logo

མཚོ་བོད་ཁྲོན་ཡུན་ཀན་གྱི་ཁུལ་དཔོན་བཞུགས་འབྲེལ་ཚོགས་འདུ་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:རྨ་ལྷོ་བརྙན་འཕྲིན་ཁང་། དུས་ཚོད།:2022-08-12 ཀློག་གྲངས།:
མཚོ་བོད་ཁྲོན་ཡུན་ཀན་འབྲེལ་མཚམས་ཀྱི་ཁུལ་དཔོན(གྲོང་དཔོན)བཞུགས་འབྲེལ་གྲོས་ཚོགས་ཐེངས་བདུན་པ་མཚོ་སྔོན་རྨ་ལྷོ་རུ་བསྡུས།
 
        ཟླ8པའི་ཚེས11ཉིན་གྱི་སྔ་དྲོར། "མཉམ་འདྲེས་དང་གསར་གཏོད། འཕེལ་རྒྱས། མཐུན་སྒྲིལ། འཆམ་མཐུན"བཅས་བརྗོད་དོན་ཡིན་པའི་མཚོ་བོད་ཁྲོན་ཡུན་ཀན་འབྲེལ་མཚམས་ཀྱི་ཁུལ་དཔོན(གྲོང་དཔོན)བཞུགས་འབྲེལ་གྲོས་ཚོགས་ཐེངས་བདུན་པ་མཚོ་སྔོན་རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་དུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཏི་ཅུན་གདན་ཞུ་ལྟར་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད་གནང་། རྨ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲུའུ་ཀྲན་མིན་གྱིས་ཤིས་ཚིག་ཕུལ་བ་དང་། རྨ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བཀྲ་ཤིས་ཚེ་རིང་གིས་ཚོགས་འདུར་མགོ་འཛིན་བྱས།
        ཝུའུ་ཏི་ཅུན་གྱིས་གཏམ་བཤད་ཁྲོད་ཞིང་ཆེན་ལྔའི་འབྲེལ་མཚམས་ཀྱི་ཁུལ་དཔོན(གྲོང་དཔོན)བཞུགས་འབྲེལ་གྲོས་ཚོགས་ཀྱིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གནང་བར་མ་ཟད། སྔར་ལས་ལྷག་པར་འབྲེལ་འདྲིས་བརྗེ་རེས་ལ་ཤུགས་སྣོན་དང་སྔར་ལས་ལྷག་པར་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། སྔར་ལས་ལྷག་པར་སྟོབས་ཤུགས་ཡོད་རྒུ་བཏོན་ནས་བདེ་འཇགས་ཀྱི་མཐའ་མཚམས་གསར་སྐྲུན་བྱེད་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་ཐེངས་འདིའི་བཞུགས་འབྲེལ་གྲོས་ཚོགས་ཐེངས་བདུན་པ་སྤུས་ཚད་མཐོ་བའི་སྒོ་ནས་བསྡུ་བར་འཛུགས་སྐྲུན་རང་བཞིན་གྱི་བསམ་ཚུལ་བཏོན།
        ཀྲུའུ་ཀྲན་མིན་གྱིས་ཤིས་ཚིག་ཁྲོད་གྲོས་ཚོགས་སུ་ཞུགས་པའི་ཞིང་ཆེན་ལྔའི་འབྲེལ་མཚམས་ཀྱི་ཁུལ་དཔོན(གྲོང་དཔོན)སོགས་ཀྱི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས་པ་དང་། ཁོང་གིས2015ལོར་བཞུགས་འབྲེལ་གྲོས་ཚོགས་ཀྱི་ལམ་སྲོལ་བཙུགས་ཚུན་དུ། རྨ་ལྷོ་ཁུལ་དང་སྤུན་ཟླའི་ཁུལ(གྲོང་ཁྱེར)དག་གིས་ཏང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་འཛུགས་སྐྲུན་དང་བདེ་འཇགས་བརྟན་བརླིང་། རིག་གནས་འབྲེལ་འདྲིས། ཚོང་དོན་མཉམ་འབྲེལ། རྨང་གཞིའི་སྒྲོག་བཀོད་མཉམ་འབྲེལ་མཉམ་མཐུད་བྱེད་པ་སོགས་ཀྱི་ཁྱབ་ཁོས་སུ་ལྗིད་ཏིག་ཏིག་གི་འབྲས་བུ་མང་བོ་ཞིག་བླངས་ཡོད་ཅིང་། ཞིང་ཆེན་ལྔའི་འབྲེལ་མཚམས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྐུལ་འདེད་བཏང་ཡོད་པས། བཞུགས་འབྲེལ་གྲོས་ཚོགས་ཀྱི་སྟེགས་བུ་འདི་ལ་བརྟེན་ནས་སྔར་ལས་ལྷག་པར་མངའ་ཁོངས་ཕན་ཚུན་གྱི་བར་འཚམས་འདྲི་དང་འབྲེལ་འདྲིས་བརྗེ་རེས་