ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་སྤྱི་ཁོག
རྩོམ་པ་པོ།:
ཡོང་ཁུངས།:མི་དམངས་དྲྭ་བ།
དུས་ཚོད།:2022-10-17
ཀློག་གྲངས།:
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཆོད་གཏམ་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། མཉམ་དུ་གཟིགས།
“ངེས་པར་དུ”གསུམ།ཀྲུང་གོའི་གུང་ཁྲན་ཏང་ལོ་ངོ་བརྒྱ་ཡི་འབད་འཐབ་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་ཡོད། ང་ཚོའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་གྱི་རླབས་ཆེན་བྱ་གཞག་ལ་གཞོལ་ཞིང་། མིའི་རིགས་ཀྱི་ཞི་བདེ་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་གཞོལ་ཡོད། འགན་འཁྲི་ཤིན་ཏུ་ཆེ་ལ། ལས་འགན་ནི་གཟི་བརྗིད་བླ་ན་མེད་པ་ཞིག་རེད།
ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པོ་བྱས་ཏེ། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་པོ་དང་། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་ལེ་ཚན་ཞིག་རྩོམ་དགོས།
ལོ་བཅུའི་ནང་གི་དོན་ཆེན་གསུམ།
ལོ་བཅུའི་རིང་ལ་ང་ཚོས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་དོན་ཆེན་གསུམ་བརྒྱུད་མྱོང་བ་སྟེ།
གཅིག་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་དང་།
གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ།
གསུམ་ནི་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་འགྲུབ་བྱས་ནས། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བ།
འདི་ནི་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་དེབ་ཐེར་དུ་འགོད་འོས་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡིན་ལ། འཛམ་གླིང་ལ་ཤུགས་རྐྱེན་གཏིང་ཟབ་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཞིག་ཀྱང་རེད།
ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་རེས་འཁོར་འགྲོས་ཚད་ལས་བརྒལ་ནས་ཐོན་པའི་དྲིས་ལན་གཉིས་པ།
འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཏང་གིས་རང་ངོས་གསར་བརྗེ་དེ་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་རེས་འཁོར་འགྲོས་ཚད་ལས་བརྒལ་ནས་ཐོན་པའི་དྲིས་ལན་གཉིས་པ་དེ་རྙེད་ནས། ཏང་གི་ངོ་བོ་དང་། ཁ་མདོག བྲོ་བ་བཅས་ནམ་ཡང་མི་འགྱུར་བ་བཅས་ཀྱི་འགན་ལེན་ཏན་ཏིག་བྱས་ཡོད།
མདོར་བསྡུས་ན་“འཇོན་པ”གཉིས་རེད།
ལག་ལེན་གྱིས་ང་ཚོར་གསལ་བཤད་དོན། ཀྲུང་གོའི་གུང་ཁྲན་ཏང་ཅིའི་ཕྱིར་འཇོན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་ལེགས་པ་ནི། མདོར་བསྡུས་ནས་བརྗོད་ན་མར་ཁེ་སིའི་རིང་ལུགས་འཇོན་ཞིང་། ཀྲུང་གོའི་རྣམ་པའི་དུས་རབས་ཅན་གྱི་མར་ཁེ་སི་རིང་ལུགས་འཇོན་པས་རེད།
ཀྲུང་གོའི་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན།
ད་ལྟ་ནས་བཟུང་། ཀྲུང་གོའི་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན།
ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ།
ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ནི། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གཏོད་པ་བཅས་རེད།
རྩ་དོན་གལ་ཆེན་ལྔ་དམ་འཛིན་བྱེད་པ།
ང་ཚོས་ངེས་པར་དུ་ཉམས་ཉེན་རྟག་དྲན་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། མ་མཐའི་མཚམས་ཐིག་གི་བསམ་བློ་མཐའ་འཁྱོངས་བྱས་ཏེ་བདེ་སྡོད་ཉེན་བསམ་དང་ཆུ་མ་ཡོང་གོང་རགས་རྒྱག་པ་བྱས་ཏེ། རླུང་དྲག་རླབས་མཐོ་དང་ཐ་ན་ཟིལ་རླབས་དགུང་འཕྱུར་ལྟ་བུའི་ཚོད་བགམ་ཆེན་པོ་ཐེག་ཐུབ་པའི་གྲ་སྒྲིག་བྱེད་དགོས། མདུན་སྐྱོད་ཀྱི་ལམ་བུའི་ཐོག ངེས་པར་དུ་གཤམ་གྱི་རྩ་དོན་གལ་ཆེན་ཁོང་དུ་ནན་པོར་ཆུད་དགོས།
ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་དགོས།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས།
སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་མཐའ་འཁྱོངས་བྱེད་དགོས།
འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་འགན་ཨང་དང་པོ།
སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན། འཕེལ་རྒྱས་གཏོང་རྒྱུ་ནི་ཏང་གིས་སྲིད་འཛིན་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་ལས་འགན་ཨང་དང་པོ་ཡིན། དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་མེད་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མི་ཐུབ།
ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་འདེགས་སྐྱོར་བྱེད་པ།
སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་རྨང་གཞིའི་རང་བཞིན་དང་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་འདེགས་སྐྱོར་ཡིན། ངེས་པར་དུ་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་མཐའ་འཁྱོངས་བྱས་ནས། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པའི་འགྲན་ལམ་གསར་པ་བཏོད་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚེ་སྲོག་ཡིན་པ།
མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་ཡིན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཡོད་དགོས་པའི་དོན་སྙིང་ཡིན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་ཁྱད་ཆོས་ཡིན་པ་དང་། ཆེས་རྒྱ་ཆེ་བ་དང་། ཆེས་བདེན་པ་བདེན་ཐུབ། ཆེས་སྤྱོད་གོ་ཆོད་པ་བཅས་ཀྱི་དམངས་གཙོ་ཡིན།
ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།
ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གསར་བརྗེ་གཏིང་ཟབ་མོ་ཞིག་ཡིན་པས། ཏང་གི་སྲིད་སྐྱོང་རྒྱལ་ཁབ་དར་སྤེལ་གཏོང་བ་དང་འབྲེལ་བ་ཡོད་པ་དང་། མི་དམངས་བདེ་སྐྱིད་ཁམས་བདེ་དང་འབྲེལ་བ་ཡོད་པ། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད། ངེས་པར་དུ་ཁྲིམས་སྐྱོང་གིས་རྩ་བ་བརྟན་དུ་གཏོང་བ་དང་། སྔོན་དཔག་བརྟན་པོ་བྱེད་པ། ཕུགས་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱས་ཏེ། ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།
ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་ལམ་མཐའ་འཁྱོངས་བྱེད་དགོས།
ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ལ། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་ལམ་མཐའ་འཁྱོངས་བྱས་ནས། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་ཏུ་བསྡུ་བ། མི་གསར་པ་སྐྱེད་སྲིང་། རིག་གནས་དར་སྤེལ་གཏོང་བ། སྣང་བརྙན་གཏོད་པ་བཅས་ལ་དམིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱས་ཏེ། དེང་རབས་ཅན་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་ཀྱི་མི་རིགས་དང་། ཚན་རིག མང་ཚོགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བཏང་སྟེ་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས།
དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཡིན།
སྲིད་དབང་ནི་མི་དམངས་དང་། མི་དམངས་ནི་སྲིད་དབང་ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་འགོ་ཁྲིད་དེ་སྲིད་དབང་འཕྲོག་ལེན་དང་སྲིད་དབང་སྲུང་བ་ནི་དམངས་སེམས་སྲུང་ཡོད་པ་རེད། རྒྱལ་སྲིད་སྐྱོང་བར་ལུགས་ཡོད་དེ། དམངས་ལ་ཕན་པ་གཞི་མ་ཡིན། དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་རེད།
ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུའི་ནང་གནས་ཀྱི་བླང་བྱ།
རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་རེད། ངེས་པར་དུ་སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་འཕེལ་རྒྱས་ཇུས་འགོད་བྱེད་དགོས།
རྒྱལ་ཁབ་བདེ་འཇགས་ནི་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན།
