གསབ་བྱེད་ཐབས་གཞན་དག་སྤྱོད་རྒྱུའི་བཀའ་འབེབས་དགོས་པ་དང་། མི་སྒེར་ལ་སྒོར་ལྔ་བརྒྱ་ཡན་ནས་ཆིག་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ་དང་སྡེ་ཚན་ལ་སྒོར་ལྔ་སྟོང་ཡན་ནས་ཆིག་ཁྲི་མན་གྱི་དངུལ་ཆད་གཅོད་དགོས། 
        དོན་ཚན་ཞེ་བརྒྱད་པ། སྲོལ་ཡིག་འདིའི་དོན་ཚན་ཉེར་དྲུག་པའི་གཏན་འབེབས་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས། ཁྲིམས་འགལ་གྱི་བྱ་སྤྱོད་ཡོ་བསྲང་བྱ་རྒྱུའི་བཀའ་གཏོང་བ་དང་། གུན་གསབ་བྱེད་ཐབས་སྤྱོད་རྒྱུ་དང་འབྲེལ་སྒོར་ལྔ་བཅུ་ཡན་ནས་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས། 
        དོན་ཚན་ཞེ་དགུ་བ། སྲོལ་ཡིག་འདིའི་དོན་ཚན་ཉེར་བདུན་པའི་ནང་གསེས་དོན་ཚན་དང་བོའི་གཏན་འབེབས་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་བཀའ་ཕབ་ནས་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་། ཡོ་བསྲང་མི་བྱེད་མཁན་ལ་སྒོར་ཉིས་བརྒྱ་ཡན་ནས་ཆིག་སྟོང་མན་གྱི་དངུལ་ཆད་གཅོད་དགོས།
        སྲོལ་ཡིག་འདིའི་དོན་ཚན་ཉེར་བདུན་པའི་ནང་གསེས་དོན་ཚན་གཉིས་པ་དང་གསུམ་པའི་གཏན་འབེབས་དང་འགལ་བའི་རིགས་ལ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཀའ་ཕབ་ནས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་དགོས་པ་དང་། སྒོར་ཉིས་བརྒྱ་ཡན་ནས་སྒོར་ཉིས་སྟོང་མན་གྱི་དངུལ་ཆད་གཅོད་དགོས།
        སྲོལ་ཡིག་འདིའི་དོན་ཚན་ཉེར་བདུན་པའི་ནང་གསེས་དོན་ཚན་བཞི་བའི་གཏན་འབེབས་དང་འགལ་བའི་རིགས་ལ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཡོ་བསྲང་བྱ་རྒྱུའི་བཀའ་གཏོང་དགོས་པ་དང་། ཡོ་བསྲང་མི་བྱེད་མཁན་ལ་སྒོར་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས།
        དོན་ཚན་ལྔ་བཅུ་བ། སྲོལ་ཡིག་འདིའི་དོན་ཚན་ཉེར་བརྒྱད་པའི་ནང་གསེས་དོན་ཚན་གཉིས་པ་དང་གསུམ་པའི་གཏན་འབེབས་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཙང་སེལ་བྱ་རྒྱུའི་བཀའ་གཏོང་དགོས། གཙང་སེལ་མི་བྱེད་པའམ་གཙང་སེལ་བྱེད་ཐབས་མེད་ན། མི་སྒེར་ལ་སྒོར་ལྔ་བཅུ་ཡན་ནས་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་པ་དང་། སྡེ་ཚན་ལ་སྒོར་ལྔ་བརྒྱ་ཡན་ནས་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་གཅོད་དགོས།
        དོན་ཚན་ང་གཅིག་པ། སྲོལ་ཡིག་འདིའི་དོན་ཚན་ཉེར་དགུ་བའི་གཏན་འབེབས་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱ་རྒྱུའི་བཀའ་གཏོང་དགོས། དུས་ལས་བརྒལ་ཡང་ཡོ་བསྲང་མ་བྱས་ན། སྒོར་ལྔ་བརྒྱ་ཡན་ནས་སྒོར་ཉིས་སྟོང་མན་གྱི་དངུལ་ཆད་གཅོད་དགོས།