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། མཉམ་དུ་མངའ་ཁོངས་ལས་བརྒལ་བའི་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་གཞི་གལ་ཆེན་དང་སྲིད་ཇུས་གལ་ཆེན་སྐོར་ཞིག་འཆར་འགོད་བཟོ་དགོས་ལ། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་བར་མཉམ་འབྲེལ་མཉམ་མཐུད་བྱེད་པ་དང་། སྤྱི་བའི་ཞབས་ཞུ་མཉམ་འཛུགས་མཉམ་སྤྱོད་བྱེད་པ། ཉེན་ཁ་སྣ་ཚོགས་མཉམ་འགོག་མཉམ་འཛིན་བྱེད་པ་སོགས་ཀྱི་ཐད་ནས་ཕན་ཚུན་བར་དཔེ་ལྟ་དང་མཉམ་དུ་འཕེལ་རྒྱས་སུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རོལ་དབྱངས་མཉམ་དཀྲོལ་བྱེད་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས་པར་བསྟན།
        བཀྲ་ཤིས་ཚེ་རིང་གིས་སྔར་ལས་ལྷག་པར་ཞིང་ཆེན་ལྔའི་འབྲེལ་མཚམས་ས་ཁུལ་གྱི་མཉམ་འབྲེལ་བརྗེ་རེས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བའི་ཐད་ནས་བསམ་ཚུལ་སྣ་ལྔ་བཏོན་པ་སྟེ།  གཅིག་ནས་ཐུན་མོང་གིས་དཔལ་འབྱོར་འཕེལ་རྒྱས་ཆེན་མོར་སྐུལ་འདེད་གཏོང་བ་སྟེ། རྒྱལ་ཁབ་ཀྱི་ངོས་ཐད་ནས་ཞིང་ཆེན་ལྔའི་འབྲེལ་མཚམས་ས་ཁུལ་གྱི་འཕེལ་རྒྱས་བརྟན་བརླིང་བྱ་བ་གཅིག་གྱུར་འཆར་འགོད་བྱ་དགོས་ལ། ཞིང་ཆེན་ལྔའི་འབྲེལ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔོན་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་སྔོན་ལ་ལག་བསྟར་བྱ་དགོས། གཉིས་ནས་ཐུན་མོང་གིས་འགྲིམ་འགྲུལ་མཐོར་འདེགས་ཆེན་པོར་སྐུལ་འདེད་གཏོང་བ་སྟེ། ཞིང་ཆེན་ལྔའི་འབྲེལ་མཚམས་ས་ཁུལ་གྱི་གནད་ཆེའི་ལྕགས་ལམ་དང་གཞུང་ལམ་ལས་གཞི་སྐོར་ཞིག་འཆར་འགོད་བྱས་ཏེ། རྒྱལ་ཁབ་ལ་ཡར་ཞུ་བྱས་ནས་ལག་བསྟར་ཡོང་བར་བརྩོན་དགོས་པར་མ་ཟད། ནུས་ཤུགས་ཡོད་ཚད་ཀྱིས་མངའ་ཁོངས་ནང་ཁུལ་གྱི་གཞུང་ལམ་ཆེ་ཆུང་སོ་སོའི་བར་གྱི་གནད་དོན་བཅོས་སྐྱོང་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པ་དང་། བདེ་འཇགས་ཀྱི་ཕན་ནུས་མཐོ་ཞིང་དང་ཕན་ཚུན་བར་ཁ་གསབ་བྱེད་པ། ཕན་ཚུན་བར་འབྲེལ་མཐུད་ཡོང་བའི་དེང་རབས་ཅན་གྱི་མངའ་ཁུལ་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱའི་མ་ལག་ཅིག་འཛུགས་དགོས། གསུམ་ནས་མཉམ་དུ་སྐྱེ་ཁམས་སྲུང་སྐྱོབ་ཆེན་མོར་སྐུལ་འདེད་གཏོང་བ་སྟེ། རི་ཆུ་ནགས་གསུམ་དང་ཞིང་ལས། སྤང་དང་མཚེའུ་བཅས་ཀྱི་མ་ལག་སྲུང་སྐྱོབ་དང་ཉམས་གསོའི་བཟོ་སྐྲུན་གལ་ཆེན་ཁག་ཅིག་འཆར་འགོད་ལག་བསྟར་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཉམས་མྱོང་བརྗེ་རེས་གཏིང་ཟབ་བྱེད་པ་དང་། "རི་གཉིས"བསྒྱུར་བཅོས་བྱེད་པར་འཚོལ་ཞིབ་དང་སྐུལ་འདེད་གཏོང་ལ། མངའ་ཁོངས་ཀྱི་སྐྱེ་ཁམས་ཆེ་གྲས་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་མངའ་ཁོངས་ཀྱི་ཁོར་ཡུག་ཆུང་གྲས་བཅོས་སྐྱོང་གང་ལེགས་བྱ་དགོས། བཞི་ནས་མཉམ་དུ་ཁྲོམ་རའི་མཉམ་འདྲེས་ཆེན་པོར་སྐུལ་འདེད་གཏོང་བ་སྟེ། མངའ་ཁོངས་ཀྱི་སྤྱིའི་འཕེལ་རྒྱས་ལ་གཞི་འཛུགས་པ་དང་། མཉམ་དུ་ཞིང་ཆེན་འབྲེལ་མཚམས་ས་ཁུལ་གྱི་ཁྲོམ་ར་ཆེན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་ཞིང་། ས་ཁུལ་བར་གྱི་འགྲོ་འོང་དང་དངོས་ཟོག་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྒོས་སུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ཁུལ་གསར་སྐྲུན་བྱས་ཏེ། ཞིང་ཆེན་ལྔའི་འབྲེལ་མཚམས་ས་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་ཆེན་པོ་དང་ཁྲོམ་རའི་དར་རྒྱས་ཆེན་པོར་སྐུལ་འདེད་གཏང་དགོས། ལྔ་ནས་མཉམ་དུ་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆེན་པོར་སྐུལ་འདེད་གཏོང་བ་སྟེ། ཞིང་ཆེན་ལྔའི་འབྲེལ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ཐད་ཀྱི་མཉམ་འགོག་མཉམ་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་འཛུགས་སྐྲུན་དངོས་འབེབས་བྱེད་ཅིང་། དེ་དང་ཆབས་ཅིག རིམས་ནད་འགོག་སྡོམ་གྱི་མཐུན་སྦྱོར་མཉམ་ལས་ལམ་སྲོལ་བཙུགས་ནས། ཞིང་ཆེན་ལྔའི་འབྲེལ་མཚམས་ས་ཁུལ་གྱི་སྤྱི་ཚོགས་ཡུན་རིང་བདེ་འགོད་དང་མི་དམངས་མང་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱ་དགོས་པར་བསྟན།
        ཚོགས་འདུའི་སྟེང་། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་གཙོ་ཁྲེན་ཅུན་དང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བསོད་ནམས་བསྟན་འཛིན། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཡེ་ཝན་པིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ལི་ཡུང་ལིའང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧྥེང་ཅིང་ཕུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཡུས་ཅང་། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་ཁུལ་དཔོན་གཞོན་པ་ཞུས་ཀོང་ཏེ་བཅས་ཚོགས་འདུར་ཞུགས་པར་མ་ཟད། ཚོགས་ཆེན་གྱི་བརྗོད་དོན་གཞིར་བཟུང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དངོས་འབེབས་བྱེད་པ་དང་། མངའ་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་དང་ཉམས་མྱོང་གསར་བ། བྱེད་ཐབས་གསར་བ་བཅས་ལ་སྤྱི་བསྡོམས་བྱས་ཤིང་། རིམ་པ་སྔར་ལས་ཟབ་པ་དང་ཁྱབ་ཁོངས་སྔར་ལས་ཆེ་བ། ཆུ་ཚད་སྔར་ལས་མཐོ་བ་བཅས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བགྲོ་གླེང་གཏིང་ཟབ་བྱས།
        ཚོགས་འདུའི་ཐོག ཚོགས་ཞུགས་མི་སྣ་རྣམས་ཀྱིས་རོང་བོ་དགོན་པ་དང་རེབ་གོང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་། ཀླུ་སྒྲུབ་སྒྱུ་རྩལ་གླིང་། གཅན་ཚའི་བདེ་སྐྱིད་སྡེ་བ། གླེ་གཞུག་སྡེ་བ་སོགས་སུ་སོང་ནས་རྨ་ལྷོའི་ཆོས་ལུགས་ལས་དོན་དོ་དམ་དང་རིག་གནས་ཡུལ་སྐོར། སྐྱེ་ཁམས་སྲུང་སྐྱོབ། གྲོང་གསེབ་དར་སྤེལ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་རྟོག་ཞིབ་གནང་།
འབྲེལ་ཡོད་འོས་སྦྱོར།