logo

2023ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ།(ཆ་ཚང་།)

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས། དུས་ཚོད།:2023-02-17 ཀློག་གྲངས།:
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2023ལོའི་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བྱ་བ་གཙོ་བོ་བཟང་བོར་སྒྲུབ་པའི་སྐོར་གྱི་བསམ་འཆར།
 
       ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་བར་བརྗིད་ཆེའི་དཔེ་རིས་འཆར་འགོད་བྱས་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དཀའ་ཚེགས་ཆེ་ཤོས་དང་ལས་འགན་ལྕི་ཤོས་དེ་སྔར་བཞིན་ཞིང་སྡེ་ཡིན་ངེས། འཛམ་གླིང་སྟེང་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འགྲོ་བཞིན་ཡོད་པས། རང་རྒྱལ་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་པ་དང་། གཏན་འཁེལ་མེད་པ་དང་སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་མང་པོའི་དུས་སྐབས་སུ་སླེབས་ཡོད། ཞིང་གསུམ་གྱི་གཞི་རྩའི་རྨང་གཞི་ལེགས་པོར་སྲུང་རྒྱུ་ནི་ཆེས་གལ་འགངས་ཆེ་བ་དང་ནོར་འཛོལ་ཤོར་མི་རུང་བ་ཞིག་རེད། ཏང་ཀྲུང་དབྱང་གིས་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་སྒོས་ཞིང་གསུམ་གནད་དོན་ཐག་གཅོད་བཟང་བོ་བྱེད་རྒྱུ་ནི་ཏང་ཡོངས་ཀྱི་བྱ་བའི་གཙོ་གནད་དུ་བརྩིས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་དང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས་པར་འདོད་ཡོད།
       རྒྱལ་ཁབ་སྟོབས་ལྡན་དུ་གཏང་ན་སྔོན་ལ་ཞིང་ལས་སྟོབས་ལྡན་དུ་གཏོང་དགོས་པ་དང་། ཞིང་ལས་སྟོབས་ལྡན་ཡིན་ཚེ་ད་གཟོད་རྒྱལ་ཁབ་སྟོབས་ལྡན་ཡིན་ངེས། རྒྱལ་ཁབ་དང་ཞིང་ལས་ཀྱི་གནས་ཚུལ་ལ་རྐང་བཙུགས་ཏེ་ཀྲུང་གོའི་ཁྱད་ཆོས་མངོན་དགོས་པ་དང་། མཁོ་སྤྲོད་ཀྱི་འགན་སྲུང་ལེགས་པ། ཚན་རྩལ་གྱི་སྒྲིག་ཆས་འཛོམས་པ། བདག་གཉེར་གྱི་མ་ལག་ལྡན་པ། ཐོན་ལས་ཀྱི་མཉེན་གཤིས་དྲག་པ། འགྲན་རྩོད་ཀྱི་ནུས་ཤུགས་མཐོ་བ་བཅས་ཀྱི་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།
       2023ལོ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་། ཏང་གིས་ཞིང་གསུམ་བྱ་བར་ཕྱོགས་ཡོངས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱས་ཏེ། ཞིང་ལས་དང་ཞིང་སྡེ་དམིགས་བསལ་དུ་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་བྱེད་ཚད་ཇེ་དྲག་ཏུ་གཏོང་བ་དང་། འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པ་སོགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བྱེད་པ། གྲོང་གསེབ་གོང་སྤེལ་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་བྱ་བ་གཙོ་བོ་ཏན་ཏིག་གིས་སྤེལ་བ། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། སྡོད་བདེ་ལས་འཚམ་དང་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་བཟང་བོ་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས།
དང་པོ། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་བརྟན་མཁོ་སྲུང་མྱུར་དུ་དམ་འཛིན་བྱེད་དགོས།
       གཅིག འབྲུ་རིགས་ཐོན་སྐྱེད་སྟོབས་ཤུགས་ཡོད་རྒུས་དམ་འཛིན་བཟང་བོ་བྱེད་པ།
       རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་གྱི་ཡན་ལ་སྲུང་འཛིན་བྱེད་པར་ཁག་ཐེག་བྱེད་པ་དང་། ཞིང་ཆེན་སོ་སོ(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར།)ཚང་མས་རྒྱ་ཁྱོན་བརྟན་སྲུང་དང་ལོ་ལེགས་གཙོ་ཞིབ། ཐོན་ཚད་མང་བ་དང་འཕར་བ་བརྩོན་ལེན་བྱེད་དགོས། ཕྱོགས་ཀུན་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་སྲ་བརྟན་གཏོང་བ་དང་འབྲུ་རིགས་ས་གཞི་ལས་ཐོན་པ་དང་འབྲུ་རིགས་ལག་རྩལ་ལ་བརྟེན་དགོས་པའི་དངོས་པོའི་རྨང་གཞི་ཤུགས་ཆེར་བཏང་ནས། ཞིང་པས་འབྲུ་རིགས་བཏབ་ནས་ཡོང་སྒོའི་ཁེ་ཕན་ལེན་པ་དང་ས་གནས་ཀྱིས་འབྲུ་རིགས་འདེབས་འཛུགས་དམ་འཛིན་བྱས་ཏེ་འགན་འཁྲིའི་འོས་འགན་གྱི་ནང་རྐྱེན་འགན་སྲུང་འཐུས་ཚང་དུ་གཏོང་དགོས། སྐོར་ཐེངས་གསར་བའི་འབྲུ་རིགས་རྒྱ་མ་ཁྲག་ཁྲིག་ཆེན་མོའི་ཐོན་ནུས་རིམ་འཕར་གྱི་འགུལ་སྐྱོད་ལག་བསྟར་བྱེད་དགོས་པ་དང་ལོ་རེར་མུའུ་རེའི་འབྲུ་རིགས་ཐོན་ཚན་ཏུན་གཅིག་ལ་སླེབས་པའི་ཞིང་ས་གསར་སྐྲུན་བྱེད་དགོས། ལྷོ་རྒྱུད་ས་ཁུལ་གྱི་ཞིང་ཆེན་དག་གིས་ལོ་གཅིག་ལ་ཐེངས་དུ་མར་འདེབས་འཛུགས་ལམ་ལུགས་ཀྱི་འབྲུ་རིགས་ཐོན་སྐྱེད་ལ་སྐུལ་འདེད་བཏང་ནས་ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་ཆུ་འབྲས་བསྐྱར་འདེབས་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས། གྲོ་ཞིང་ལ་ཞིང་སྨན་ཐེངས་གཅིག་གཏོར་ན་ཕྱོགས་གསུམ་སྔོན་འགོག་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མ་རྨོས་ལོ་ཐོག་ལ་ལོ་ལེགས་སྨིན་པའི་རིམ་འཕར་བཟོ་སྐྲུན་ལག་བསྟར་བྱེད་དགོས། མུ་མཐུད་དུ་གྲོ་ཡི་ཆེས་དམའ་བའི་བསྡུ་ཉོ་རིན་གོང་ཇེ་མཐོར་གཏོང་བ་དང་ལུགས་མཐུན་ལྟར་འབྲས་ཀྱི་ཆེས་དམའ་བའི་བསྡུ་ཉོ་རིན་གོང་གཏན་འཁེལ་དང་འབྲས་ཀྱི་ཁ་གསབ་བརྟན་འཇགས་བཅས་བྱས་ཏེ། ཞིང་ལས་རྒྱུ་ཆའི་མཁོ་སྤྲོད་འགན་སྲུང་དང་རིན་གོང་བརྟན་འཇགས་ལ་ཁ་གཏད་འཇལ་བའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། ཐོན་ཚད་གཙོ་བོའི་ས་ཁུལ་གྱི་ཁེ་ཕན་ཁ་གསབ་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། ཐོན་ཚད་མཐོ་བའི་རྗོང་ཁག་ཆེན་པོའི་བྱ་དགའི་མ་དངུལ་གཞི་ཁྱོན་འཕར་སྣོན་བྱེད་དགོས། འབྲས་དང་གྲོ། མ་རྨོས་ལོ་ཏོག་བཅས་ཀྱི་ཟད་གྲོན་མ་གནས་ཀྱི་ཉེན་ཚབ་དང་འདེབས་འཛུགས་ཡོང་སྒོའི་ཉེན་ཚབ་ལག་བསྟར་ཁྱབ་ཁོངས་རིམ་བཞིན་རྒྱ་སྐྱེད་དགོས་པ་དང་སྤུས་ལེགས་འབྲུ་རིགས་ཀྱི་བཟོ་སྐྲུན་ལག་བསྟར་བཟང་བོ་བྱེད་དགོས། འབྲུ་རིགས་མངག་ཐོ་ལྟར་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་སྐུལ་མ་བཏང་ནས་སྤུས་ལེགས་གོང་བདེ་ཡོང་བར་མངོན་འགྱུར་བྱེད་དགོས། སྔོ་གཅོད་འབྲུ་བརླག་ལ་སྔོན་འགོག་ནན་མོ་བྱེད་དགོས། ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ལམ་ལུགས་ལ་དཔྱད་ཞིབ་ནན་མོ་བྱས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་འགན་སྲུང་བཅའ་ཁྲིམས་གསར་དུ་འདོན་པར་སྐུལ་འདེད་གཏོང་དགོས།
       གཉིས། སྲན་ཆེན་གྱི་སྣུམ་རྒྱུ་འདེབས་རྒྱ་ཆེ་རུ་གཏོང་དགོས།
       སྲན་ཆེན་དང་སྣུམ་རྒྱུ་ཐོན་ནུས་ཆེ་རུ་གཏོང་བའི་བཟོ་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་དགོས། སྲན་ཆེན་དང་མ་རྨོས་ལོ་ཏོག་གི་འདྲེས་སྦྱོར་འདེབས་འཛུགས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། བྱང་ཤར་དང་། རྨ་ཆུ་དང་ཧོའེ་ཧའེ་ས་ཁུལ་དུ་འབྲུ་རིགས་དང་སྲན་མ་རེས་མོས་ཀྱིས་འདེབས་པར་རྒྱབ་སྐྱོར་བྱེད་པ། བ་ཚྭའི་རང་བཞིན་ལྡན་པའི་ས་ཁུལ་དུ་སྲན་ཆེན་འདེབས་འཛུགས་བརྟན་པོའི་ངང་གསར་སྤེལ་དང་བེད་སྤྱོད་བྱེད་དགོས། མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་ལ་ཁ་གསབ་རོགས་དངུལ་སྟེར་བའི་བྱ་བ་འཐུས་ཚང་དུ་གཏོང་བ་དང་། སྲན་ཆེན་གྱི་ཟད་གྲོན་མ་གནས་ཀྱི་ཉེན་ཚབ་དང་འདེབས་འཛུགས་ཡོང་འབབ་ཀྱི་ཉེན་ཚབ་ཚོད་ལྟ་ལག་བསྟར་ཡག་པོ་བྱེད་དགོས། ལོག་དཀར་ཕྱོགས་བསྡུས་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་སྣུམ་བཙིར་འཕྲུལ་འཁོར་ཁྱབ་སྤེལ་གཏོང་བ་དང་། དགུན་ཁར་ཞིང་ས་བེད་སྤྱོད་བྱེད་ཀྱིན་མེད་པའི་ས་ཞིང་བེད་སྤྱད་དེ་ལོག་དཀར་འདེབས་པར་གསར་སྤེལ་ཤུགས་ཆེན་བྱེད་དགོས། ཤིང་རིགས་སྣུམ་རྫས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། སྣུམ་དང་ཇའི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ཏེ། སྣུམ་དང་ཇའི་འདེབས་ཁྱོན་ཆེ་རུ་གཏོང་བ་དང་ཐོན་འབབ་དམའ་བའི་ནགས་ཚལ་བསྒྱུར་བཀོད་ལས་འགན་དོན་འཁྱོལ་བཅས་བྱེད་དགོས། གཟན་ཆས་ལ་སྤྱོད་པའི་སྲན་སྙིགས་ཇེ་ཉུང་དུ་གཏོང་བའི་ཚབ་བྱེད་བྱ་འགུལ་གཟབ་ནན་དུ་སྤེལ་དགོས།
       གསུམ། དེང་རབས་ཀྱི་སྒྲིག་ཆས་ཞིང་ལས་འཕེལ་རྒྱས་སུ་གཏོང་དགོས།
       སྒྲིག་ཆས་ཞིང་ལས་དེང་རབས་ཅན་དུ་མཐོར་འདེགས་གཏོང་བའི་བྱ་འགུལ་སྤེལ་དགོས། ཆུ་འབྲས་གཅིག་བསྡུས་ཀྱིས་གསོ་བའི་ལྟེ་གནས་དང་སྔོ་ཚལ་ལེགས་བསྡུས་ཞིབ་གཉེར་གྱིས་གསོ་སྤེལ་ལྟེ་གནས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། འབྲུ་རིགས་སྲོ་སྐམ་དང་། ཞིང་ལས་ཐོན་རྫས་ཐོན་ཁུལ་གྲང་འཇུག འཁྱག་སྦྲེལ་སྐྱེལ་འདྲེན་བཅས་ཀྱི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། གཅིག་བསྡུས་ཡུག་འབྲེལ་གྱིས་སྔོ་ཚལ་སྒྲིག་ཆས་རྙིང་པ་བསྒྱུར་བཀོད་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་དགོས། ཕྱུགས་དང་སྒོ་བྱ་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་དང་ཆུ་ཐོན་གསོ་སྤེལ་རྫིང་བུ་བསྒྱུར་བཀོད་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་ཆུ་སྤྱོད་པའི་བསྡོམས་འབོར་མི་འཕར་བའི་སྔོན་འགྲོའི་ཆ་རྐྱེན་འོག མྱ་ངམ་ཐང་དང་བྱེ་ཐང་སོགས་ཚན་རིག་དང་མཐུན་པར་བེད་སྤྱོད་པའི་འཕེལ་རྒྱས་སྒྲིག་ཆས་ཞིང་ལས་འཚོལ་ཞིབ་བྱེད་དགོས། ས་གནས་ཀྱིས་སྒྲིག་ཆས་ཞིང་ལས་འཛུགས་སྐྲུན་ལ་ཡིད་རྟོན་དངུལ་བུན་གྱི་སྐྱེད་ཀ་སྤྲོད་པར་སྐུལ་མ་གཏོང་དགོས།
       བཞི། སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་འཛུགས་དགོས།
       བཟའ་བཅའི་ལྟ་བ་ཆེན་པོ་བཙུགས་ཏེ་འབྲུ་རིགས་དང་དཔལ་འབྱོར། གཟན་ཆས་གཅིག་གྱུར་འཆར་འགོད། ཞིང་ལས་དང་ནགས་ལས། ཕྱུགས་ལས། ཉ་ལས་བཅས་ཟུང་འབྲེལ་བྱས་ཏེ། རྩི་ཤིང་དང་སྲོག་ཆགས་ཀྱི་སྐྱེ་དངོས་ཕྲ་རབ་མཉམ་འཛིན་བཅས་ཀྱི་སྣ་མང་ཅན་གྱི་བཟའ་བཅའི་མཁོ་སྤྲོད་མ་ལག་མགྱོགས་མྱུར་གྱིས་བསྐྲུན་ནས་ཁྱབ་ཁོངས་དབྱེ་ནས་ལག་བསྟར་ཇུས་གཞི་བཟོ་དགོས། སྤུས་ལེགས་ཆུ་གྲོན་ཆུང་དང་ཐོན་ཚད་མཐོ་ཞིང་བརྟན་པའི་གཟན་རྩྭ་དང་གཟན་ཆས་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་དང་།འབུ་སུ་ཧང་སོགས་པའི་རྩྭ་རའི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། གཟན་རྩྭ་སྔོན་པོའི་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། སོག་མ་གསོ་སྤེལ་བྱེད་པར་སྐུལ་འདེད་མགྱོགས་པོ་གཏོང་དགོས། ནགས་འདེབས་གསོ་བྱེད་སྟངས་འཕེལ་རྒྱས་སུ་གཏོང་དགོས། རྩྭ་སའི་ཕྱུགས་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ནན་མོ་གཏོང་བ་དང་། རྩྭ་ཐང་གི་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་གཏོང་བ། ཁུལ་བགོས་ནས་ཕྱུགས་རེས་མོས་འཚོ་བར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པར་གསོ་ཉར་ཚོད་འཛིན་ཁུལ་དབྱེ་འབྱེད་གཏན་འབེབས་བྱས་ནས་ཆུ་ངོས་ཀྱི་སྐྱེ་ཁམས་ཉ་ལས་འཕེལ་རྒྱས་སུ་གཏོང་དགོས། དེང་རབས་ཀྱི་རྒྱ་མཚོའི་ཕྱུགས་ར་བསྐྲུན་ནས་ཆུ་གཏིང་ཟབ་པའི་ཉ་རྒྱ་དང་གསོ་སྤེལ་བཟོ་ལས་གྲུ་གཟིངས་སོགས་གཏིང་ཟབ་ཀྱི་མཚོ་ཐོག་གསོ་སྤེལ་འཕེལ་རྒྱས་གཏོང་དགོས། བཟའ་བྱའི་ཤ་མོ་དང་ཆུ་རྩྭའི་རིགས་ཀྱི་ཐོན་ལས་གསོ་སྤེལ་དང་རྒྱ་སྐྱེད་གཏོང་དགོས། ཟས་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁུངས་འདེད་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།
       ལྔ། གཅིག་གྱུར་སྒོས་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་སྙོམས་སྒྲིག་འཆར་འགོད་ཡག་པོ་བྱེད་དགོས།
       འབྲུ་རིགས་ཀྱི་འཕྲལ་བསྟུན་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས། གསོག་འཇོག་དང་ཉོ་ཚོང་ཁྱབ་ཁོངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། གསོན་ཕག་བརྟན་པོའི་ངང་མཁོ་འདོན་འགན་ལེན་བྱེད་པར་ཞིང་ཆེན་གྱིས་སྤྱི་ཡོངས་ནས་འགན་འཁུར་རྒྱུ་དོན་འཁྱོལ་བྱས་ཏེ། རྒྱུད་འཕེལ་ཕག་གསོ་གཙོ་བོར་བྱེད་པའི་ཕག་གསོའི་ཐོན་ནུས་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་དགོས།“ཚོད་སླེ”གྲོང་ཁྱེར་གྱི་འགོ་གཙོས་འགན་ཁུར་བའི་ལམ་ལུགས་ལ་དཔྱད་ཞིབ་ནན་མོ་བྱེད་དགོས། སྲིང་བལ་གྱི་དམིགས་འབེན་རིན་གོང་གི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། མངར་ཆའི་རིགས་ཀྱི་བུར་ཤིང་ལག་རྩལ་ཁྱབ་སྤེལ་གཏོང་བར་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱ་དགོས། རང་བྱུང་འགྱིག་གི་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ལུད་རྫས་སོགས་ཞིང་ལས་རྒྱུ་ཆས་ཐོན་སྐྱེད་དང་གསོག་འདྲེན་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་རྒྱལ་སྤྱིའི་ཉོ་འཚོང་ནུས་པ་འདོན་སྤེལ་དང་། ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་པའི་སྣ་མང་ཅན་གྱི་འཐབ་ཇུས་ལག་བསྟར་ནན་མོ་བྱེད་དགོས། འབྲུ་རིགས་གྲོན་ཆུང་བྱེད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། སྦྲེལ་ཐག་ཧྲིལ་པོར་གྲོན་ཆུང་དང་འགྲོ་གྲོན་ཇེ་ཉུང་དུ་འགྲོ་བར་སྐུལ་འདེད་གཏོང་བ། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། བདེ་ཐང་གི་བཟའ་བཏུང་དར་སྤེལ་གཏོང་དགོས།
གཉིས་པ། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།
       དྲུག རྨོ་ཞིང་སྲུང་སྐྱོབ་དང་སྤྱོད་སྒོ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས།
       རྨོ་ཞིང་བཟུང་ཡོད་པ་དང་ཁ་གསབ་བྱ་བར་དོ་སྙོམས་ཀྱི་དོ་དམ་ནན་མོ་བྱས་ཏེ། སྡེ་ཁག་གིས་མཉམ་འབྲེལ་སྒོས་རྨོ་ཞིང་ཁ་གསབ་ཀྱི་ཞིབ་བཤེར་རྩིས་ལེན་དང་།“གྲོང་ཁྱེར་དང་རྫོང་རིམ་པའི་ཞིབ་བཤེར་གཏན་འབེབས། ཞིང་ཆེན་རིམ་པའི་བསྐྱར་ཞིབ། སྤྱི་ཚོགས་ཀྱི་ལྟ་སྐུལ་བཅས”ཀྱི་རྐྱེན་སྲོལ་ལག་བསྟར་བྱས་ནས། ཁ་གསབ་བྱས་པའི་རྨོ་ཞིང་གི་གྲངས་ཀ་གཅིག་མཚུངས་དང་། སྤུས་ཚད་ཆ་མཚུངས། ཐོན་ནུས་ཇེ་ཞན་དུ་མི་འགྲོ་བ་བཅས་ཁག་ཐེག་བྱེད་དགོས། རྨོ་ཞིང་གཞན་ལ་བསྒྱུར་བར་ཚོད་འཛིན་ནན་མོ་བྱེད་དགོས། རྨོ་ཞིང་འདེབས་འཛུགས་ཀྱི་སྤྱོད་སྒོར་དོ་དམ་ཚོད་འཛིན་བྱེད་པའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ་དང་། སྔོན་ལ་སྤྱོད་པའི་གོ་རིམ་ཁ་གསལ་བཟོ་བ། འགུལ་རྣམ་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། གོ་རིམ་ལྡན་པའི་སྒོ་ནས་ཚོད་ལྟ་བྱེད་པ་བཅས་བྱེད་དགོས། ས་རྒོད་དུ་བཞག་པའི་རྨོ་ཞིང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་བྱ་བ་ཐེངས་གསུམ་པ་ལེགས་པར་སྤེལ་དགོས།
       བདུན། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།
       ཚད་གཞི་མཐོ་བའི་ཞིང་ཁ་གསར་སྐྲུན་དང་བསྒྱུར་བཀོད་རིམ་སྤར་གྱི་ལོ་འཁོར་ལས་འགན་ཡོངས་འགྲུབ་བྱེད་དགོས་པ་དང་། ས་རྒྱུ་ལེགས་བཅོས་དང་ཞིང་ཁའི་ཆུ་འདྲེན་དང་བཙོག་འབུད་སྒྲིག་ཆས་སོགས་ཀྱི་ཞན་ཆ་གཙོ་གནད་དུ་བཟུང་ནས་ཁ་གསབ་བྱེད་དགོས། ཕན་ནུས་ཆེ་ཞིང་ཆུ་གྲོན་ཆུང་གིས་ཞིང་ཆུ་འདྲེན་པར་གཅིག་གྱུར་གྱིས་སྐུལ་འདེད་བྱེད་པ་དང་། ཡུན་ཕན་དོ་དམ་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། གཏན་འཇགས་གཞི་རྩའི་ཞིང་ཁ་ཡོངས་རྫོགས་རིམ་བཞིན་ཚད་གཞི་མཐོ་བའི་ཞིང་ཁར་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱེད་དགོས། ས་ནག་སྲུང་སྐྱོབ་དང་རི་ལྡེབས་རྨོ་ཞིང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ནག་རྐུ་སྔོག་དང་། ས་འབུ་ནག་རིང་གློག་གིས་འཛིན་པ་སོགས་ས་རྒྱུ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས། ཐན་སྐམ་གྱི་རྨོ་ཞིང་དང་ས་དམར་པོའི་རྨོ་ཞིང་གི་ཐོན་ནུས་མཐོ་རུ་གཏོང་བའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་པ་དང་། ས་ཞིང་བ་ཚྭ་ཅན་བཅོས་སྐྱོང་གཙོ་བོ་བྱེད་པ་ནས་ལོ་ཏོག་ལ་འཕྲོད་པར་བྱེད་པ། ཚྭ་ཅན་གྱི་རྩི་ཤིང་སྔར་ལས་མང་བ་འདེམས་གསོ་བྱེད་པར་ས་ཞིང་བ་ཚྭ་ཅན་ལ་འཕྲོད་པར་བསྒྱུར་བར་མུ་མཐུད་སྐུལ་འདེད་གཏོང་བ། ས་ཞིང་བ་ཚྭ་ཅན་སོགས་རྨོ་ཞིང་གི་རྗེས་གྲབས་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་ཀྱི་ཚོད་ལྟ་ཡག་པོ་བཅས་བྱེད་དགོས།
