ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་པའེ་ཏེང་གཉིས་པ་ལི་གླིང་ཕྲན་དུ་མཇལ་མོལ་གནང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-11-16
ཀློག་གྲངས།:
ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་ཨ་རིའི་ཙུང་ཐུང་པའེ་ཏེང་དང་མཇལ་མོལ་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཉིས་ཀྱིས་ཀྲུང་ཨའི་འབྲེལ་བའི་ཁྲོད་ཀྱི་འཐབ་ཇུས་རང་བཞིན་གྱི་གནད་དོན་དང་གཞན་ད་དུང་གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་ལྷག་བསམ་ཟོལ་མེད་ཀྱིས་ལྟ་ཚུལ་བརྗེ་རེས་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔའི་ཀྲུང་ཨའི་འབྲེལ་བའི་ཐད་འཕྲད་པའི་རྣམ་པ་དེ་རྒྱལ་ཁབ་གཉིས་ཀ་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མི་མཐུན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་ཡང་མི་མཐུན། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱིས་ལོ་རྒྱུས་དང་འཛམ་གླིང་། མི་དམངས་བཅས་ལ་འགན་འཁུར་བའི་རྣམ་འགྱུར་གྱིས་དུས་སྐབས་གསར་པའི་རྒྱལ་ཁབ་གཉིས་ཀྱི་ཡང་དག་པའི་འབྲེལ་ལམ་འཚོལ་ཞིབ་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཡང་དག་པའི་ཁ་ཕྱོགས་བཙལ་ནས། ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀར་བདེ་སྐྱིད་དང་འཛམ་གླིང་ལ་ཕན་བདེ་བསྐྲུན་དགོས།
ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གནས་ཚུལ་གཙོ་བོ་དང་གྲུབ་འབྲས་གལ་ཆེན་ངོ་སྤྲོད་གནང་བ་དང་། ཁོང་གིས་བསྟན་དོན། ཀྲུང་གོའི་ཏང་དང་སྲིད་གཞུང་གི་ཕྱི་ནང་སྲིད་ཇུས་ཡོངས་བསྒྲགས་དང་གཏིང་གསལ་ཡིན་ལ། འཐབ་ཇུས་ཀྱི་དམིགས་ཡུལ་གསལ་བོ་ཡིན་པས། ཚད་མཐོའི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་སྲུང་འཛིན་བྱས་ཡོད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། མུ་མཐུད་དུ་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་མགོ་རྩོམ་ས་རུ་བརྩིས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་ཡིན། ཀྲུང་གོས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་ལེན་དུ་བསྟར་རྒྱུ་ཡིན་ལ། དུས་དང་རྣམ་པ་ཀུན་ཏུ་དོན་དག་རང་སྟེང་གི་བདེན་རྫུན་དྲང་འཁྱོག་གིས་རང་ཉིད་ཀྱི་ལངས་ཕྱོགས་དང་རྣམ་འགྱུར་ཐག་གཅོད་པ་གཞིར་འཛིན་པ་དང་། གླེང་མོལ་གྲོས་མོལ་བྱེད་པ་དང་རྩོད་གཞི་ཞི་བའི་སྒོ་ནས་ཐག་གཅོད་བྱེད་རྒྱུ་