མཚོ་ལྷོ་ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་ཀྱིས“བརྒྱད་གཅིག”གི་འཚམས་འདྲིའི་བྱེད་སྒོ་སྤེལ།
རྩོམ་པ་པོ།:འདི་ག་རྩོམ་སྒྲིག་ཁང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-08-02
ཀློག་གྲངས།:
ཟླ་བདུན་པའི་ཚེས༣༡ཉིན་ནས་ཟླ་བརྒྱད་པའི་ཚེས༡ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་རྣམ་གཉིས་ཀྱིས་ཁུལ་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་དག་སྣེ་ཁྲིད་དེ་མཚོ་ལྷོའི་ཡན་ལག་དམག་ཁུལ་དང་ལན་ཀྲིའི་མཁའ་དམག་ལས་གུང་ཧོའི་ས་ཚིགས། དྲག་ཆས་ཉེན་རྟོག་མཚོ་ལྷོ་ཁུལ་ཉིང་ལག་རུ་ཁག ཁུལ་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་བཅས་ཀྱི་སྔོན་གཤེགས་དཔའ་བོའི་ནང་མི་དང་བྱས་རྗེས་བཞག་ནས་བྱ་དགའ་ཐོབ་མཁན་བཅས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱིས་སྨོན་འདུན་ཞུས། དུས་ཡུན་རིང་པོར་མཚོ་ལྷོའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བླ་ལྷག་བྱས་པ་མ་ཟད། བྱས་རྗེས་རླབས་ཆེན་བཞག་པའི་བཅའ་སྡོད་དཔུང་སྡེར་སྙིང་དབུས་ནས་ཐུགས་རྗེ་ལེགས་འབུལ་བྱས་པ་དང་སྔོན་གཤེགས་དཔའ་པོའི་ནང་མི་དང་བྱས་རྗེས་བཞག་ནས་བྱ་དགའ་ཐོབ་མཁན་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་སེམས་འདུན་བརྒྱུད་སྤྲོད་བྱས།

ཧྲུའུ་ཅི་ལིས་ཀང་གིས་འཚམས་འདྲི་གནང་བཞིན་པ།

མཚོ་ལྷོའི་ཡན་ལག་དམག་ཁུལ་དང་ལན་ཀྲིའི་མཁའ་དམག་ལས་གུང་ཧོའི་ས་ཚིགས་སུ། ཧྲུའུ་ཅི་ལིས་ཀང་དང་ཚེ་རིང་གཉིས་ཀྱིས་ལས་དོན་སྙན་ཞུར་གསན་པ་དང་ཡུལ་དངོས་སུ་ཕེབས་ཏེ་འཚམས་འདྲི་གནང་བ་ནས་དཔུང་སྡེ་འཛུགས་སྐྱོང་དང་དཔོན་དམག་གི་སྦྱོང་བརྡར། འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་གནང་ཞིང་། ཞིང་ཨུད་ཀྱི་གྲོས་བསྡུར་དམག་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས། རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པར་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། “ཏང་གི་བཀོད་འདོམས་ལ་ཉན་པ་དང་། གཡུལ་ལས་རྒྱལ་ཐུབ་པ། སྤྱོད་ཚུལ་བཟང་བར”དང་དོད་བྱས་ཏེ། སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་དམག་གྲབས་སྦྱོང་བརྡར་དང་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་རྨང་གཞིའི་སྟེང་། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཧུར་ཐག་གིས་ཞུགས་ནས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོབ་དང་། གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་དང་ཁྱོན་ཡངས་པའི་གུང་ཧོའི་གཤོང་སའི་དར་རྒྱས་ལ་སྐུལ་འདེད་གཏོང་བ། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས། དེ་དང་ཆབས་ཅིག་ཁུལ་ཨུའུ་དང་ཁུལ་སྲིད་གཞུང་གིས་དུས་རབས་གསར་པའི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་དཔུང་སྡེའི་འཛུགས་སྐྲུན་ལ་རྒྱས་སྐྱོར་དང་དཔོན་དམག་གི་སྦྱོང་བརྡར་དང་འཚོ་བར་སེམས་ཁུར་བྱེད་པ། དམག་དཔུང་དང་ས་གནས་མཉམ་སྐྲུན། རྒྱལ་སྲུང་སྐུལ་སློང་། དམག་བཀུར་ཁྱིམ་སྐྱོང་སོགས་ཀྱི་ལས་དོན་ཁག་ཁྱོན་ཡོངས་ནས་ལེགས་པར་བསྒྲུབས་ཏེ་སྲ་ཞིང་བརྟན་པའི་དམག་སྲིད་དང་དམག་དམངས་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པ་བསྟན།

སྔོན་གཤེགས་དཔའ་བོའི་ནང་མི་ལེའུ་ལན་ཧྥང་གི་ཁྱིམ་དུ་ལེས་ཀང་གིས་ཁོང་གི་བཟའ་ཟླ་སྔོན་གཤེགས་དཔའ་བོ་ཀྲང་གོ་ཀྲིན་གྱི་དཔའ་བོའི་བྱས་རྗེས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། རྒན་རྒོན་གྱི་གཟུགས་གཞི་བདེ་ཐང་དང་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་རྗེས་རང་གི་གཟུགས་པོར་ལྟ་རྟོག་ཡག་པོ་བྱེད་པ་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་དུས་ཐོག་ཏུ་གོང་ཞུ་བྱེད་དགོས་པའི་མངགས་བྱ་གནང་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་རྟག་ཏུ་གནས་ཡོད་པ་ཚོར་དུ་བཅུག

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། རྒྱུན་ཨུའི་ཁུལ་དཔོན་གཞོན་པ་ཁྲིན་ཧྲོའུ་ཧྲན་གྱིས་སྣེ་ཁྲིད་དེ་དྲག་ཆས་ཉེན་རྟོག་མཚོ་ལྷོ་ཁུལ་ཉིང་ལག་རུ་ཁག་དང་ཁུལ་མེ་གསོད་རུ་ཁག་ཉིང་ལག་རུ་ཁག་ཏུ་འཚམས་འདྲི་གནང་བར་ཕེབས། ཁུལ་འགོ་ཁྲིད་ལན་ཧྲིན་ཧྥིན་དང་ཡོན་ཡུས་ལུང་། གསེར་མཚོ། དཔལ་ལྡན། གནམ་ལྷ། ཀྲའོ་ཀུའེ་ལེན་བཅས་ཀྱང་འཚམས་འདྲིར་ཕེབས་པ་རེད།
ཡོང་ཁུངས། མཚོ་ལྷོ་ཚགས་པར།
འབྲེལ་ཡོད་འོས་སྦྱོར།