logo

ཀརྨ་ཕུན་ཚོགས་ཀྱིས་རྫོང་ཁག་ལྔའི་བྱ་བར་རྟོག་ཞིབ་མཛུབ་ཁྲིད་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-12-02 ཀློག་གྲངས།:
ཀརྨ་ཕུན་ཚོགས་ཀྱིས་རྫོང་ཁག་ལྔའི་ལོ་གཅིག་གི་དམིགས་འབེན་འགན་འཁྲི་ལེགས་འགྲུབ་བྱུང་ཚུལ་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

       ཉེ་སྔོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཁུལ་བཟོ་འཕྲིན་ཅུའུ། ཁུལ་ནོར་སྲིད་ཅུའུ། ཁུལ་ཞིང་ཕྱུགས་ཅུའུ། ཁུལ་བསྡོམས་རྩིས་ཅུའུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ། ཁུལ་གྲོང་གསེབ་དར་སྤེལ་ཅུའུ་སོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་སྔ་རྗེས་སུ་ཞིན་ཧེ་དང་ཐུན་ཏེ། ཁྲི་ཀ། ཀོས་ནན། གུང་ཧོ་རྫོང་བཅས་སུ་ཕྱིན་ཏེ་ལོ་གཅིག་གི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་།
       ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་འཁོར་དང་བཅས་པས་ཡུལ་དངོས་སུ་ལྟ་བ་དང་དཔྱད་གཞིའི་ཡིག་ཆ་འཚོལ་བ། སྙན་ཞུར་ཉན་པ་སོགས་ཀྱི་བྱ་ཐབས་བརྒྱུད། རྫོང་སོ་སོའི་བྱ་འགུལ་སྤེལ་ཚུལ་ལ་མྱུར་ཚད་ཞིབ་བཤེར་དང་སྐྱོན་ཆ་འཚོལ་བ། བསམ་ཚུལ་བཏོན་ཏེ། ལོ་གཅིག་གི་དམིགས་འབེན་ལས་འགན་ཁག་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་ཡོང་བར་འགན་ལེན་བྱས་པ་རེད། ཀརྨ་ཕུན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། རྫོང་སོ་སོས་ད་ལོའི་དམིགས་ཚད་ལས་འགན་ཁག་སྤུས་ཚད་མཐོན་པོས་ལེགས་སྒྲུབ་དང་སང་ལོའི་གཙོ་གནད་བྱ་བ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་ཡག་པོ་བྱ་རྒྱུའི་ཐད་ཞིབ་ཕྲའི་བླང་བྱ་བཏོན་པ་རེད།
       ཀརྨ་ཕུན་ཚོགས་ཀྱིས་ནན་གྱིས་བསྟན་དོན། མིག་སྔར་བྱ་བ་སོ་སོ་མཐའ་མའི་འགག་རྩའི་དུས་སུ་སླེབས་པས་འབད་བརྩོན་ཧུར་ཐག་བྱ་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། གཙོ་གནད་དང་དཀའ་གནད་ལ་དམིགས་པ། སྐྱོན་ཆ་ཞིབ་བཤེར་དང་ཞན་ཆ་གསབ་པ། དྲག་ཞན་གྱི་རྣམ་གྲངས་བཅས་ལ་དམིགས་ནས་ཡིད་ཆེས་བརྟན་པོ་དང་གནོན་ཤུགས་སྤྲད་དེ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པ། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ། རྒྱུན་ལྡན་ལས་བརྒལ་བའི་སྟོབས་ཤུགས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་དམིགས་འབེན་དང་ལས་འགན་འགྲུབ་པར་བྱ་དགོས།
       ཀརྨ་ཕུན་ཚོགས་ཀྱིས་གཅིག་ནས་རྫོང་སོ་སོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ཡག་པོ་བཅས་བྱ་རྒྱུ་དེ་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས“ཁོང་དུ་ཆུད་དགོས་པ་ལྔ”ཡི་བླང་བྱ་གལ་ཆེན་གཞིར་བཟུང་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཁུལ་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན། རང་ངོས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཁྱོན་ཡོངས་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པ། དོན་འཁྱོལ་བཅས་བྱེད་པའི་ཐད་མུ་མཐུད་དུ་ཤུགས་སྣོན་བྱས་ཏེ། གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཚོ་ལྷོ་རུ་རྩ་བ་ཚུགས་ནས་འབྲས་བུ་སྨིན་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། གཉིས་ནི་རྫོང་རིམ་པ་ཁག་གིས་དམིགས་འབེན་མི་འགྱུར་བ་དང་ལས་འགན་མི་འཕྲི་བ། ཚད་གཞི་མི་ཆག་པ་བཅས་རྒྱུན་འཁྱོངས་བྱས་ནས། དམིགས་ཚད་ཀྱི་ཞིབ་ཕྲ་དེ་ལས་རིགས་དང་ལས་གཞི་སོ་སོའི་སྟེང་དུ་ཐོན་པར་བྱེད་པ་དང་ལས་འགན་གང་དེ་ལས་ཁུངས་དང་ལས་གནས་སོ་སོར་དོན་འཁྱོལ་ཡོང་བར་བྱས་ནས། “དེ་རིང་ཇི་ཙམ་འགོར་ཡང་དེ་ཙམ་གྱིས་སྔ་བ་དང་། སང་ཉིན་ཇི་ཙམ་སྔ་ཡང་དེ་ཙམ་གྱིས་འགོར་བའི”ལས་ཕྱོད་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། ལྟ་སྐུལ་མཛུབ་ཁྲིད་དང་བཀོད་གཏོང་སྙོམས་སྒྲིག་བྱེད་པ། རང་འགུལ་གྱིས་འབྲེལ་གཏུག་དང་སྙན་ཞུ་བྱེད་པ། དངོས་ཡོད་ཀྱིས་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པ། གྲུབ་འབྲས་བཀོལ་སྤྱོད་ལེགས་སྒྱུར་བྱེད་པ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། གོམ་སྟབས་མགྱོགས་པོ་དང་འབད་བརྩོན་ཆེན་པོ་བྱས་ནས་གྲུབ་འབྲས་ལེགས་ཤོས་དེ་བརྩོན་ལེན་བྱ་དགོས། གསུམ་ནི་རྫོང་རིམ་པ་ཁག་གིས“རིམས་ནད་སྔོན་འགོག་བྱེད་པ་དང་དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ”བཅས་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་བརྟན་བརླིང་སོགས་ཁྱོན་ཡོངས་ནས་བརྟན་པོ་སྲུང་བའི་རྨང་གཞིའི་ཐོག་བྱ་ཐབས་གསར་གཏོད་བྱས་ཏེ་ད་ལོའི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་པ་དང་སང་ལོའི་གཙོ་གནད་ལས་དོན་ལ་སྤྱི་འདོམས་ཇུས་འགོད་བྱས་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་ཚད་འཕེལ་རྒྱས་སུ་གཏོང་བར་འབད་དགོས་ཞེས་བསྟན།
འབྲེལ་ཡོད་འོས་སྦྱོར།