       བརྒྱད། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།
       ཆུ་བེད་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རྒྱལ་ཁབ་ཀྱི་ཆུའི་དྲ་བའི་རྐང་འཛིན་དྲ་བ་མགྱོགས་མྱུར་སྒོས་འཛུགས་དགོས། ཞིང་ཆུ་གཏོང་ཁུལ་ཆེ་འབྲིང་གྲས་འཛུགས་སྐྲུན་དང་དེང་རབས་ཅན་དུ་འགྱུར་བའི་བསྒྱུར་བཀོད་ཇེ་མགྱོགས་སུ་གཏོང་དགོས། ཆུ་མཛོད་འབྲིང་ཆུང་དང་ཆུ་འདྲེན་པ། ཐན་འགོག་གྲབས་སྤྱོད་ཆུ་ཁུངས་སོགས་བཟོ་སྐྲུན་ཁག་ཅིག་འཛུགས་སྐྲུན་བྱེད་དགོས། ཞིང་ཁའི་ཆུ་ཡུར་དང་ཞིང་ཆུ་འདྲེན་ཁུལ་གྱི་རྐང་འཛིན་བཟོ་སྐྲུན་འབྲེལ་མཐུད་བྱེད་པ་སོགས་ཞིང་ཁའི་ཆུ་བེད་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཙོ་གནད་ས་ཁོངས་སུ་ས་འོག་གི་ཆུ་ཚད་བརྒལ་གྱིས་སྔོག་འདོན་བྱེད་པར་རྒྱབ་སྐྱོར་དང་། རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ལས་ཀྱི་ཆུ་གྲོན་ཆུང་དང་ཚོད་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། ཐན་ཁུལ་དང་ཕྱེད་ཐན་ཁུལ་དུ་ཕན་ནུས་ཆེ་ཞིང་ཆུ་གྲོན་ཆུང་བྱེད་པའི་སྐམ་འདེབས་ཞིང་ལས་འཕེལ་རྒྱས་གཏོང་དགོས། ཆུ་ལོག་གསོག་ཁུལ་འཛུགས་སྐྲུན་དོ་དམ་དང་། ཆུ་བོ་འབྲིང་ཆུང་གཙང་བཅོས། ཆུ་ལོག་གི་གནོད་འཚེ་སྔོན་འགོག་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་མཛོད་འབྲིང་ཆུང་གི་ཉེན་སེལ་ཇེ་བརྟན་དུ་གཏོང་བ་དང་ཆུ་མཛོད་ཆུང་གྲས་ཀྱི་བདེ་འཇགས་ལ་ལྟ་ཞིབ་ཚད་ལེན་གང་མགྱོགས་བྱ་དགོས། ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་ནན་མོ་བྱེད་དགོས།
       དགུ། ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཇེ་ཆུང་དུ་གཏོང་བའི་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།
       ཞིང་ལས་ཀྱི་གནམ་གཤིས་ཐོན་ཁུངས་ཡོངས་བཤེར་བྱེད་ཐེངས་གསར་པ་དང་ཞིང་ལས་ཀྱི་གནམ་གཤིས་ས་ཁོངས་འབྱེད་པའི་བྱ་བར་ཞིབ་འཇུག་བྱས་ནས་སྤེལ་དགོས། ཞིང་ལས་ཀྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་སྒྲིག་བཀོད་དང་ས་ཚིགས་ཀྱི་དྲ་བའི་བཀོད་པ་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་བ་དང་། ས་ཁོངས་དང་གནོད་འཚེ་བགོས་ནས་ཞིང་ལས་ཀྱི་གནམ་གཤིས་གནོད་འཚེའི་ཆ་འཕྲིན་འགྲེམས་བསྒྲགས་བྱ་དགོས། ཐན་ཞོད་གནོད་འཚེ་འགོག་སྲུང་མ་ལག་འཛུགས་སྐྲུན་དང་ཞིང་ལས་ཐོན་སྐྱེད་ཀྱི་གནོད་འགོག་གནོད་སེལ་ལ་འགན་སྲུང་བྱེད་པར་ཤུགས་སྣོན་དགོས། གཞི་རིམ་གྱི་སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་ཀྱི་ནད་འབུ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡའི་དྲ་བ་འཐུས་ཚང་དུ་གཏོང་དགོས། ཧྥེ་གླིང་གི་ཕག་རིམས་སོགས་སྲོག་ཆགས་ཀྱི་རིམས་ནད་ཆེན་པོ་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་དང་། གཙོ་གནད་མི་ཕྱུགས་གཉིས་ཀར་ཕོག་པའི་རིམས་ནད་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས། གཙོ་གནད་ས་ཁོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཕྱོགས་བསྡུས་འགོག་བཅོས་བྱེད་ཚད་མཐོ་རུ་གཏོང་དགོས།
གསུམ་པ། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།
       བཅུ། ཞིང་ལས་ཀྱི་གནད་འགག་སྲོག་ཤིང་གི་ལག་རྩལ་གྱི་འགག་གནད་སྒྲོལ་བར་སྐུལ་འདེད་གཏོང་དགོས།
       ཐོན་ལས་ཀྱི་དགོས་མཁོའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་སྐས་རིམ་གསལ་པོ་དང་། ལས་བགོས་མཉམ་ལས། འགྲན་རྩོད་འོས་འཚམ་བཅས་ཀྱི་ཞིང་ལས་ཚན་རྩལ་གསར་སྐྲུན་མ་ལག་འཛུགས་པ་དང་། མདུན་སའི་ལག་རྩལ་ཐོལ་བརྒལ་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས། ཞིང་ལས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཚོད་ལྟ་ཁང་དང་། རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་། བཟོ་སྐྲུན་ལས་རིགས་ཀྱི་གསར་སྐྲུན་ལྟེ་གནས་སོགས་ཀྱི་ལས་སྟེགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་། ཞིང་ལས་ཀྱི་རྨང་གཞིའི་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་གྱི་ཚོད་ལྟའི་ས་ཚིགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས། ཞིང་ལས་ཚན་རྩལ་ཁྱབ་ཁོངས་ཀྱི་རྨང་གཞིའི་ཞིབ་འཇུག་བརྟན་པོའི་ངང་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
       བཅུ་གཅིག འདེབས་འཛུགས་ལས་རིགས་དར་སྤེལ་གཏོང་བའི་བྱ་སྤྱོད་ནན་ཏན་སྒོས་ལག་བསྟར་བྱ་དགོས།
