ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གྱིས་རང་ཁུལ་དུ་བརྟག་ཞིབ་གནང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-02-16
ཀློག་གྲངས།:
ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གྱིས་རང་ཁུལ་དུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་ལྷོ་གསར་བ་བསྐྲུན་པར་སྣེ་ཁྲིད་དགོས།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་ལྷོ་གསར་བ་བསྐྲུན་པར་སྣེ་ཁྲིད་དགོས།
ཟླ2པའི་ཚེས14ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་དང་། ཧྲེང་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རང་ཁུལ་དུ་བརྟག་ཞིབ་གནང་བར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བགྲོ་གླེང་འཛིན་གྲྭ་འཚོགས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ་དང་ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པར་རང་འགུལ་གྱིས་ཞབས་ཞུ་དང་ཟབ་འདྲེས་བྱེད་པ། ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་དང་འཐབ་ཇུས་ཀྱི་ངེས་ཤུགས་བརྟན་པོ་སྲུང་འཛིན་བྱེད་པ། ཁྱད་ཆོས་ལྡན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། མི་འདང་ས་དང་གཉོམ་ས་མགྱོགས་མྱུར་གྱིས་ཁ་གསབ་བྱེད་པ་བཅས་ཀྱིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་ལྷོ་གསར་བ་བསྐྲུན་པར་སྣེ་ཁྲིད་དགོས་པ་ནན་གྱིས་བསྟན།
ཁ་བ་བབས་རྗེས་ཀྱི་མཐོ་སྒང་ནི་དངུལ་གྱི་གྱོན་གོས་མནབས་པ་བཞིན་མཛེས་ཤིང་ལྟ་ན་སྡུག ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་དུ་སོང་སྟེ་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་བ་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་ནན་ཏན་གྱིས་ཉན་པ་དང་། ཡུལ་དངོས་ནས་ཚ་རྔ་འགག་ཆུ་གློག་ས་ཚིགས་ཀྱིས་གློག་གཏོང་བ་དང་བེད་སྤྱོད་དོ་དམ་བྱེད་པ་སོགས་ལ་བརྟག་བཤེར་བྱས་ཏེ། ཚ་རྔ་འགག་གི་སྐྱེ་ཁམས་གནས་སྐོར་གོང་དུ་སྤེལ་བའི་འཆར་གཞི་ལེགས་པོ་འགོད་པ་དང་། ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་བ་ཞེས་པའི་མིང་གྲགས་ཚད་དང་འགུག་ཤུགས་རྒྱ་བསྐྱེད་དེ། རོང་འབྲོག་པའི་ཡོང་སྒོ་འཕར་བ་དང་ཕྱུག་པོར་འགྱུར་བར་རོགས་འདེགས་བྱེད་དགོས་པ་དང་། ཆུ་བེད་ལྟེ་གནས་ཆེ་གྲས་ཀྱི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ཏེ། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད། ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པ་སོགས་ཀྱི་ནུས་པ་བསྟུད་མར་མཐོར་འདེགས་གཏོང་དགོས་པ་བསྟན། མཚོ་སྔོན་སྨིན་རྩེ་ཚ་རྔ་འགག་སྐྱེ་ཁམས་ཆུ་གསོ་ཚད་ཡོད་ཀུང་སི་རུ། ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སན་ཝུན་ཉ་ཚན་རིག་དང་མཐུན་པར་གསོ་སྤེལ་དང་ལས་སྣོན། ཕྱིར་འཚོང་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཁེ་ལས་ཀྱིས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་འོག སྐྱེ་ཁམས་འཁོར་རྒྱུག་ཐུབ་པའི་གསོ་སྤེལ་སྦྲེལ་རྡང་བཙུགས་ནས། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཆས་རྟགས་བསྐྲུན་གང་ཐུབ་བྱེད་དགོས་པའི་མངགས་བཅོལ་གནང་། རང་ཁུལ་གྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གསར་པའི་རྟེན་གཞི་རུ། ཁྲེན་ཀང་དང་ཝུའུ་ཞོའ་ཅུན་གཉིས་ཀྱིས་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་འཛུགས་སྐྲུན་དང་ནུས་ཁུངས་གཙང་མ་ཕྱིར་སྐྱེལ་དང་ཟད་གྲོན་སོགས་ཀྱི་གནས་ཚུལ་ཞིབ་མོར་དྲིས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ། ནུས་ཁུངས་གཙང་མའི་ཐོན་ལས་གོང་དུ་སྤེལ་བའི་ཡིབས་ཤུགས་སྔོག་འདོན་ཟབ་མོ་བཅས་བྱས་ཏེ། སྐྱེ་ཁམས་དང་ཐོན་སྐྱེད་དང་འཚོ་བ་བཅས་གསུམ་ཐད་ནས་རྒྱལ་ཁ་ལེན་གང་ཐུབ་བྱེད་དགོས་ཞེས་བསྟན། ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ། ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རྒྱལ་ཁབ་ཀྱི་མཐུད་མུར་འཕེལ་འཐུས་པའི་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པའི་གནས་ཚུལ་མཚམས་སྦྱོར་ལ་ཉན་པ་དང་། བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་སྟེགས་བུ་འཛུགས་སྐྲུན་དང་བེད་སྤྱོད་སོགས་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་ཐེག་བྱད་དང་འདེགས་སྐྱོར་རྒྱུན་ཆད་མེད་པར་ཕུན་ཚོགས་སུ་བཏང་ནས། དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་བྱ་བ་སོ་སོ་ནུས་པ་དང་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་རང་འགུལ་དབང་ཆ་ཁོང་དུ་ཆུད་པར་བྱས་ཏེ། སྟེགས་བུའི་བྱེད་ནུས་འཐུས་ཚང་དང་གསར་སྐྲུན་བྱས་ཐོག ནང་དོན་སྒྲིག་འཛུགས་དང་དྲ་རྒྱ་བཅོས་སྐྱོང་གི་ནུས་པ་མཐོར་འདེགས་གཏོང་དགོས་པ་བསྟན།
བཞུགས་མོལ་ཚོགས་འདུའི་སྟེང་། རང་ཁུལ་གྱི་བྱ་བའི་སྙན་ཞུར་ཉན་རྗེས། ཁྲེན་ཀང་གིས་རང་ཁུལ་གྱི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། རང་ཁུལ་གྱི་འཕེལ་རྒྱས་ཀྱི་ལེགས་ཆ་ཁྱད་དུ་འཕགས་ཤིང་། འཕེལ་རྒྱས་ཀྱི་རྨང་གཞི་སྲ་ཞིང་བརྟན་ལ། འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་རེ་བས་ཁེངས་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་ཀྱི་ཁྲོད་ནས་དམིགས་འབེན་དང་ཁ་ཕྱོགས། གོ་སྐབས་དང་འགྲན་སློང་བཅས་བཙལ་ནས། མུ་མཐུད་དུ་སློབ་སྦྱོང་དང་བསམ་གཞིགས་གཏོང་མཁས་པ། དངོས་སུ་སྒྲུབ་པ་བཅས་ལ་བརྟེན་ནས། དེང་རབས་ཅན་གྱི་མཚོ་ལྷོ་གསར་བ་མགྱོགས་མྱུར་གྱིས་བསྐྲུན་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐད་ནས་འགན་འཁུར་ཕོད་པར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ནས། མངའ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ཏན་ཏིག་གིས་ལེགས་པར་འཛིན་པ་དང་། སྐྱེ་ཁམས་ཞིག་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། ལྷོད་འགོག་ཟུང་འབྲེལ་གྱིས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་དག་ཐེར་བཅོས་སྐྱོང་དང་མཐོར་འདེགས་གཏོང་བའི་འགུལ་སྐྱོད་རྒྱུན་རྣམ་ཅན་དུ་སྤེལ་བ་བཅས་ཀྱིས། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་གཏོང་དགོས། ས་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་ཐད་ནས་དགེ་མཚན་ལྡན་པའི་བྱེད་ཐབས་བཏོན་ནས། ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་སྔར་ལས་གསར་སྐྲུན་བྱེད་པ་དང་། གནད་འགག་གི་དུས་སྐབས་འདི་དམ་འཛིན་གང་ལེགས་བྱས་ཏེ་ནུས་ཁུངས་གཙང་མའི་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། ཡུལ་སྐོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོ་ལེགས་བཅོས་བཅས་ཀྱིས་ཕན་ཚུན་ལ་སྐུལ་འདེད་དང་ཁ་གསབ་དང་དར་སྤེལ་བཅས་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ནུས་ཁུངས་གཙང་མའི་གཞི་གྲངས་ཆེན་པོའི་ཐོན་ལས་མུ་མཐུད་དུ་ཤུགས་ཆེན་པོས་གསར་སྐྲུན་དང་། རྒྱལ་ཁབ་ཀྱི་མཐུད་མུར་འཕེལ་འཐུས་པའི་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་བྱེད་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་བརྟན་བརླིང་སྒོས་སྐུལ་འདེད་གཏོང་བ་དང་། གུང་ཧོ་མངའ་ཁོངས་ཀྱི་གཞོང་ས་ལྷད་མེད་འཕེལ་རྒྱས་གཏོང་བའི་འཕར་སྣེ་མགྱོགས་མྱུར་གྱིས་བསྐྲུན་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་པའི་ཐད་ནས་བློ་བརྟན་ནུས་ལྡན་ཡོང་བར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། བདེ་འཇགས་བརྟན་བརླིང་གི་གནས་བབ་བཟང་པོ་མཐུད་མུར་བརྟན་པོར་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་དང་སྲིད་ཇུས་དྲིལ་སྒྲོག