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་ཟབ་སྤེལ་དང་རྒྱ་སྐྱེད་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ། ཀྲུང་གོས་ཞི་བདེ་འཕེལ་རྒྱས་དང་སྒོ་འབྱེད་འཕེལ་རྒྱས། མཉམ་རྒྱལ་འཕེལ་རྒྱས་བཅས་རྒྱུན་འཁྱོངས་བྱས་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཟབ་ཞུགས་མཁན་དང་སྐུལ་འདེད་མཁན་བྱས་ཏེ། རྒྱལ་ཁབ་སོ་སོ་དང་མཉམ་དུ་ཐུན་མོང་འཕེལ་རྒྱས་ཡོང་བར་བྱེད་རྒྱུ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཏུ་གནས་ཡོད་པས། རྒྱལ་ཁབ་སོ་སོས་སྔར་བྱུང་མ་མྱོང་བའི་འགྲན་སློང་ལ་གདོང་གཏོད་དགོས་པར་མ་ཟད། སྔར་བྱུང་མ་མྱོང་བའི་གོ་སྐབས་དམ་འཛིན་བྱེད་འོས། ང་ཚོས་མཐོ་ཚད་འདི་ནས་ཀྲུང་ཨའི་འབྲེལ་བར་ལྟ་བ་དང་ཐག་གཅོད་བྱེད་འོས། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་ནི་ཁྱོད་ཕམ་ང་རྒྱལ་དང་ཁྱོད་དར་ང་རྒུད་ཀྱི་རོལ་རྩེད་སྟོང་བ་ཞིག་ཡིན་མི་འོས་ལ། ཀྲུང་གོ་དང་ཨ་རིས་སོ་སོས་བླངས་པའི་གྲུབ་འབྲས་ནི་ཕན་ཚུན་ལ་མཚོན་ན་གོ་སྐབས་ཡིན་པ་ལས་འགྲན་སློང་མིན། ཡངས་ཤིང་རྒྱ་ཆེ་བའི་སའི་གོ་ལས་ཀྲུང་གོ་དང་ཨ་རི་གཉིས་ཀ་སོ་སོ་འཕེལ་རྒྱས་ཡོང་བ་དང་ཐུན་མོང་དར་རྒྱས་ཡོང་བ་བཟོད་ཐུབ་ངེས་ཡིན་པས། ཕྱོགས་གཉིས་ཀས་ཕ་རོལ་པོའི་ཕྱི་ནང་གི་སྲིད་ཇུས་དང་འཐབ་ཇུས་ཀྱི་བསམ་བློ་ལ་ལྟ་སྟངས་ཡང་དག་འཛིན་འོས་པ་དང་། གླེང་མོལ་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་། མཉམ་རྒྱལ་ཡོང་བ་ལས་འབྲེལ་འདྲིས་སྟོང་བ་མིན་པའི་འབྲེལ་འདྲིས་བྱེད་ཕྱོགས་འཛུགས་དགོས། ངས་སྐུ་ཞབས་ཙུང་ཐུང་གི“མི་བྱེད་པ་བཞི་དང་བསམ་མེད་པ་གཅིག”གི་རྣམ་འགྱུར་ལ་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གོས་ནམ་ཡང་ད་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྱུར་ལྡོག་གཏོང་བའི་རེ་བ་མི་འདོན་ལ། ཨ་རིའི་ནང་སྲིད་ལ་ཐེ་ཇུས་མི་བྱེད་ཅིང་། ཨ་རིར་འགྲན་སློང་དང་ཚབ་དོད་བྱེད་པའི་བསམ་པའང་མེད། ཕྱོགས་གཉིས་ཀས་ཕན་ཚུན་བརྩི་བཀུར་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་ཡོང་བ་བཅས་རྒྱུན་འཁྱོངས་བྱས་ཐོག ཀྲུང་ཨའི་འབྲེལ་བ་ཡང་དག་པའི་ལམ་དུ་མདུན་སྐྱོད་བྱས་ཏེ། ལམ་ལོག་ཏུ་མི་འགྲོ་བ་དང་གོམ་འགྲོས་མི་འཆོལ་བ། དེ་བས་ཀྱང་ཕན་ཚུན་གདོང་ཐུག་མི་བྱེད་པ་བཅས་ལ་མཉམ་དུ་འགན་སྲུང་བྱེད་རྒྱུ་ཡིན། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་ཀྲུང་ཨའི་བར་གྱི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་པོ་བརྩི་སྲུང་བྱེད་རྒྱུ་ཡིན་ལ། འདི་ནི་ཕྱོགས་གཉིས་ཀར་འགལ་རྩོད་དང་འགྲན་རྒོལ་འབྱུང་དུ་མི་འཇུག་པར་དོ་དམ་ཚོད་འཛིན་བྱེད་པའི་གནད་འགག་ཡིན་ལ། ཀྲུང་ཨའི་འབྲེལ་བའི་ཁྲོད་ཀྱི་ཆེས་གལ་ཆེ་བའི་འགོག་སྲུང་དང་བདེ་འཇགས་དྲ་རྒྱའང་ཡིན།