རྒྱལ་ཁབ་ཀྱི་བདེ་འཇགས་ནི་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན་པ་དང་། སྤྱི་ཚོགས་བརྟན་ལྷིང་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱེད་དགོས།
ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུའི་འཐབ་ཇུས་ཀྱི་བླང་བྱ།
དུས་བཀག་ལྟར་དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲར་གང་མགྱོགས་འགྱུར་བར་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བླང་བྱ་རེད། ངེས་པར་དུ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ལག་ལེན་མཐར་ཕྱིན་བསྟར་བ་དང་། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་མཐའ་འཁྱོངས་བྱས་ཏེ་དམག་དོན་གྱི་རིགས་པའི་གཞུང་ལུགས་དེང་རབས་ཅན་དང་། དམག་དཔུང་རྩ་འཛུགས་ཀྱི་རྣམ་པ་དེང་རབས་ཅན། དམག་དོན་མི་སྣ་དེང་རབས་ཅན། གོ་མཚོན་སྒྲིག་ཆས་དེང་རབས་ཅན་བཅས་སུ་འགྱུར་ཚད་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་བའི་འཐབ་ཇུས་ཀྱི་ནུས་པ་ཆེ་རུ་བཏང་ནས་དུས་རབས་གསར་པའི་མི་དམངས་དམག་དཔུང་གི་ལས་འགན་ནུས་ལྡན་ངང་བསྒྲུབ་དགོས།
རླབས་ཆེའི་གསར་གཏོད།
“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་རླབས་པོ་ཆེ་ཞིག་དང་། ཞང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ཕྱིར་ལོག་རྗེས་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བའི་ལམ་ལུགས་ཀྱི་བཀོད་སྒྲིག་ལེགས་ཤོས་ཤིག་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས།
ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས།
ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ང་ཚོའི་ཏང་ནི་འཛམ་གླིང་ཐོག་གི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་ཤིག་ཡིན་པས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་གོང་བཀུར་ཐོབ་པ་དང་། ཡུན་རིང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་དགོས་ན། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱ་རྒྱུའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས་པ་ཞིག་ལ། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་རྒྱུ་དེ་ནམ་ཡང་ལམ་དུ་ཡོད་ཅིང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད། ལྷོད་གཡེང་དང་ཐང་ཆད་དམག་འཁྲུག་མི་རྒྱག་པའི་བསམ་ཚུལ་གཏན་ནས་ཡོད་མི་རུང་། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་བཏང་ནས། ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་ཀྱི་གསར་བརྗེར་སྣེ་ཁྲིད་བྱེད་དགོས།
“ངེས་པར་བརྒྱུད་དགོས་པའི་ལམ་བུ”ལྔ།
ཏང་ཡོངས་ཀྱིས་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས་པ་ནི།
ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན།
མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་སྐྲུན་བྱེད་པར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན།
འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱ་རྒྱུ་ནི་དུས་རབས་གསར་པའི་རང་རྒྱལ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཡིན།
ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ནི་ཏང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། རྒྱུགས་སྤྲོད་ལམ་ཁ་གསར་པར་སྐྱོད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཡིན།
འདི་ནི་ང་ཚོར་ཡུན་རིང་གི་ལག་ལེན་ཁྲོད་ཐོབ་པའི་གལ་འགངས་ཆེ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཞིག་ཡིན་པས། ངེས་པར་དུ་གཅེས་འཛིན་དང་། ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། དམ་འཛིན་ལྷོད་མེད་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཆེའི་གྲུ་གཟིངས་རླུང་བརྟེན་རླབས་གཤགས་དང་གོམ་པ་བརྟན་པོས་རྒྱང་དུ་བསྐྱོད་པར་སྣེ་ཁྲིད་དང་འགན་སྲུང་བྱེད་དགོས།
གསར་འགྱུར་ཡོང་ཁུངས། མི་དམངས་དྲ་བ།
འབྲེལ་ཡོད་འོས་སྦྱོར།