       རྒྱལ་ཡོངས་ཀྱི་ཞིང་ལས་སོན་རྒྱུའི་ཐོན་ཁུངས་ཡོངས་བཤེར་ལེགས་སྒྲུབ་བྱེད་དགོས། སྒོ་འབྱེད་རོགས་ལས་དང་མཉམ་སྤྱོད་ཀྱི་སོན་རྒྱུའི་ཐོན་ཁུངས་གནད་འཁེལ་གསལ་འབྱེད་དཔྱད་འཇོག་ལམ་སྲོལ་འཛུགས་དགོས་ལ། སྐྱེ་དངོས་ཀྱི་སོན་གསོའི་ལས་གཞི་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དང་། རྒྱལ་ཁབ་ཀྱི་སོན་གསོའི་མཉམ་འབྲེལ་འགག་སྒྲོལ་དང་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ལེགས་བཅོས་ཀྱི་འཆར་གཞི་ཏན་ཏིག་ངང་སྤེལ་བ། ཐོན་འབབ་མཐོ་ལ་སྣུམ་མང་བའི་སྲན་ཆེན་དང་། སྐྱེ་ཡུན་ཐུང་བའི་དུས་ཀྱི་ལོག་དཀར། ཚྭ་ཐེག་བུལ་འདེབས་སོགས་ཀྱི་སོན་རིགས་གསར་པ་གང་མགྱོགས་སྒོས་གསོ་སྐྱོང་བྱ་དགོས། མ་རྨོས་ལོ་ཏོག་དང་སྲན་ཆེན་གྱི་སྐྱེ་དངོས་འདེབས་གསོའི་ཐོན་ལས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཚོད་ལྟའི་ཁྱབ་ཁོངས་གོ་རིམ་ལྡན་པའི་སྒོ་ནས་རྒྱ་བསྐྱེད་གཏོང་བ། འདེབས་འཛུགས་དོ་དམ་ཚད་ལྡན་དུ་གཏོང་དགོས།
       བཅུ་གཉིས། སྔོན་ཐོན་གྱི་ཞིང་ལས་འཕྲུལ་ཆས་ཞིབ་འཇུག་གསར་སྤེལ་དང་ཁྱབ་སྤེལ་ཇེ་མགྱོགས་སུ་གཏོང་དགོས།
       རིག་ནུས་ཞིང་འཕྲུལ་སྒྲིག་ཆས་ཆེ་གྲས་དང་། རི་མ་ས་ཁུལ་དུ་སྤྱོད་གོ་ཆོད་པའི་འཕྲུལ་ཆས་ཆུང་གྲས་དང་ལྡུམ་རའི་འཕྲུལ་ཆས་ཞིབ་འཇུག་གསར་སྤེལ་གང་མགྱོགས་བྱ་དགོས། བྱང་སྐར་སྤུན་བདུན་རིག་ནུས་ལྟ་ཞིབ་ཚད་ལེན་མཐའ་སྣེ་དང་དེ་མིན་རམ་འདེགས་ཁ་ལོ་བའི་མ་ལག་གཅིག་བསྡུས་བཀོལ་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་དང་བཀོལ་སྤྱོད་ཀྱི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ལས་ཀའི་གྲངས་ཚད་དང་འབྲེལ་བའི་ཁ་གསབ་བྱེད་ཐབས་འཚོལ་ཞིབ་བྱེད་པ། ས་གནས་ཀྱིས་ཁྲིམས་བཀོད་ཀྱི་འགྲོ་སོང་འགན་འཁྲི་ལག་བསྟར་བྱ་དགོས།
       བཅུ་གསུམ། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
       ཞིང་ལས་ཀྱི་ཐད་གཏོང་བའི་དངོས་རྫས་ཀྱི་གྲངས་ཀ་ཇེ་ཉུང་དུ་གཏོང་བ་དང་ཕན་འབྲས་ཇེ་ཆེར་གཏོང་བའི་ལག་རྩལ་ཁྱབ་གདལ་བེད་སྤྱོད་མགྱོགས་པོ་བྱེད་པ་དང་། ཆུ་དང་ལུད་རྫས་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། སོག་མ་དང་ཞིང་སྤྱོད་འགྱིག་ཤོག ཞིང་སྨན་གྱི་ཐུམ་སོགས་བེད་མེད་དངོས་པོ་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་སོགས་ཞིང་ལས་ཀྱི་སྙིགས་རོ་སྡུད་ལེན་དང་བེད་སྤྱོད་ཀྱི་ཐག་གཅོད་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་དང་ལྟ་ཞིབ་ཚད་ལེན་ཚོད་ལྟའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རྨོ་ཞིང་འདེབས་རེས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞིང་སྤྱོད་ས་ཞིང་གི་གུད་རྒྱུ་ཆ་སོགས་ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག་འབྱུང་རྩ་ནས་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས། སྦགས་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་ངང་བེད་སྤྱོད་དང་ཉེན་ཁར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་ལུགས་འཛུགས་དགོས། སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་སྲོལ་ཡིག་དངོས་སུ་འདོན་དགོས། ངལ་གསོའི་དུས་ཚོད་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། ལོ་བཅུའི་རིང་གི་འབྲི་ཆུའི་ཉ་འཛིན་མི་ཆོག་པ་ལག་བསྟར་ཡག་པོ་བྱེད་པ། ཉ་ལས་པའི་བཀོད་སྒྲིག་འགན་སྲུང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས། མ་ཡུམ་ཆུ་བོ་སླར་གསོའི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ་དང་། ཞིང་སྡེའི་ཆུ་བོ་དང་མཚེའུ་ཕྱོགས་བསྡུས་བཅོས་སྐྱོང་ཚན་རིག་དང་མཐུན་པར་ལག་བསྟར་བྱེད་དགོས། ས་སེར་མཐོ་སྒང་གི་འདམ་སའི་ཆུ་རགས་འཛུགས་སྐྲུན་དང་བསྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་དགོས། རྩྭ་ཐང་སྲུང་སྐྱོབ་དང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨོ་བསྐྱུར་ནགས་སྐྱོང་རྩྭ་འདེབས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་འབྲེལ་ཡོད་ཀྱི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་དགོས། ཁྲིམས་དང་མི་མཐུན་པར་ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་ནང་འདྲེན་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། གནོད་འཚེ་ཚབས་ཆེན་བཏང་བའི་དངོས་རིགས་ལ་སྔོན་འགོག་ཚོད་འཛིན་བྱེད་པའི་མཁྲེགས་གཏོར་བྱ་སྤྱོད་སྤེལ་བ།“གཞན་གྱི་གཅེས་སྐྱོང་བྱེད་པའི”ཉོ་ཚོང་དང་ཚེ་ཐར་གཏོང་བའི་ཚད་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
བཞི་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་དགོས།
       བཅུ་བཞི། གཞི་ཁྱོན་ལྡན་པའི་སྒོ་ནས་ཡང་བསྐྱར་དབུལ་བོར་མི་འགྱུར་བའི་གཞི་ཐིག་མཐའ་གཅིག་ཏུ་སྲུང་དགོས།