ཞི་ཅིན་ཕིང་གིས་ཐའེ་ཝན་གནད་དོན་གྱི་འབྱུང་ཁུངས་དང་ཀྲུང་གོའི་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་གོ་རིམ་ལྡན་པའི་ངང་ཞིབ་མོར་གསུངས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐའེ་ཝན་གནད་དོན་ནི་ཀྲུང་གོའི་སྲོག་ཤིང་ཁེ་ཕན་ཁྲོད་ཀྱི་སྲོག་ཤིང་ཡིན་པ་དང་། ཀྲུང་ཨའི་འབྲེལ་བའི་ཆབ་སྲིད་རྨང་གཞིའི་ཁྲོད་ཀྱི་རྨང་གཞི་ཡིན་ལ། ཀྲུང་ཨའི་འབྲེལ་བའི་ཁྲོད་ཀྱི་བརྒལ་མི་ཆོག་པའི་དམར་ཐིག་དང་པོ་ཡིན། ཐའེ་ཝན་གྱི་གནད་དོན་ཐག་གཅོད་པ་ནི་ཀྲུང་གོ་པ་རང་གི་དོན་དག་ཡིན་ལ། ཀྲུང་གོའི་ནང་སྲིད་ཡིན། མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱེད་རྒྱུ་ནི། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་རེ་འདུན་ཡིན། སུ་ཞིག་གིས་ཐའེ་ཝན་ཀྲུང་གོ་ནས་ཁ་བྲལ་དུ་བཅུག་ཚེ། དེས་ཀྲུང་གོའི་མི་རིགས་ཀྱི་བདེན་དོན་དང་རྒྱབ་འགལ་བྱས་པ་ཡིན་པས། ཀྲུང་གོ་མི་དམངས་ཀྱིས་ཁས་མི་ལེན་ཁོ་ཐག་ཡིན། ང་ཚོས་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་བརླིང་ཡོང་བ་སྲུང་འཛིན་བྱེད་པ་མཐོང་འདོད་ཆེ་བར་མ་ཟད་དུས་དང་རྣམ་པ་ཀུན་ཏུ་ཤུགས་རྒྱག་གིན་ཡོད་མོད། འོན་ཀྱང“ཐའེ་ཝན་རང་བཙན”བྱེད་པ་དེ་ཐའེ་ཝན་མཚོ་འགག་ཞི་བདེ་བརྟན་བརླིང་ཡོང་བ་དང་མེ་དང་ཆུ་གཉིས་བཞིན་དུ་མཐུན་པོ་ཡོང་ཐབས་བྲལ། རེ་བ་ཡིན་ན་ཨ་རིའི་གཏམ་སྤྱོད་གཉིས་ཀ་མཐུན་པར་བྱས་ནས། ཀྲུང་གོའི་སྲིད་ཇུས་གཅིག་དང་ཀྲུང་ཨའི་བར་གྱི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་པོ་བརྩི་སྲུང་བྱེད་དགོས། སྐུ་ཞབས་ཙུང་ཐུང་གིས་ཐེངས་གང་མང་ལ“ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་མེད་པ་དང་། ཐའེ་ཝན་བརྩོན་ལེན་བྱས་ནས་ཀྲུང་ཧྭ་དང་ལེགས་ཆ་འགྲན་རྩོད་བྱེད་པ་དང་ཀྲུང་གོར་བཀག་འགོག་བྱེད་པའི་ལག་ཆ་རུ་བརྩི་འདོད་མེད་ཅེས་བཤད་ཅིང་། ཨ་རིས་སྐུ་ཞབས་ཙུང་ཐུང་གི་དམ་བཅའ་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་རེ་བ་ཞུ།