        དོན་ཚན་ང་གཉིས་པ། སྲོལ་ཡིག་འདིའི་དོན་ཚན་སུམ་ཅུ་བའི་ནང་གསེས་དོན་ཚན་དང་བོའི་གཏན་འབེབས་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་། སྤྱི་བདེ་ལས་ཁུངས་ཀྱིས་འགན་དབང་ལྟར་ཡོ་བསྲང་བྱ་རྒྱུའི་བཀའ་གཏོང་རྒྱུ་དང་འབྲེལ་སྒོར་ལྔ་བཅུ་ཡན་ནས་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས།
        སྲོལ་ཡིག་འདིའི་དོན་ཚན་སུམ་ཅུ་བའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱ་རྒྱུའི་བཀའ་གཏོང་རྒྱུ་དང་འབྲེལ་སྒོར་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས།
        སྲོལ་ཡིག་འདིའི་དོན་ཚན་སུམ་ཅུ་བའི་ནང་གསེས་དོན་ཚན་གསུམ་པའི་གཏན་འབེབས་དང་འགལ་ནས་ཁ་དམ་པོ་བསྡམས་མེད་པའམ་བཀབ་མེད་པའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་ རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་སྟེ། སྒོར་ཉིས་བརྒྱ་ཡན་ནས་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་གཅོད་དགོས། ལམ་བར་ནས་གད་སྙིགས་སོགས་ཕྱིར་ཟགས་པ་དང་ཐོར་བའམ་ཡང་ན་འདམ་གྱིས་ཁེངས་ནས་ལམ་དུ་སྐྱོད་པ་བཅས་ལ་རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ནང་གཙང་སེལ་བྱ་རྒྱུའི་བཀའ་གཏོང་དགོས་པ་དང་། སྒོར་ཆིག་སྟོང་ཡན་ནས་ལྔ་སྟོང་མན་གྱི་དངུལ་ཆད་གཅོད་དགོས། ཉེས་ཚབས་ཆེ་བའི་རིགས་ལ་སྒོར་ལྔ་སྟོང་ཡན་ནས་ཆིག་ཁྲི་མན་གྱི་དངུལ་ཆད་གཅོད་དགོས།
        དོན་ཚན་ང་གསུམ་པ། སྲོལ་ཡིག་འདིའི་དོན་ཚན་སོ་གཅིག་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་དང་འགལ་ནས་ཁོར་ཡུག་འཕྲོད་བསྟེན་སྒྲིག་བཀོད་རང་དགར་གྱིས་བཟུང་སྤྱོད་དང་། གཏོར་བཤིག སྤོ་སྒུལ་བཅས་བྱས་པའམ་ཡང་ན་ཁོར་ཡུག་འཕྲོད་བསྟེན་སྒྲིག་བཀོད་ཀྱི་བཀོལ་སྤྱོད་ངོ་བོར་འགྱུར་ལྡོག་བཏང་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས། སྔར་ཡོད་རྣམ་པ་སླར་གསོ་བྱེད་དུ་འཇུག་པའམ་ཡང་ན་རིན་གོང་ལྟར་སྐྱིན་ཚབ་སྤྲོད་དུ་བཅུག་ཐོག མི་སྒེར་ལ་སྒོར་ཉིས་བརྒྱ་ཡན་ནས་སྒོར་ཆིག་སྟོང་མན་གྱི་ཆད་པ་དང་སྡེ་ཚན་ལ་སྒོར་ལྔ་སྟོང་ཡན་ནས་ཆིག་ཁྲི་མན་གྱི་ཆད་པ་གཅོད་དགོས།