       རིམ་པ་སོ་སོའི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་འགན་འཁྲི་བརྟན་པོ་དང་ཏན་ཏིག་ངང་ཆེ་རུ་བཏང་ནས་ལྷོད་གཡེང་མི་གཏོང་བ་དང་ཕྱོགས་མི་ཤོར་བའི་ཁག་ཐེག་བྱེད་དགོས། ཡང་བསྐྱར་དབུལ་བོར་མི་འགྱུར་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། ངལ་རྩོལ་ནུས་པ་དང་འདོད་མོས་ཡོད་པའི་ལྟ་ཞིབ་ཚད་ལེན་བྱེད་མཁན་ཁྱིམ་ཚང་ལ་གསར་སྤེལ་གྱི་རྣམ་པ་ལྡན་པའི་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་དགོས་ལ། རིམ་པ་དང་རིགས་བགོས་ནས་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་དུ་བཏང་སྟེ་མཐའ་སྐྱོང་འགན་སྲུང་ཡག་པོ་བྱེད་དགོས།“འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་འགན་སྲུང་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་དགོས།
       བཅོ་ལྔ། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་ཀྱི་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས།
       དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་རྒྱུ་དེ་རྩ་བའི་བླང་བྱར་བརྩིས་ཏེ། དབུལ་ཐར་རྫོང་གི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས། བློ་སྐྱོར་དང་རིག་སྐྱོར་ལ་སྔར་ལས་མཐོང་ཆེན་བྱེད་པ་དང་། ཐོན་ལས་ལས་ཞུགས་ལ་དམིགས་པ། ཡོང་འབབ་ཀྱི་ཧེ་བག་དང་འཕེལ་རྒྱས་ཀྱི་ཧེ་བག་རྒྱུན་མི་ཆད་པར་ཇེ་ཆུང་དུ་གཏོང་བ་བཅས་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་གྱི་ཁ་གསབ་མ་དངུལ་ཐོན་ལས་འཕེལ་རྒྱས་ཐད་སྤྱོད་པའི་བསྡུར་ཚད60%ཡན་མཐོ་རུ་གཏོང་རྒྱུ་ཡིན་པ་དང་། ལག་རྩལ་དང་སྒྲིག་བཀོད། ཚོང་གཉེར་སོགས་ཀྱི་ཞན་ཆ་ཁ་གསབ་བྱ་རྒྱུར་གཙོ་གནད་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་རེད། དབུལ་ཐར་ས་ཁུལ་གྱི་ཆ་རྐྱེན་འཛོམས་པའི་ཞིང་བ་ཁྱིམ་ཚང་གིས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་མ་གཏོང་དགོས། རྣམ་པ་སྣ་ཚོགས་པའི་འཛད་སྤྱོད་རོགས་སྐྱོར་གཏིང་ཟབ་ཏུ་སྤེལ་བ་དང་། འཛད་སྤྱོད་རོགས་སྐྱོར་དཔེ་སྟོན་གྲོང་ཁྱེར་དང་ཐོན་ཡུལ་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ། དབུལ་ཐར་ས་ཁུལ་གྱིས་ས་ཁོངས་ཀྱི་སྤྱི་སྤྱོད་མིང་གྲགས་ཐོན་རྫས་བསྐྲུན་པར་རྒྱབ་སྐྱོར་བཅས་བྱེད་དགོས། ནོར་སྲིད་མ་དངུལ་དང་རོགས་སྐྱོར་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་པའི་ཚོང་གཉེར་རང་བཞིན་གྱི་རོགས་སྐྱོར་ལས་གཞིས་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཞིང་པའི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱེད་དགོས། དབུལ་སྐྱོར་རྣམ་གྲངས་ཀྱི་རྒྱུ་ནོར་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་དགོས། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་ངལ་རྩོལ་ནུས་པ་མཐུན་སྦྱོར་ཟབ་སྤེལ་བྱེད་པ་དང་། ཡང་བསྐྱར་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་པའི་ལས་ཞུགས་མཁྲེགས་གཏོར་བྱ་སྤྱོད་སྤེལ་ནས། དབུལ་ཐར་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གཞི་ཁྱོན་མི་གྲངས་བྱེ་བ་གསུམ་ཡན་དུ་བརྟན་པོར་གནས་པར་ཁག་ཐེག་ནན་མོ་བྱེད་དགོས། ལས་ཞུགས་རོགས་སྐྱོར་འཁོར་ཁང་དང་ཐོན་ལས་རོགས་སྐྱོར་རྣམ་གྲངས་གཞན་དག་རྒྱུན་མཐུད་ངང་གཉེར་སྐྱོང་ཡག་པོ་བྱེད་དགོས། གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་ལས་གནས་ཀྱི་ལས་ཞུགས་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།“སྦྲང་ཆར་འཆར་གཞིའི”ལས་ཞུགས་སྐུལ་སྤེལ་བྱ་སྤྱོད་ནན་མོར་སྤེལ་དགོས། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་དུ་ཞན་ཆ་ཁ་གསབ་བྱས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བའི་གཙོ་གནད་ལས་གཞི་ཁག་ཅིག་ལག་བསྟར་བྱས་ནས། སྨན་བཅོས་དང་སློབ་གསོའི་ལས་བྱེད་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལག་བསྟར་ནན་མོ་བྱས་ཏེ། སྡེ་སྡོད་ལས་བྱེད་པ་དང་ཚན་རྩལ་ཆེད་མངགས་པའི་ཐོན་ལས་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གནས་སྤོས་དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་དང་གནས་སྤོས་མང་ཚོགས་ཀྱི་ལས་ཞུགས་རོགས་སྐྱོར་གྱི་ཆེད་དོན་བྱ་སྤྱོད་གཟབ་ནན་གྱིས་སྤེལ་དགོས།
       བཅུ་དྲུག རོགས་སྐྱོར་སྲིད་ཇུས་བརྟན་པོ་དང་འཐུས་ཚང་དུ་གཏོང་དགོས།
       
དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་གཏོང་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་འཕེལ་རྒྱས་གཏོང་བའི་ཕན་འབྲས་ལ་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱེད་དགོས། དབུལ་ཐར་ས་ཁུལ་གྱི་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཇེ་ཆུང་དུ་མི་འགྲོ་བ་བྱས་ནས་དབུལ་ཐར་མི་གྲངས་ཀྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་གཏོང་བའི་བྱ་བ་ཡག་པོ་སྒྲུབ་དགོས། ཁྲོམ་ར་ཅན་གྱི་རྩ་དོན་ལྟར་རོགས་སྐྱོར་ལས་གཞིའི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤར་ནུབ་རོགས་ལས་ཟབ་སྤེལ་དང་། ཤར་རྒྱུད་ས་ཁུལ་གྱི་དཔལ་འབྱོར་ཅུང་དར་རྒྱས་ཆེ་བའི་རྫོང(གྲོང་ཁྱེར་དང་ཁུལ)དང་དབུལ་ཐར་རྫོང་རྩ་འཛུགས་བྱས་ཏེ་ལག་གདང་སྦྲེལ་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བའི་བྱ་སྤྱོད་སྤེལ་བ། དབུལ་ཐར་རྫོང་གིས་ངལ་རྩོལ་མང་འདུས་ཅན་གྱི་ཐོན་ལས་སྔར་ལས་མང་བ་དང་ལེན་དང་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་བཅས་བྱེད་དགོས། ཀྲུང་དབྱང་ལས་ཁུངས་ཀྱི་དམིགས་འཛུགས་རོགས་སྐྱོར་མུ་མཐུད་དུ་ཡག་པོ་བྱས་ནས་ཆ་སྒྲིག་གི་འབྲེལ་བ་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་དགོས།“ཁེ་ལས་ཁྲི་ཡིས་སྡེ་བ་ཁྲི་དར་སྤེལ་གཏོང་བའི”བྱ་སྤྱོད་ནན་ཏན་གྱིས་སྤེལ་དགོས། བར་བརྒལ་དུས་སྐབས་ཀྱི་རྗེས་སུ་ཞིང་སྡེའི་ཡོང་འབབ་དམའ་བའི་མི་གྲངས་དང་དར་རྒྱས་ཞན་པའི་ས་ཁུལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་ལ་ཞིབ་འཇུག་བྱེད་དགོས།
