logo

ཞི་ཅིན་ཕིང་གིས“དུས་རབས་གསར་པར་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་སྐོར་གནང་སྐབས་ནན་གྱིས་བསྟན་དོན།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-09-29 ཀློག་གྲངས།:
ངར་སེམས་ཆེར་སྐྱེད་དང་དཔའ་ངར་མདུན་སྐྱོད། མཐུན་སྒྲིལ་འབད་བརྩོན་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་དགོས།
ཟླ9པའི་ཚེས27ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཀྱིས་པེ་ཅིན་འགྲེམ་སྟོན་ཁང་དུ“དུས་རབས་གསར་པར་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་སྐོར་གནང་བཞིན་པ།
        ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས27ཉིན་པེ་ཅིན་འགྲེམ་སྟོན་ཁང་དུ་ཕེབས་ཏེ། “དུས་རབས་གསར་པར་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་སྐོར་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཡུན་རིང་ལ་ཐག་མ་ཆོད་པའི་དཀའ་གནད་མང་པོ་བསལ་ཞིང་། ཕུགས་ཡུན་རིང་བའི་དོན་དག་གལ་ཆེན་མང་པོ་བསྒྲུབས་ལ། ཆབ་སྲིད་དང་དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཀྱི་ཉེན་ཁའི་འགྲན་སློང་དང་ཉམས་སད་ཐེག་པར་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་དུ་བཅུག་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་སྔར་ལས་འཐུས་ཚང་བའི་ལམ་ལུགས་འགན་སྲུང་དང་སྔར་ལས་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་འདོན་སྤྲོད་བྱས། ལོ་ངོ10ཡི་རིང་གི་འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་དང་འཕོ་འགྱུར་རང་བཞིན་གྱི་ལག་ལེན། ཐོད་བརྒལ་རང་བཞིན་གྱི་འཕེལ་ཚད། མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་བཅས་རྒྱ་ཆེར་དྲིལ་སྒྲོག་བྱེད་དགོས་པ་དང་། ལོ་ངོ10ཡི་རིང་གི་རླབས་ཆེའི་འགྱུར་ལྡོག་ནི་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་དྲིལ་སྒྲོག་བྱེད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ལོ་རྒྱུས་རང་རྟོན་བརྟན་པར་བྱེད་པ་དང་ལོ་རྒྱུས་རང་འགུལ་ཇེ་དྲག་ཏུ་གཏོང་བར་སྐུལ་སློང་བྱས་ཏེ། ངར་སེམས་ཆེར་སྐྱེད་དང་དཔའ་ངར་མདུན་སྐྱོད། མཐུན་སྒྲིལ་འབད་བརྩོན་བཅས་བྱས་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་ལེའུ་གསར་པ་བྲིས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་དགོས།
        ལི་ཁེ་ཆང་དང་ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཀྱིས་འགྲེམ་སྟོན་ཁང་ལ་གཟིགས་སྐོར་གནང་།
        ཕྱི་དྲོའི་དུས་ཚོད3དང་སྐར་མ45སྟེང་། ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་རྣམས་པེ་ཅིན་འགྲེམ་སྟོན་ཁང་གི་འགྲེམ་སྟོན་ཚོམས་ཁང་དུ་ཕེབས་ནས་འགྲེམ་སྟོན་ལ་གཟིགས་སྐོར་གནང་། འགྲེམ་སྟོན་གྱིས“དུས་རབས་གསར་པར་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་འདི་དང་དམ་པོར་སྦྲེལ་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གཙོ་གཞིར་བྱས་པ་དང་། དུས་རབས་གསར་པའི་ལོ་ངོ10ཡི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་གྲུབ་འབྲས་རླབས་ཆེན་དང་འཕོ་འགྱུར་རླབས་ཆེན་སྟེང་གཅིག་ཏུ་བསྡུས་ཏེ། བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