        དོན་ཚན་ང་བཞི་བ། སྲོལ་ཡིག་འདིའི་དོན་ཚན་སོ་གསུམ་པའི་གཏན་འབེབས་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཆད་པ་གཅོད་དགོས། སྲོལ་ཡིག་འདིའི་དོན་ཚན་སོ་གསུམ་པའི་ནང་གསེས་དོན་ཚན་དང་བོ་དང་གསུམ་པའི་གཏན་འབེབས་དང་འགལ་བའི་རིགས་ལ། འཕྲལ་དུ་གཙང་སེལ་བྱེད་དུ་འཇུག་རྒྱུ་དང་སྒོར་ལྔ་བཅུ་ཡན་ནས་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས། སྲོལ་ཡིག་འདིའི་དོན་ཚན་སོ་གསུམ་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་དང་འགལ་བའི་རིགས་ལ། འཕྲལ་དུ་གཙང་སེལ་བྱེད་དུ་འཇུག་རྒྱུ་དང་སྒོར་ཉི་ཤུ་ཡན་ནས་སྒོར་ལྔ་བཅུ་མན་གྱི་དངུལ་ཆད་གཅོད་དགོས། སྲོལ་ཡིག་འདིའི་དོན་ཚན་སོ་གསུམ་པའི་ནང་གསེས་དོན་ཚན་བཞི་བ་ནས་བརྒྱད་པའི་བར་གྱི་གཏན་འབེབས་དང་འགལ་བའི་རིགས་ལ། དུས་བཀག་ནང་གཙང་སེལ་བྱེད་དུ་བཅུག་ཐོག  མི་སྒེར་ལ་སྒོར་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་སྡེ་ཚན་ལ་སྒོར་ལྔ་བརྒྱ་ཡན་ནས་སྒོར་ཉིས་སྟོང་མན་གྱི་དངུལ་ཆད་གཅོད་དགོས།
        དོན་ཚན་ང་ལྔ་བ། སྲོལ་ཡིག་འདིའི་དོན་ཚན་སོ་བཞི་བའི་ནང་གསེས་དོན་ཚན་གསུམ་པའི་གཏན་འབེབས་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཙང་སེལ་བྱེད་རྒྱུའི་བཀའ་གཏོང་དགོས། གཙང་སེལ་མི་བྱེད་མཁན་ལ་སྒོར་ལྔ་བཅུ་ཡན་ནས་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས།
        དོན་ཚན་ང་དྲུག་པ། སྲོལ་ཡིག་འདིའི་དོན་ཚན་སོ་ལྔ་བའི་ནང་གསེས་དོན་ཚན་གསུམ་པའི་གཏན་འབེབས་ལ་འགལ་ནས་གད་སྙིགས་གཙང་སེལ་བྱེད་ཡོན་མི་འཇལ་མཁན་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ནང་འཇལ་དུ་འཇུག་དགོས་པ་དང་། དུས་ལས་བརྒལ་ཡང་འཇལ་སྤྲོད་མ་བྱས་ན་མི་སྒེར་ལ་སྤྲོད་དགོས་པའི་གད་སྙིགས་གཙང་སེལ་གྲོན་དངུལ་གྱི་ལྡབ་གསུམ་མན་ཆད་ནས་སྒོར་ཆིག་སྟོང་ལས་མི་བརྒལ་བའི་དངུལ་ཆད་གཅོད་རྒྱུ་དང་སྡེ་ཚན་ལ་སྤྲོད་དགོས་པའི་གད་སྙིགས་གཙང་སེལ་གྲོན་དངུལ་གྱི་ལྡབ་གསུམ་མན་ཆད་ནས་སྒོར་ཁྲི་གསུམ་ལས་མི་བརྒལ་བའི་དངུལ་ཆད་གཅོད་དགོས།
        དོན་ཚན་ང་བདུན་པ། སྲོལ་ཡིག་འདིའི་དོན་ཚན་སོ་བརྒྱད་པའི་གཏན་འབེབས་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱ་རྒྱུའི་བཀའ་གཏོང་རྒྱུ་དང་འབྲེལ་སྒོར་ཉིས་སྟོང་ཡན་ནས་ཆིག་ཁྲི་མན་གྱི་དངུལ་ཆད་གཅོད་དགོས།
        དོན་ཚན་ང་བརྒྱད་པ། སྲོལ་ཡིག་འདིའི་དོན་ཚན་སོ་དགུ་བའི་ནང་གསེས་དོན་ཚན་དང་བོའི་གཏན་འབེབས་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ནང་ཐག་གཅོད་བྱེད་དགོས་པའི་བཀའ་གཏོང་རྒྱུའམ་ཡང་ན་གཞུང་ལེན་བྱ་རྒྱུ་དང་འབྲེལ་སྒོར་ལྔ་བཅུ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས།
        སྲོལ་ཡིག་འདིའི་དོན་ཚན་སོ་དགུ་བའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་དང་འགལ་བའི་རིགས་ལ། སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ཡོ་བསྲང་བྱ་རྒྱུའི་བཀའ་གཏོང་རྒྱུ་དང་འབྲེལ་སྒོར་ཆིག་སྟོང་ཡན་ནས་སྒོར་ལྔ་སྟོང་མན་གྱི་དངུལ་ཆད་གཅོད་དགོས།