ཞི་ཅིན་ཕིང་གིས་བསྟན་དོན། རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ནི་མིའི་རིགས་ཀྱི་ཐུན་མོང་གི་བརྩོན་ལེན་བྱེད་ས་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་བརྩོན་ལེན་བྱེད་སའང་ཡིན། ཨ་རི་ལ་ཨ་རིའི་ལུགས་ཀྱི་དམངས་གཙོ་ཡོད་ལ། ཀྲུང་གོ་ལ་ཀྲུང་གོའི་ལུགས་ཀྱི་དམངས་གཙོ་ཡོད། ཚང་མ་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ། ཀྲུང་གོས་བརྒྱུད་རིམ་ཡོངས་སུ་མི་དམངས་དམངས་གཙོ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ལོ་རྒྱུས་རིག་གནས་ལ་བརྟེན་ཡོད་པ་དང་། མི་དམངས་ཀྱི་འདོད་བློ་མངོན་ཡོད་པས། ང་ཚོ་སྤོབས་སེམས་ཀྱིས་ཁེངས་ཡོད། རྒྱལ་ཁབ་གང་དང་གང་ཞིག་གི་དམངས་གཙོ་ལམ་ལུགས་ནི་དེ་འདྲའི་མཆོག་ཏུ་གྱུར་པ་ཞིག་ཡིན་མི་སྲིད་པས། ཚང་མ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འཐུས་ཚང་གཏོང་དགོས། ཕྱོགས་གཉིས་ཀར་གནས་པའི་བྱེ་བྲག་གི་འགལ་བ་ལ་དཔྱད་བསྡུར་བྱས་ཆོག་མོད། སྔོན་འགྲོའི་ཆ་རྐྱེན་ནི་འདྲ་མཉམ་གྱིས་བརྗེ་རེས་བྱེད་རྒྱུ་དེ་ཡིན། “དམངས་གཙོས་དབང་ཤུགས་ལ་རྒོལ་བ”ཞེས་པ་ནི་མིག་སྔའི་འཛམ་གླིང་གི་ཁྱད་ཆོས་མིན་ལ། དུས་རབས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་ཡང་མི་མཐུན།

ཞི་ཅིན་ཕིང་གིས་བསྟན་དོན། ཨ་མེ་རི་ཁ་ནི་མ་རྩ་རིང་ལུགས་ཀྱི་ལམ་དུ་བགྲོད་པ་དང་། ཀྲུང་གོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་བགྲོད་པས། ཕྱོགས་གཉིས་ཀ་བགྲོད་པའི་ལམ་ནི་མི་གཅིག་ཁ་ཁ་ཡིན། མི་འདྲ་ས་འདི་ནི་དེ་རིང་གི་དུས་འདིར་བྱུང་བ་ཞིག་མིན་ལ། ཕྱིན་ཆད་ཀྱང་སྔར་མུས་སུ་གནས་སྲིད། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་མི་དམངས་དུང་ཕྱུར14ཡི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་ནི་ཀྲུང་གོ་འཕེལ་རྒྱས་དང་བརྟན་བརླིང་ཡོང་བའི་རྩ་བའི་འགན་སྲུང་ཡིན། ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བར་ཆེས་གལ་ཆེ་བའི་དོན་ཚན་གཅིག་ཡོད་པ་ནི་མི་འདྲ་ས་འདི་ཁས་ལེན་པ་དང་མི་འདྲ་ས་འདི་ལ་བརྩི་འཇོག་བྱེད་པ་ལས། བཙན་ཤེད་ཀྱིས་གཅིག་གྱུར་བྱེད་པ་དང་། ཕ་རོལ་པོའི་ལམ་ལུགས་ལ་འགྱུར་ལྡོག་གཏོང་བ་དང་ཐ་ན་རྩ་སློག་གཏོང་རྩིས་བྱ་རྒྱུ་དེ་མིན། ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་ཁས་ལེན་དག་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོན་པར་བྱས་ཏེ་ཁ་བཤད་དོན་ལ་གནས་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་རི་ནི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་ལམ་ལུགས། འཕེལ་རྒྱས་བགྲོད་ལམ་བཅས་མི་འདྲ་བའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན། འདས་ཟིན་པ་དང་ད་ལྟ་གང་ཡིན་རུང་ཧེ་བག་དང་རྩོད་གཞི་ཡོད་མྱོང་ལ། སླར་ཕྱིན་ཀྱང་ཡོད་ངེས་ཡིན། ཡིན་ཡང་དེ་ནི་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་འགོག་རྐྱེན་དུ་འགྱུར་མི་རུང་། འཛམ་གླིང་ལ་དུས་ནམ་ཡིན་ཡང་འགྲན་རྩོད་ཡོད་མོད། འོན་ཀྱང་འགྲན་རྩོད་ནི་ཕན་ཚུན་དཔྱད་གཞིའི་མེ་ལོང་དུ་འཛིན་པ་དང་ཕན་ཚུན་གཅིག་རྗེས་གཅིག་གིས་སྙེག་པ། མཉམ་དུ་ཡར་ཐོན་ཡོང་བ་བཅས་ཡིན་དགོས་པ་ལས། ཁྱོད་ཕམ་ང་རྒྱལ་དང་ཁྱོད་ཤི་ང་གསོན་བྱེད་དགོས་པ་ཞིག་མིན། ཀྲུང་གོར་གནའ་ནས་འབད་བརྩོན་ལྷོད་མེད་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཡོད་ལ། གཉའ་གནོན་དང་བཀག་འགོག་བྱས་ཚེ་ཀྲུང་གོའི་མི་དམངས་ཀྱི་བློ་སྤོབས་དང་དཔའ་ངར་བསླང་བ་ལས་འོས་མེད། ཉོ་འཚོང་དམག་འཐབ་དང་ཚན་རྩལ་དམག་འཐབ་རྒྱག་པ་དང་། མིའི་ཐབས་ཀྱིས“གྱང་བརྩིགས་མཁར་འཛུགས”བྱེད་པ་དང་། བཙན་ཤེད་ཀྱིས“འབྲེལ་ཐག་གཅོད་པ”བཅས་ནི་ཚོང་རའི་དཔལ་འབྱོར་གྱི་རྩ་དོན་དང་ཡོངས་སུ་འགལ་ཏེ་རྒྱལ་སྤྱིའི་ཉོ་འཚོང་སྒྲིག་སྲོལ་ལ་གཏོར་བརླག་བཏང་བ་ཡིན་པས། གཞན་ལ་གནོད་ཅིང་རང་ལ་མི་ཕན་པ་ཁོ་ན་ཡིན། ང་ཚོས་དཔལ་འབྱོར་ཉོ་འཚོང་གི་ཚན་རྩལ་སྤེལ་རེས་ཆབ་སྲིད་ཅན་དང་མཚོན་ཆ་ཅན་དུ་འགྱུར་བར་ངོ་རྒོལ་བྱེད་ཀྱི་ཡོད། མིག་སྔའི་གནས་བབ་འོག ཀྲུང་གོ་དང་ཨ་རི་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ཇེ་ཉུང་དུ་སོང་བ་མིན་པར་ཇེ་མང་དུ་སོང་ཡོད། ཀྲུང་གོ་དང་ཨ་རིའི་བར་ལ་འགལ་རྐྱེན་དང་འགྲན་རྒོལ་ཅི་ཡང་མ་བྱུང་བར་ཞི་མཐུན་མཉམ་གནས་ཡོང་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་རྩ་བར་གྱུར་པའི་ཐུན་མོང་གི་ཁེ་ཕན་ཡིན། ཀྲུང་གོ་དང་ཨ་རི་གཉིས་ཀྱི་དཔལ་འབྱོར་ལ་མཉམ་འདྲེས་ཟབ་མོ་འབྱུང་བར་འཕེལ་རྒྱས་ཀྱི་ལས་འགན་གསར་པར་འཕྲད་ཡོད་པས། ཕ་རོལ་པོའི་འཕེལ་རྒྱས་ཁྲོད་ནས་ཁེ་ཕན་ཐོབ་པར་བྱ་རྒྱུ་དེ་ཡང་ཐུན་མོང་གི་ཁེ་ཕན་ཡིན། གོ་ལ་ཧྲིལ་པོའི་དཔལ་འབྱོར་རིམས་ནད་ཀྱི་རྗེས་སུ་སློར་གསོ་འབྱུང་བ་དང་། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། ས་ཁུལ་གྱི་གླེང་གནད་གཙོ་བོར་གྱུར་པའི་གནད་དོན་ཐག་གཅོད་པ་བཅས་ཀྱང་ཀྲུང་ཨའི་མཐུན་སྦྱོར་མཉམ་ལས་དང་འབྲལ་ཐབས་མེད་ལ། འདི་ཡང་ཐུན་མོང་གི་ཁེ་ཕན་ཡིན། ཕྱོགས་གཉིས་ཀས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཁེ་ཕན་བསྐྲུན་པ་དང་། སྤྱི་ཡོངས་ལ་དམིགས་ཏེ་ཕྱོགས་གཉིས་ཀའི་མཉམ་ལས་ལ་ཁོར་ཡུག་བཟང་པོ་དང་བརྟན་བརླིང་གི་འབྲེལ་བ་འདོན་སྤྲོད་བྱེད་དགོས།