ལྔ་པ། ཞིང་སྡེའི་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
       བཅུ་བདུན། ཞིང་ལས་ཐོན་རྫས་ལས་སྣོན་འཁོར་རྒྱུག་ལས་རིགས་རྒྱ་ཇེ་ཆེ་དང་སྟོབས་ཆེ་རུ་གཏོང་དགོས།
       ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་མཐོར་འདེགས་གཏོང་བའི་བྱ་སྤྱོད་ལག་བསྟར་དང་། ཁྱིམ་ཚང་གི་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་སོགས་ཀྱིས་ཞིང་ལས་ཐོན་རྫས་ཐོན་ཡུལ་དུ་ཐོག་མའི་ལས་སྣོན་བྱེད་པར་རྒྱབ་སྐྱོར་དང་། ཞིང་ལས་ཁེ་ལས་ཆེ་གྲས་ཀྱིས་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པར་ཁྲིད་སྟོན་བྱེད་དགོས། ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ཁེ་ལས་ཐོན་ཡུལ་དུ་ཕྱོགས་པ་དང་དཔེ་སྟོན་ཁུལ་དུ་གཅིག་བསྡུས་བྱེད་པར་ཁྲིད་སྟོན་བྱེད་པ་དང་། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་ཐོན་ཁུལ་དུ་ཞིང་ལས་ཐོན་རྫས་ལས་སྣོན་ཐོན་ལས་གླིང་གཅིག་གྱུར་གྱིས་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་དགོས། ཞིང་ལས་ཐོན་རྫས་འཁོར་རྒྱུག་གི་རྐང་འཛིན་དྲ་བ་འཐུས་ཚང་དུ་གཏོང་བ་དང་། ཐོན་ཡུལ་དང་བསྡུ་འགྲེམ་ལྟེ་གནས། བྲིན་འཚོང་བྱེད་གནས་བཅས་ཀྱི་སྡེབ་འཚོང་ཚོང་ར་བསྒྱུར་བཀོད་དང་མཐོར་འདེགས་སུ་གཏོང་དགོས། གྲོང་འདབས་ཀྱི་འབྲུ་མཛོད་ཆེན་པོའི་རྟེན་གཞི་ཁག་ཅིག་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་དགོས། ཐོན་ཡུལ་གྱི་འཁྱག་སྦྲེལ་ཕྱོགས་བསྡུས་བཀོད་སྒྲིག་ལྟེ་གནས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་མཁོ་སྤྲོད་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ཞིང་ལས་ཐོན་རྫས་ཀྱི་དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་ཐུབ་པར་ཁག་ཐེག་བྱེད་དགོས།
       བཅོ་བརྒྱད། དེང་རབས་ཀྱི་གྲོང་གསེབ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས།
       རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། རྫོང་དང་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་དང་མྱུར་སྐྱེལ་དངོས་ཟོག་སྡེབ་སྐྱེལ་མ་ལག་མགྱོགས་མྱུར་སྒོས་འཐུས་ཚང་དུ་གཏོང་བ་དང་། རྫོང་ཁོངས་ཀྱི་བསྡུ་སྒྲུག་སྡེབ་སྒྲིག་ལྟེ་གནས་འཛུགས་པ། ཞིང་སྡེའི་འགྲུལ་བ་དང་དངོས་ཟོག་སྐྱེལ་འདྲེན་དང་སྦྲག་སྲིད་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱེད་པ། ཐུན་མོང་གིས་སྡེབ་སྐྱེལ་དང་དུས་ཐོག་ཏུ་སིལ་ཚོང་བྱེད་པ་སོགས་ཀྱི་བྱེད་སྟངས་གསར་པར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། འཁྱག་སྦྲེལ་འཁོར་རྒྱུག་ཞབས་ཞུའི་དྲ་བ་གྲོང་གསེབ་ཏུ་འདྲེན་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་ཀྱི་བཟའ་བཏུང་དང་དངོས་ཟོག་ཉོ་བ། རིག་གནས་ལུས་རྩལ། ཡུལ་སྐོར་སྤྲོ་གསེང་། རྒན་གསོ་བུ་བཅོལ། ཆ་འཕྲིན་མཚམས་སྦྱོར་སོགས་ཀྱི་འཚོ་བའི་ཞབས་ཞུ་འཕེལ་རྒྱས་སུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་ནུས་ཁུངས་གསར་པའི་རླངས་འཁོར་དང་ལྗང་མདོག་རིག་ནུས་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་འདྲེན་པར་སྐུལ་མ་གཏོང་དགོས།
       བཅུ་དགུ གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་གསོ་སྐྱོང་བྱེད་དགོས།
       ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ལྡན་དང་། དེང་རབས་ཀྱི་ཞིང་ལས་ཐོན་ལས་གླིང་། ཁྱད་སྟོབས་དང་ཁྱད་ཆོས་ལྡན་པའི་ཐོན་ལས་ཚོགས་པ་བཅས་འཛུགས་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་ཀྱི་ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་གླིང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ནན་མོ་གཏོང་དགོས། རིག་གནས་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་འཆར་གཞི་ལག་བསྟར་བྱེད་དགོས། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་སྤུས་དག་བཟོ་སྐྲུན་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་ཞིང་པའི་སྤྲོ་ཁྱིམ་ཁང་གི་སྤུས་ཀ་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། “གྲངས་ཚོང་ཞིང་དར”དང“སྦྲེལ་དྲའི”ཞིང་ལས་ཐོན་རྫས་ཞིང་སྡེ་ནས་གྲོང་ཁྱེར་དུ་སྐྱོད་པའི་བཟོ་སྐྲུན་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ལས་ཐོན་རྫས་དྲ་ཐོག་ནས་ཐད་ཀར་ཉོ་ཐུབ་པ་དང་། མངག་བཟོ་ཐོན་སྐྱེད་སོགས་ཀྱི་བྱེད་སྟངས་འཕེལ་རྒྱས་གཏོང་བར་སྐུལ་མ་བྱས་ཏེ། ཞིང་ཞོར་ཐོན་རྫས་ཐད་གཏོང་གློག་རྡུལ་ཚོང་དོན་རྟེན་གཞི་འཛུགས་དགོས། སྔོ་ཚལ་གཙང་མ་དང་ཀྲུང་དབྱང་ཐབ་ཚང་སོགས་ཐོན་ལས་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། རྣམ་པ་དང་རྒྱུ་ཆ་གསར་པའི་སྔོ་ཚལ་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས།