་པར་མ་ཟད། འཕོ་འགྱུར་རྒྱབ་ལོགས་ཀྱི་སྟོབས་ཤུགས་དང་སྒུལ་ཤུགས་གསལ་པོར་བསྟན་ལ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་བསམ་བློའི་ཁྲིད་སྟོན་མངོན་པར་མ་ཟད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་མཐུན་སྒྲིལ་སེམས་གཅིག་དང་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་ལེགས་པོ་ཡང་མཚོན་པར་བྱས་ཡོད། འགྲེམ་སྟོན་ལ་ངོ་སྤྲོད་ཚོམས་ཆེན་དང་ཀྲུང་དབྱང་ཕྱོགས་བསྡུས་འགྲེམ་སྟོན་ཁུལ། ས་གནས་འགྲེམ་སྟོན་ཁུལ། མ་འོངས་སྔོན་དཔག་འགྲེམ་སྟོན་ཁུལ། ཕྱི་རོལ་འགྲེམ་སྟོན་ཁུལ་དང་བརྗེ་རེས་འགྲེམ་སྟོན་ཁུལ་སོགས་འགྲེམ་སྟོན་ཁུལ6བཙུགས་ཡོད་ཅིང་། རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི3ལས་བརྒལ་ལ། འདྲ་པར་དང་དངོས་རྫས། འདྲ་དཔེ་སོགས་འགྲེམ་སྟོན་རྒྱུ་ཆ་རིགས་སྣ6000ལྷག་བཀོལ་ཡོད་པས། ཟུར་ངོས་ཕུན་སུམ་ཚོགས་ཤིང་ནང་དོན་སྣ་མང་འདུས་ཡོད།
        རང་རྒྱལ་གྱི་ཚན་རྩལ་ཆུ་ཚད་དང་སྒྲིག་བཟོའི་ནུས་པ་མཆོང་བརྒལ་ཆེན་པོ་བྱུང་བ་མངོན་པའི་རང་བདག་གསར་སྤེལ་གྱི་གཙོ་གནད་ཐོན་རྫས་དང་འདྲ་དཔེ། བྱས་རྗེས་དང་མཚན་སྙན། གཟེངས་བསྟོད་བཅས་ཀྱི་མ་ལག་ཉིན་རེར་ཕུན་སུམ་ཇེ་ཚོགས་ཡིན་པ་མཚོན་པའི་བྱས་རྗེས་གཟེངས་རྟགས་དང་བྱ་དགའི་གཟེངས་རྟགས། རྒྱལ་ཁབ་རིམ་པའི་དཔར་སྐྲུན་ལས་གཞི་གལ་ཆེན་ཏེ«བསྐྱར་དར་རིག་མཛོད»དབུལ་ཐར་འགག་སྒྲོལ་དང་པྲོག་གསར་གློ་ཚད་རིམས་ནད་ཀྱི་ལོ་རྒྱུས་འཕེལ་ཚད་ཡང་བསྐྱར་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པའི་དངོས་རྫས་དང་དཔེ་རིས་དང་འདྲ་པར། “རྨང་གཞི་ལྔ”ཡི་ནམ་མཁའ་དང་ས་གཞི་མཉམ་འདྲེས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་གི་ལངས་གཟུགས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་མ་ལག་གི་ས་བབ་མཚོན་བྱེད་གཞོང་པ་དང་། མཚོན་ཆ་དང་དམག་ཆས་ཀྱི་འདྲ་དཔེ།
        སྤྱི་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བའི་ནང་དོན་ཟབ་མོ་དང་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་པའི་འགྲེམ་པང་དང་དངོས་རྫས། པེ་ཅིན་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་བྱུང་བའི་གྲུབ་འབྲས་གསལ་པོར་མཚོན་པའི་ལངས་གཟུགས་གློག་རྡུལ་ས་ཁྲ་དང་། འཆར་འགོད་འཛུགས་སྐྲུན་དང་བགྲོད་ལམ་འགྲིམ་འགྲུལ། ཚན་རྩལ་གསར་སྐྲུན་སོགས་ཀྱི་ཕྱོགས་སུ་བླངས་པའི་གྲུབ་འབྲས་གཙོ་བོ་སྟེ།ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་མཚོ་འགག་ཆེན་མོའི་ས་བབ་མཚོན་བྱེད་ཀྱི་གཞོང་པ་སོགས་དངོས་རྫས་དང་འདྲ་དཔེ་རེ་རེ། དེ་མིན་གསོན་ཉམས་ལྡན་པའི་བརྙན་རིས་རེ་རེ་དང་འདྲ་པར། དཔེ་རིས་རེ་རེ་བཅས་ཀྱིས་ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་རྣམས་ཀྱི་མིག་དབང་འཕྲོག་པར་བྱས། ཁོང་ཚོས་སྐབས་སྐབས་སུ་ཕེབས་མཚམས་བཞག་ནས་གཟིགས་པ་དང་འགྲེལ་བཤད་ལ་གསན་ཞིང་། འབྲེལ་ཡོད་གནས་ཚུལ་འདྲི་བར་བྱེད།
        པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དེ་མིན་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་སོགས་ཀྱིས་འགྲེམ་སྟོན་ལ་གཟིགས་སྐོར་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།
འབྲེལ་ཡོད་འོས་སྦྱོར།