པའེ་ཏེང་གིས་གསུང་རྒྱུར། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ངོ་ཤེས་ནས་ལོ་མང་འགོར་ཡོད། ངེད་གཉིས་ཀྱིས་དུས་རྒྱུན་དུ་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཡོད་མོད། འོན་ཀྱང་འདི་ལྟར་ཁ་རུ་ཁ་ཐུག་གིས་ངོ་འཕྲད་པ་ལྟ་བུ་ཞིག་ཡོང་མི་སྲིད། ཁྱེད་ཀྱིས་ཡང་བསྐྱར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཨ་རི་དང་ཀྲུང་གོ་གཉིས་ནི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས། དགེ་མཚན་ལྡན་པའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་འགན་འཁྲི་ཡོད། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་དང་དེ་བཞིན་སྲིད་གཞུང་གི་རིམ་པ་སོ་སོའི་བར་འབྲེལ་གཏུག་བྱེད་པའི་ཐབས་ལམ་ཤར་གཏོང་ཡོང་བར་གཞོལ་རྒྱུ་ཡིན་ལ། ཕྱོགས་གཉིས་ཀའི་བར་གྱི་རྩོད་གཞིའི་གནད་དོན་ཐད་ནས་ལྷག་བསམ་ཟོལ་མེད་ཀྱིས་གླེང་མོལ་བྱེད་རྒྱུ་ཡིན་ཞིང་། གནམ་གཤིས་ཀྱི་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས་ལ་ཁ་གཏད་འཇལ་བ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་གལ་ཆེན་ལ་དགོས་ངེས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་གནད་འགག་གི་ནུས་པ་འདོན་སྤེལ་བྱེད་ངེས་ཡིན། འདི་ནི་ཨ་ཀྲུང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མཚོན་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། འཛམ་གླིང་ཧྲིལ་པོར་མཚོན་ནའང་ཧ་ཅང་གལ་ཆེན་ཞིག་ཡིན། ངས་འདི་ནས་བརྟན་བརླིང་དང་འཕེལ་རྒྱས་ཀྱི་ཀྲུང་གོ་ནི་ཨ་རི་དང་འཛམ་གླིང་གི་ཁེ་ཕན་དང་མཐུན་ཞེས་བསྐྱར་བསྒྲགས་བྱས་པ་ཡིན། ཨ་མེ་རི་ཁས་ཀྲུང་གོའི་སྒྲིག་སྲོལ་ལ་བརྩི་འཇོག་བྱེད་པ་ལས། ཀྲུང་གོའི་སྒྲིག་སྲོལ་བསྒྱུར་རྩིས་དང“འཇམ་འཐབ་གསར་པ”སློང་རྩིས་མི་བྱེད་ལ། མནའ་འབྲེལ་གྱི་འབྲེལ་བར་ཤུགས་བསྣན་ནས་ཀྲུང་གོར་ངོ་རྒོལ་མི་བྱེད་པ་དང་། “ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པ་མ་ཟད། “ཀྲུང་གོ་གཉིས”དང“ཀྲུང་གོ་གཅིག་དང་ཐའེ་ཝན་གཅིག”ལའང་རྒྱབ་སྐྱོར་མི་བྱེད་པ་དང་། ཀྲུང་གོ་དང་འགལ་ཟླ་འབྱུང་བའི་འདོད་བློ་ཅི་ཡང་མེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་དང“འབྲེལ་ཐག་གཅོད་པའི”བསམ་པ་བཅངས་མེད་ལ། ཀྲུང་གོའི་དཔལ་འབྱོར་འཕེལ་བར་བཀག་འགོག་དང་ཀྲུང་གོར་བཀག་འགོག་བྱེད་པའི་བསམ་པ་ཅི་ཡང་བཅངས་མེད།

