ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཟླ༡༠བའི་ཚེས༡༦ཉིན་པེ་ཅིང་དུ་འཚོག་རྒྱུའི་གྲོས་གཞི་བཏོན།
རྩོམ་པ་པོ།:
ཡོང་ཁུངས།:ཞིན་ཧྭ་དྲ་བ།
དུས་ཚོད།:2022-08-31
ཀློག་གྲངས།:
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་སྟེང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཟླ10བའི་ཚེས16ཉིན་པེ་ཅིང་དུ་འཚོག་རྒྱུའི་གྲོས་གཞི་བཏོན་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུ་འཚོགས་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད་པ་རེད།
ཚོགས་འདུའི་སྟེང་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ2022ལོའི་ཟླ10བའི་ཚེས9ཉིན་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ2022ལོའི་ཟླ10བའི་ཚེས16ཉིན་པེ་ཅིང་དུ་འཚོག་རྒྱུའི་གྲོས་གཞི་བཏོན་པ་རེད།
ཚོགས་འདུའི་སྟེང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་པ་དང་། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བསྐྱོད་པའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་ཡིན། ཚོགས་ཆེན་སྟེང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་ཆེན་མཐོན་པོར་བསྒྲེངས་ནས། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འདས་ཟིན་པའི་ལོ5རིང་གི་ལས་དོན་ལ་ཕྱོགས་བསྡོམས་ནན་ཏན་བྱ་རྒྱུ་དང་། དུས་རབས་གསར་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་ཉམས་མྱོང་རྩ་ཆེན་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱེད་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་དང་། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་སྟེང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་ཕྱོགས་ཡོངས་ནས་དམ་འཛིན་བྱས་ཏེ། བྱ་སྤྱོད་ཀྱི་རྩ་འཛིན་དང་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་གཏན་འབེབས་བྱ་དགོས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་སྐུལ་སློང་བྱས་ནས་ལོ་རྒྱུས་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་བཏང་སྟེ། བརྟན་སྲུང་གསར་གཏོད་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པ་དང་། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་མུ་མཐུད་དུ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས་ཤིང་། མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་མུ་མཐུད་དུ་སྐུལ་འདེད་ཏན་ཏིག་བཏང་ནས། ཏང་གི་འཛུགས་སྐྲུན་གྱི་ལས་གཞི་རླབས་པོ་ཆེ་གསར་པར་མུ་མཐུད་དུ་སྐུལ་འདེད་ནུས་ལྡན་གཏོང་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་མུ་མཐུད་དུ་སྐུལ་འདེད་ཧུར་ཐག་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས་པར་ནན་གྱིས་བསྟན།
ཚོགས་ཆེན་སྟེང་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱ་རྒྱུ་རེད།
ཚོགས་འདུའི་སྟེང་མིག་སྔར་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་བདེ་བླག་ངང་སྤེལ་བཞིན་ཡོད་པས། མུ་མཐུད་དུ་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཏན་ཏིག་ངང་ཡག་པོར་བསྒྲུབས་ནས། ཚོགས་ཆེན་རྒྱལ་ཁའི་ངང་འཚོག་པར་འགན་ལེན་བྱེད་དགོས་པར་བསྟན།
ཚོགས་འདུའི་སྟེང་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །
འབྲེལ་ཡོད་འོས་སྦྱོར།