        དོན་ཚན་ང་དགུ་བ། སྲོལ་ཡིག་འདིའི་དོན་ཚན་བཞི་བཅུ་བའི་ནང་གསེས་དོན་ཚན་དང་བོའི་གཏན་འབེབས་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱ་རྒྱུའི་བཀའ་གཏོང་རྒྱུ་དང་འབྲེལ་སྒོར་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས།
        སྲོལ་ཡིག་འདིའི་དོན་ཚན་བཞི་བཅུ་བའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་ཐོག་ཏུ་གཙང་སེལ་བྱ་རྒྱུའི་བཀའ་གཏོང་རྒྱུ་དང་འབྲེལ་སྒོར་ལྔ་བཅུ་ཡན་ནས་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས།
        སྲོལ་ཡིག་འདིའི་དོན་ཚན་བཞི་བཅུ་བའི་ནང་གསེས་དོན་ཚན་གསུམ་པའི་གཏན་འབེབས་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱ་རྒྱུའི་བཀའ་གཏོང་རྒྱུ་དང་འབྲེལ་སྒོར་སུམ་ཅུ་ཡན་ནས་སྒོར་ལྔ་བཅུ་མན་གྱི་དངུལ་ཆད་གཅོད་དགོས།
        དོན་ཚན་དྲུག་ཅུ་བ། སྲོལ་ཡིག་འདིའི་དོན་ཚན་ཞེ་གཅིག་པའི་གཏན་འབེབས་དང་འགལ་བའི་རིགས་ལ། རྫོང་མི་དམངས་སྲིད་གཞུང་གི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག སྤྱི་བདེ་ལས་ཁུངས་བཅས་ཀྱིས་ཁྲིམས་ལྟར་ཉེས་ཆད་གཅོད་དགོས།
        དོན་ཚན་རེ་གཅིག་པ། ཁྲིམས་ལྟར་འགན་འཁྲི་མི་སྒྲུབ་པའི་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་འབྲེལ་ཡོད་ལས་ཁུངས་ཀྱིས་བརྡ་ཁྱབ་སྐྱོན་བརྗོད་བྱེད་དགོས། མཇུག་འབྲས་ཚབས་ཆེན་བཟོས་ཡོད་ན། དེའི་འགན་འཁུར་བ་གཙོ་བོ་དང་། ཐད་འགན་འཁུར་མཁན་གྱི་གཙོ་སྐྱོང་མི་སྣ། ཐད་འགན་འཁུར་མཁན་གྱི་མི་སྣ་གཞན་དག་བཅས་ལ་ཆད་པ་གཅོད་དགོས།
        གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་ལས་སྒྲུབ་མི་སྣས་རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ཚེ། ལས་ཁུར་བྱེད་སའི་སྡེ་ཚན་ནམ་ཡང་ན་གོང་རིམ་གཙོ་སྐྱོང་ལས་ཁུངས་ཀྱིས་ཆད་པ་གཅོད་དགོས་པ་དང་། ཉེས་ཚད་ལོན་པའི་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་དགོས།
ལེའུ་དྲུག་པ། ཞར་བྱུང་།
        དོན་ཚན་རེ་གཉིས་པ། སྲོལ་ཡིག་འདི་བཀོལ་སྤྱོད་བྱེད་པའི་ཁྲོད་ཀྱི་ཞིབ་ཕྲའི་གནད་དོན་གྱི་སྐོར་ལ་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་འགྲེལ་བཤད་བྱ་རྒྱུའི་འགན་འཁུར་དགོས།
        དོན་ཚན་རེ་གསུམ་པ། སྲོལ་ཡིག་འདི2021ལོའི་ཟླ7པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་དགོས།
འབྲེལ་ཡོད་འོས་སྦྱོར།