པའེ་ཏེང་གིས་གསུང་རྒྱུར། ཨ་ཀྲུང་འབྲེལ་བ་འཕེལ་རྒྱས་ཇི་ལྟར་གཏོང་རྒྱུ་ནི་འབྱུང་འགྱུར་གྱི་འཛམ་གླིང་འཕེལ་ཕྱོགས་ལ་མཚོན་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཨ་ཀྲུང་རྒྱལ་ཁབ་གཉིས་ལ་ཐུན་མོང་གི་འགན་འཁྲི་ཞིག་ཡོད་པ་ནི། འཛམ་གླིང་ལ་ཨ་རི་དང་ཀྲུང་གོ་གཉིས་ཀྱིས་རྩོད་གཞི་དོ་དམ་ཚོད་འཛིན་ཐུབ་པ་དང་། ཕན་ཚུན་གོ་ལོག་ཐེབས་པ་དང་དཔྱད་མཚམས་ནོར་འཁྲུལ་བྱུང་བའམ་ཡང་ན་ཛ་དྲག་ཆེ་བའི་འགྲན་རྩོད་དེ་ཕན་ཚུན་འགྲན་རྒོལ་དང་ཐ་ན་འགལ་བ་འབྱུང་བྱེད་དུ་འགྱུར་བ་གཏན་འགོག་བྱེད་ཐུབ་པ་འགྲེམ་སྟོན་བྱ་རྒྱུ་དེ་རེད། ཨ་རིའི་ཕྱོགས་ནི་ཨ་ཀྲུང་འབྲེལ་བར་མཛུབ་ཁྲིད་བྱེད་པའི་རྩ་དོན་གཏན་འཁེལ་བྱ་རྒྱུར་འཐད་པས། ཕྱོགས་གཉིས་ཀའི་རུ་ཁག་གིས་ད་ཡོད་ཀྱི་ཐུན་མོང་ངོས་ཟིན་གྱི་རྨང་གཞིའི་སྟེང་མུ་མཐུད་དུ་གྲོས་མོལ་བྱས་ནས། སྔ་མོ་ནས་གཅིག་མཐུན་ཡོང་རྒྱུ་བརྩོན་ལེན་བྱེད་ཆོག ཨ་རིའི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་ཁས་ལེན་པ་དང་། ཐའེ་ཝན་གྱི་གནད་དོན་ལག་ཆ་རུ་བརྩིས་ནས་ཀྲུང་གོར་བཀག་འགོག་མི་བྱེད་ལ། རེ་བར་ཐའེ་ཝན་ཞི་བདེ་བརྟན་བརླིང་ཡོང་རྒྱུ་དེ་ཡིན། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་ནི་ཕྱོགས་གཉིས་ཀའི་ཕྱི་འབྲེལ་ཚོགས་པས་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་རྒྱུན་ལྡན་རང་བཞིན་གྱི་གྲོས་མོལ་བྱ་རྒྱུར་འཐད་པ་ཡོད། རྒྱལ་ཁབ་གཉིས་ཀྱི་ནོར་སྲིད་དངུལ་རྩ་ཚོགས་པས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་དང་དཔལ་འབྱོར་ཉོ་འཚོང་སོགས་ཀྱི་གནད་དོན་ལ་དམིགས་ནས་ཕན་ཚན་བརྗེ་རེས་དང་མཐུན་སྦྱོར་བྱེད་པར་འཐད་པ་ཡོད། «མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས»ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཉེར་བདུན་པ་ལེགས་འགྲུབ་འབྱུང་བར་ཐུན་མོང་ཐོག་སྐུལ་འདེད་ཧུར་ཐག་གཏོང་བར་འཐད་པ་ཡིན་ལ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྤྱི་པའི་འཕྲོད་བསྟེན་དང་ཞིང་ལས།འབྲུ་རིགས་བདེ་འཇགས་བཅས་ཀྱི་ཐད་ནས་གླེང་མོལ་དང་མཉམ་ལས་གྲོས་མཐུན་ཡོང་བར་བྱེད་དགོས། ཀྲུང་ཨ་མཉམ་འབྲེལ་བྱ་བའི་ཚོ་ཆུང་བེད་སྤྱོད་ལེགས་པོ་བྱས་ཏེ། བྱེ་བྲག་གི་གནད་དོན་སྔར་ལས་མང་བ་ཐག་གཅོད་པར་སྐུལ་འདེད་གཏོང་རྒྱུར་འཐད་པ་དང་། ཀྲུང་ཨའི་དབར་དུ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མི་སྣ་ཕན་ཚུན་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་ལྕག་གནང་རྒྱུར་འཐད་པ་ཡིན།
རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ད་དུང་ཡུག་རེན་གྱི་ཉམས་ཉེན་སོགས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་ཡུག་རེན་གྱི་གནས་བབ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།ཉམས་ཉེན་བསླངས་རྗེས། ངས“འོས་པ་བཞི”བཏོན་པ་ཡིན་ལ། ཡར་སྔོན་ངས་ཡང་བསྐྱར“ཐུན་མོང་བཞི”བཏོན་པ་ཡིན། ཡུག་རེན་གྱི་ཉམས་ཉེན་ལྟ་བུའི་གོ་ལ་ཧྲིལ་པོའི་རང་བཞིན་དང་མཉམ་འདུས་རང་བཞིན་གྱི་ཉམས་ཉེན་ལ་དམིགས་ཏེ། དོན་ཚན་འདི་དག་ལ་བསམ་གཞིགས་ནན་ཏན་བྱེད་དགོས་པ་སྟེ། གཅིག་ནི་འགལ་ཟླ་བྱུང་ནས་དམག་འཁྲུག་བརྒྱབ་པར་རྒྱལ་ཁ་ཐོབ་མཁན་ཞིག་མེད་པ་དང་། གཉིས་ནི་རྙོག་འཛིང་ཆེ་བའི་གནད་དོན་ལ་ཐག་གཅོད་ཐབས་སླ་མོ་ཞིག་མེད་པ། གསུམ་ནི་རྒྱལ་ཁབ་ཆེན་པོའི་བར་དུ་ཅིས་ཀྱང་འགྲན་རྒོལ་མི་ཡོང་བ་བྱེད་པ་བཅས་སོ།། ཀྲུང་གོའི་ཕྱོགས་ཀྱིས་དུས་ནམ་ཡང་ཞི་བདེའི་ཕྱོགས་སུ་ལངས་ནས་མུ་མཐུད་དུ་འདུམ་འགྲིག་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་དང་། ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་ཀྱིས་ཞི་བའི་གྲོས་མོལ་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་དང་རེ་བ་བྱེད་པའི་མཚུངས་སུ། ཨ་རི་དང་བྱང་ཆིངས་རྒྱལ་ཁབ། ཡོ་རོབ་མནའ་འབྲེལ་བཅས་ཀྱིས་ཨུ་རུ་སུ་དང་ཕྱོགས་ཡོངས་ནས་གླེང་མོལ་བྱ་རྒྱུའི་རེ་བ་བཟུང་ཡོད།
རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་གཅིག་མཐུན་དུ་ངོས་བཟུང་དོན། ཐུག་འཕྲད་ནི་ལྷག་བསམ་ཟོལ་མེད་ཡོང་བ་དང་དགེ་མཚན་ལྡན་པ་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་བྱ་བའི་ཚོགས་པས་དུས་ཐོག་རྗེས་འབྲངས་དང་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་བར་བྱུང་བའི་ཐུན་མོང་གི་ངོས་ཟིན་གལ་ཆེན་དོན་འཁྱོལ་བྱས་ཏེ། བྱ་སྤྱོད་དངོས་ཀྱིས་ཀྲུང་ཨའི་འབྲེལ་བ་སླར་ཡང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་ལམ་དུ་བགྲོད་པར་སྐུལ་འདེད་གཏོང་དགོས་པར་སྙམ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་རྒྱུན་ལྡན་རང་བཞིན་གྱི་འབྲེལ་བ་མུ་མཐུད་དུ་རྒྱུན་འཁྱོངས་བྱ་རྒྱུར་འཐད་པ་བྱུང་། །
ཏིང་ཞུའེ་ཞང་དང་། ཝང་དབྱི། ཧོ་ལི་ཧྥེང་སོགས་མཇལ་འཕྲད་ནང་ཞུགས།
འབྲེལ་ཡོད་འོས་སྦྱོར།