logo

མཚོ་ལྷོ་ཁུལ་སྲིད་གྲོས་ཀྱིས་རིག་གནས་ལོ་རྒྱུས་དཔྱད་ཡིག་ཁང་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-09-20 ཀློག་གྲངས།:
        ཟླ9པའི་ཚེས16ཉིན། མཚོ་ལྷོ་ཁུལ་སྲིད་གྲོས་ཀྱིས་རིག་གནས་ལོ་རྒྱུས་དཔྱད་ཡིག་ཁང་གྲབས་འཛུགས་བྱ་བའི་མགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་ཤིང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི། རིག་གནས་ལོ་རྒྱུས་དཔྱད་ཡིག་ཁང་གྲབས་འཛུགས་ལས་དོན་གྱི་མགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཚེ་རིང་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་གནང་། ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་ཞི་གཞོན་པ་ཀྲའོ་ཀའེ་ལེན་གྱིས་ཚོགས་འདུར་མགོ་འཛིན་བྱས། ཀྲུའུ་ཞི་གཞོན་པ་ཧའོ་ཆིང་དང་དྲུང་ཡིག་སང་ཁྲེང་ཡེ་དང་དེ་བཞིན་རྫོང་རིམ་པ་ཁག་གི་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཁུལ་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་པ་རེད།
        ཚོགས་འདུའི་སྟེང«དུས་རབས་གསར་བའི་རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་བསམ་འཆར»བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། «ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་ཁང་གི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་བསྡུ་ལེན་ལས་དོན་ཇུས་གཞིར»གསལ་བཤད་བྱས་པ་མ་ཟད། དཔྱད་ཡིག་བསྡུ་རུབ་བྱེད་པའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།
        ཚེ་རིང་གིས་བསྟན་དོན། སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་ཁང་འཛུགས་སྐྱོང་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་ལས་དོན་དང་ལྷག་པར་དུ་དུས་རབས་གསར་བའི་རིག་གནས་ལོ་རྒྱུས་དཔྱད་ཡིག་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཞིག་ཡིན་ལ། མཚོ་ལྷོའི་སྲིད་གྲོས་ཀྱི་འཕེལ་རྒྱས་གྲུབ་འབྲས་དང་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དྲིལ་སྒྲོག་བྱས་ཏེ་མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་བྱ་གཙོ་བོ་ཆེན་པོ་གཉིས་མཐའ་འཁྱོངས་སྒོས་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བྱ་སྤྱོད་དངོས་ཤིག་ཀྱང་རེད། རྫོང་རིམ་པ་ཁག་གི་སྲིད་གྲོས་དང་ཁུལ་སྲིད་གྲོས་ཨུ་ཡོན་ལྷན་ཁང་ཁག་གིས་ཚད་མཐོན་པོའི་སྒོ་ནས་མཐོང་ཆེན་བྱས་ནས་བསམ་བློའི་ངོས་འཛིན་གཅིག་གྱུར་དང་བྱ་བའི་མཉམ་ཤུགས་གཅིག་ཏུ་ཆགས་པ། འགག་རྩའི་ལྷུ་ཚིགས་སྟངས་འཛིན་བཅས་བྱས་ཏེ་དུས་རིམ་ལྟར་རིག་གནས་ལོ་རྒྱུས་ཁང་སྐྲུན་པའི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་བསྟན།
        ཚེ་རིང་གིས་ནན་གྱིས་བསྟན་དོན། དཔྱད་ཡིག་བསྡུ་རུབ་བྱེད་སྐབས་རིག་གནས་ལོ་རྒྱུས་ཁང་བསྐྲུན་པའི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ཏེ་གྲོས་མོལ་དམངས་གཙོའི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པོར་ཡོང་བ། སྲིད་གྲོས་ཀྱི་ཁྱད་ཆོས་དང་མཚོ་ལྷོའི་ཁྱད་ཆོས་མངོན་པ། སྤྱི་ཚོགས་ནས་མཚོ་ལྷོའི་སྲིད་གྲོས་དང་འབྲེལ་བ་དམ་ཟབ་ཡོད་པ། ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་གལ་ཆེན་ལྡན་པ། དེ་བཞིན་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དང་མི་སྣའི་བྱེད་སྒོ་གལ་ཆེན་མཚོན་པའི་འགག་རྩའི་རང་བཞིན་གྱི་དཔྱད་ཡིག་དང་དངོས་པོ་འཚོལ་བསྡུ་བཅས་བྱ་དགོས། རིག་གནས་དང་ལོ་རྒྱུས་ཀྱི་དཔྱད་ཡིག་བསྡུ་རུབ་བྱེད་པའི་བྱ་བ་ཁྱོན་ཆེ་བ་དང་བྱེད་ཕྱོགས་རྒྱ་ཆེ་བ། དུས་ཚོད་ཀྱི་བླང་བྱ་ཐུང་བ་བཅས་ཡིན་པས་ལས་དོན་ཚོགས་ཆུང་ཁག་གི་ཁོངས་མིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། རང་སོ་སོའི་འགན་འཁྲི་ཏན་ཏིག་འཁུར་ནས་ལས་བགོས་ཀྱི་ཇུས་གཞི་ལྟར་རྩིས་ཁྲའི་ལས་འགན་གཏན་འཁེལ་བྱེད་པ། དུས་ཚོད་དང་དུས་ཚིགས་ལ་དམ་པོར་དམིགས་ཏེ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་དུས་བཀག་ནང་བསྡུ་རུབ་ཀྱི་ལས་འགན་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱེད་དགོས། རྫོང་རིམ་པ་ཁག་གི་སྲིད་གྲོས་ཀྱིས་ཁུལ་སྲིད་གྲོས་ཀྱི་བྱེད་སྟངས་ལ་གཞིགས་ནས་དེ་མཚུངས་ཀྱི་ལས་དོན་སྒྲིག་གཞི་འཛུགས་པ་དང་ཞིབ་ཕྲའི་ཇུས་གཞི་བཟོ་བ། འགྲེམས་སྟོན་གྱི་རྩ་གནད་བཟོ་བ། བྱ་བའི་ལས་འགན་དོན་འཁྱོལ་བྱེད་པ། ནུས་ཤུགས་ཡོད་རྒུས་ལོ་རྒྱུས་ཀྱི་དཔྱད་ཡིག་དང་དངོས་པོ་བསྡུ་རུབ་ཀྱི་ལས་དོན་ཡག་པོ་སྒྲུབ་པ། དུས་བཀག་ལྟར་འགྲེམས་སྟོན་ལ་མཁོ་བའི་པར་རིས་དང་ཡི་གེའི་དཔྱད་ཡིག་བཟོ་བ་བཅས་བྱ་དགོས་ཞེས་བསྟན།
        གཞན་ཡང་ཚེ་རིང་གིས་རིག་གནས་ལོ་རྒྱུས་ཁང་འཛུགས་སྐྲུན་བྱེད་པའི་དུས་ཚོད་ཐུང་བ་དང་ལས་འགན་ལྕི་བ། འགན་འཁྲི་ཆེ་བར་སྣང་བས་ལོ་རྒྱུས་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་བཟུང་ནས་སྙིང་རུས་ལྷོད་མེད་དང་ཏན་ཏིག་ནུས་ལྡན་གྱི་སྒོ་ནས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། གཅིག་ནས་འགན་འཁྲི་དོན་འཁྱོལ་ཡོང་བར་བྱེད་དགོས། ཞིབ་ཕྲའི་བྱ་བའི་བྱེད་ཐབས་སྔར་བས་ཞིབ་ཚགས་སུ་བཏང་སྟེ་ལས་འགན་ཁ་གསལ་དང་འགན་འཁྲི་དོན་འཁྱོལ་བྱས་ནས་ལས་དོན་ཁག་ལ་དོ་དམ་བྱེད་མཁན་ཡོད་པ་དང་དམ་འཛིན་བྱེད་མཁན་ཡོད་པ། དོན་འཁྱོལ་བྱེད་མཁན་ཡོད་པ་བཅས་བྱས་ཏེ་བསྡུ་རུབ་ཇུས་གཞིའི་ནང་གཏན་འཁེལ་བྱས་པའི་དུས་ཚོད་དང་ལས་འགན། བླང་བྱ་བཅས་གཞིར་བཟུང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་ལས་འགན་ལེགས་སྒྲུབ་བྱ་རྒྱུར་འགན་ལེན་བྱེད་དགོས། གཉིས་ནས་བྱ་བའི་ལྟ་སྐུལ་སློབ་སྟོན་གནད་དུ་འཁེལ་བར་བྱ་དགོས། ཟླ་དང་པོར་ལྟ་སྐུལ་སློབ་སྟོན་བྱེད་པའི་བྱ་བའི་ལམ་སྲོལ་བཙུགས་ཏེ་དུས་བཀག་ལྟར་ཚོ་ཆུང་ཁག་གི་བྱ་བར་སྐུལ་འདེད་བྱེད་པ། བྱ་བའི་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱས་ཏེ་ལས་དོན་ཚོ་ཆུང་ཁག་གིས་དུས་ཚོད་དང་དུས་ཚིགས་ལྟར་ལས་ཀ་དོན་འཁྱོལ་དམ་འཛིན་ལེགས་པོ་བྱེད་པར་སྐུལ་འདེད་གཏོང་དགོས། གསུམ་ནས་སྤྱོད་ཚུལ་འགྱུར་ལྡོག་གནད་འཁེལ་ཡོང་བར་བྱེད་དགོས། དཀའ་སྤྱད་འབད་བརྩོན་དང་གཟབ་ནན་ཞིབ་ཚགས། དངོས་དོན་གཉེར་བ་བཅས་ཀྱི་ལས་ཀའི་སྤྱོད་ཚུལ་དར་སྤེལ་དུ་བཏང་ནས་དུས་ཚོད་དམ་འཛིན་དང་མྱུར་ཚད་དམ་འཛིན། ལས་ཆོད་ཆེན་པོས་ལས་ཀར་སྐུལ་སྤེལ་བཅས་བྱས་ཏེ་རིག་གནས་དང་ལོ་རྒྱུས་ཁང་གི་འཛུགས་སྐྲུན་ལས་ཀ་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་ཡོང་བར་འགན་ལེན་བྱས་ཏེ་རང་སྐྱོང་ཁུལ་དུ་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་ལེགས་སྐྱེས་འབུལ་དགོས་ཞེས་རེ་བ་བཏོན།
གསར་འགྱུར་ཡོང་ཁུངས། མཚོ་ལྷོ་ཁུལ་སྲིད་གྲོས་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།