སློབ་གསོའི་ཁྲིད་སྟོན་སོགས་ཉིན་རྒྱུན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་བྱ་བར་ཤུགས་སྣོན་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱུ་སྐྱེད་པ་དེ་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རོང་འབྲོག་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་པ་བཅས་ཀྱིས། ཏང་གིས་བོད་འབྲེལ་ས་ཁུལ་དུ་སྲིད་ཇུས་ལག་བསྟར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཏང་གིས་ཁྱོན་ཡོངས་ལ་མགོ་ཁྲིད་པར་ཤུགས་སྣོན་པའི་ཐད་ནས་ཕན་ནུས་དང་ལྡན་པར་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་ལ་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་བཏོན་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཞི་རིམ་གྱི་ཏང་འཛུགས་བྱ་བའི་སྤུས་ཀའི་ཕན་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། མི་འདེམས་པ་དང་བཀོལ་སྤྱོད་བྱེད་པའི་ཁ་ཕྱོགས་ཡང་དག་པ་འཛུགས་པ། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་གཏོང་བར་སྐུལ་སྤེལ་ཏན་ཏིག་བྱེད་པ་བཅས་ཀྱིས། ཁག་ཁུར་གསར་པ་དང་བྱེད་སྟངས་གསར་པར་བརྟེན་ནས་རང་ཁུལ་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་འབྲི་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། རང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ཁྲོད་གོ་གནས་གལ་ཆེན་ཟིན་པ་དང་འཕེལ་རྒྱས་ཀྱི་ཡིབས་ཤུགས་ཧ་ཅང་ཆེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་བཅས་ཀྱིས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱས་ཏེ། གུང་ཧོ་མངའ་ཁོངས་ཀྱི་གཞོང་ས་ལྷད་མེད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གང་ནུས་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཐད་ནས་བྱེད་སྟངས་གསར་པ་མངོན་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩུ་ཐང་དང་བྱེ་ས་འཁྱགས་ཀླུང་བཅས་གཞི་གཅིག་ཏུ་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་དང་། བྱེ་འགོག་བྱེ་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རྨ་ཆུ་དང་མཚོ་སྔོན་པོ། གཙང་གསུམ་འབྱུང་ཡུལ་བཅས་སྲུང་བའི་ཐད་ལ་ཤུགས་གང་ཡོད་འདོན་པ་བཅས་ཀྱིས། གཙང་བོ་དྭངས་མ་ཤར་དུ་བཞུར་བ་དང་། མཚེའུ་གཙང་མས་མཚོ་སྔོན་ལ་བརླན་འཛིན་པ་ཁག་ཐེག་བྱེད་དགོས། དེང་རབས་ཐོན་ལས་ཀྱི་མ་ལག་གསར་འཛུགས་བྱེད་པའི་ཐད་ནས་ཁག་ཁུར་གསར་པ་མངོན་ཏེ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་མགྱོགས་མྱུར་གྱིས་བསྐྲུན་པ་དང་། “ཤར་གྲངས་ནུབ་བརྩི”དང“ཤར་གྲངས་ནུབ་གསོག”གི་ཐད་ནས་དགེ་མཚན་ལྡན་པའི་བྱེད་སྟངས་འདོན་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་འཛུགས་པར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པའི་ཚད་གཞི་དང་རིམ་པ་སྤར་བ་བཅས་བྱེད་དགོས། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་ནས་ཕན་འབྲས་གསར་པ་ལེན་པ་དང་། འབྲུ་རིགས་བདེ་འཇགས་དང་གཞི་ཁྱོན་ཅན་གྱི་སྒོ་ནས་ཡང་བསྐྱར་དབུལ་བོར་མི་འགྱུར་བའི“ཚད་མཐའ་གཉིས”མཐའ་གཅིག་ཏུ་སྲུང་འཛིན་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱི་ཐད་ནས་གཞི་ཁྱོན་ཅན་གྱི་ཕན་འབྲས་ཐོན་པ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཐད་ནས་མཐོ་སྒང་གི་ཉམས་འགྱུར་མངོན་པ་བཅས་བྱེད་དགོས། མཐུད་མུར་འཕེལ་འཐུས་པའི་འཕེལ་རྒྱས་ཀྱི་སྟེང་ནས་འདྲ་དཔེ་གསར་པ་གསར་སྐྲུན་དང་། རྒྱལ་ཁབ་ཀྱི་མཐུད་མུར་འཕེལ་འཐུས་པའི་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་བྱེད་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་བཅས་བྱས་ནས། འདྲ་བཟོ་དང་ཁྱབ་གདལ་དང་སྡུད་ལེན་བཅས་བྱེད་ཆོག་པའི་ཉམས་མྱོང་ཆགས་པར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཚོ་ལྷོའི་ལེའུ་ཧུར་ཐག་གིས་འབྲི་དགོས།
ཀྲུའུ་ཞང་ཧྥེང་དང་ལུའི་ཀང་གཉིས་ཀྱང་ཞུགས་ཡོད།
འབྲེལ་ཡོད་འོས་སྦྱོར།