       ཉི་ཤུ། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་དགོས།
       
རྫོང་དང་ཡུལ་ཚོ། སྡེ་བ་བཅས་ཀྱི་ཐོན་ལས་བར་སྟོང་གི་གནས་སྟངས་འཐུས་ཚང་དུ་གཏོང་བ་དང་། རྫོང་མཁར་གྱི་ཐོན་ལས་ཐེག་ནུས་དང་ཆ་ཚང་བའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། གཙོ་གནད་གྲོང་རྡལ་གྱི་གཅིག་སྡུད་ནུས་པ་ཆེ་རུ་གཏོང་དགོས། “རྫོང་གཅིག་ལ་ལས་རིགས་གཅིག”ཡོད་པའི་རྫོང་སྟོབས་ལྡན་དང་དམངས་ཕྱུག་བཟོ་སྐྲུན་ལག་བསྟར་བྱེད་དགོས། ངལ་རྩོལ་མང་འདུས་ཅན་གྱི་ཐོན་ལས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དང་། རྫོང་ཁོངས་སུ་སྐས་རིམ་རང་བཞིན་ལྟར་སྤོ་བསྒྱུར་བྱེད་པར་ཁྲིད་སྟོན་དང་། གྲོང་ཁྱེར་ཆེ་འབྲིང་གི་མཐའ་སྐོར་གྱི་རྫོང་ཁོངས་སུ་འབྲེལ་ཡོད་ཐོན་ལས་དང་སྒྲིག་ཆས་ཆ་ཚང་བའི་ཁེ་ལས་བཀོད་སྒྲིག་བྱེད་པར་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་རིམ་པའི་མཐོ་གསར་ཁུལ་དང་། དཔལ་འབྱོར་གསར་སྤེལ་ས་ཁུལ། ཞིང་ལས་མཐོ་ཁུལ་བཅས་ཀྱིས་རྫོང་ཁོངས་ཀྱི་ཐོན་ལས་གླིང་ཁུལ་ཚབ་གཉེར་མཉམ་འབྲེལ་བྱེད་པར་རྒྱབ་སྐྱོར་བྱ་དགོས།
དྲུག་པ། ཞིང་པའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་བསྐྱེད་དགོས།
       ཉེར་གཅིག ཞིང་པའི་ལས་ཞུགས་ཡོང་སྒོ་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་དགོས།
       ལས་གནས་བརྟན་གཏོང་དང་དཀའ་ངལ་སེལ་བའི་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་འབྲིང་ཆུང་དང་ཆུང་གྲས་ལ་ལས་གནས་བརྟན་གཏོང་དང་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་པ་ཞོར་ལས་པའི་ལས་ཞུགས་བརྟན་བརླིང་ཡོང་བ་བཅས་བྱེད་དགོས། ཞིང་པ་ཞོར་ལས་པའི་ལས་རིགས་ཀྱི་རྩལ་ནུས་ཆེ་རུ་གཏོང་བར་སྐུལ་སྤེལ་བྱེད་པ་དང་། ཞིང་པ་ཞོར་ལས་པའི་གླ་ཕོགས་གཏོང་སྤྲོད་ཀྱི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ལོ་ཚད་ལས་བརྒལ་བའི་ཞིང་པ་ཞོར་ལས་པའི་ལས་ཞུགས་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་དགོས། སྐབས་བསྟུན་ལས་ཞུགས་མི་སྣའི་ཁེ་དབང་འགན་སྲུང་ལམ་ལུགས་མགྱོགས་མྱུར་སྒོས་འཐུས་ཚང་དུ་གཏོང་དགོས། ཕ་ཡུལ་དུ་ལོག་ནས་གྲོང་གསེབ་ཀྱི་ལས་སྐྲུན་གླིང་དང་ཞིང་སྡེའི་ལས་སྐྲུན་གསོ་སྦྱོང་རྟེན་གཞི་སོགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། སྲིད་གཞུང་གིས་མ་དངུལ་འཇོག་པའི་གཙོ་གནད་བཟོ་སྐྲུན་དང་ཞིང་ལས་དང་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞིའི་ཁྲོད་དུ་རྒུད་གསབ་ལས་སྤྲོད་ཁྱབ་སྤེལ་བྱེད་པ་དང་། ངལ་རྩོལ་གྱི་གླ་ཆ་སྤྲོད་པའི་བསྡུར་ཚད་འོས་འཚམ་སྒོས་ཇེ་མཐོར་གཏོང་དགོས།
       ཉེར་གཉིས། ཞིང་ལས་བདག་གཉེར་གྱི་ཕན་འབྲས་ཆེ་རུ་གཏོང་དགོས།
       རྣམ་པ་གསར་བའི་ཞིང་ལས་བདག་གཉེར་གྱི་བྱེད་པོའི་རིམ་པ་མཐོ་རུ་གཏོང་བའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ། ཁྱིམ་ཚང་ཞིང་རས་ཞིང་པའི་མཉམ་ལས་ཁང་འཛུགས་པ་དང་། མཉམ་ལས་ཁང་གིས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ་ཁེ་ལས་གཉེར་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཞིང་བ་ཁྱིམ་ཚང་ཆུང་གྲས་ཀྱིས་མཉམ་ལས་གཉེར་སྐྱོང་དང་མཉམ་དུ་ཡོང་འབབ་འཕར་སྣོན་བྱེད་པར་སྐུལ་ཁྲིད་བྱེད་དགོས། ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུར་སྐུལ་སྤེལ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ། ཤུགས་ཆེན་པོས་ཚབ་རྨོ་ཚབ་འདེབས་དང་། ཚབ་བྱས་དོ་དམ་དང་བསྡུ་ལེན། བརྒྱུད་རིམ་ཧྲིལ་པོར་ཚབ་གཉེར་བྱེད་པ་སོགས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུ་འཕེལ་རྒྱས་གཏོང་བ་དང་། ས་ཁོངས་རང་བཞིན་གྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་བྱེད་པར་བསྔགས་སྐུལ་བྱས་ནས། ཞིང་ལས་ཀྱི་མ་རྩ་གྲོན་ཆུང་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། བྲིན་འཚོང་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། ས་ཞིང་བདག་གཉེར་དབང་ཆ་གོ་རིམ་ལྡན་པའི་ངང་སྤོ་སྒྱུར་བྱེད་པར་ཁྲིད་སྟོན་དང་། ཞིང་ལས་ཀྱི་འོས་འཚམ་གཞི་ཁྱོན་བདག་གཉེར་འཕེལ་རྒྱས་སུ་གཏོང་དགོས།  ས་གནས་ཀྱི“ས་ཞིང་ཆུང་ཆུང་ས་ཞིང་ཆེན་པོར་བསྲེས་བ”སོགས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་དང་། ཞིང་པའི་རང་མོས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག ས་ཞིང་འཛུགས་སྐྲུན་དང་ས་ཞིང་བཅོས་སྐྱོང་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཞིབ་ཕྲ་ཅན་གྱི་གནད་དོན་རིམ་བཞིན་ཐག་གཅོད་བྱེད་པར་འཚོལ་ཞིབ་བྱེད་དགོས། སྤྱི་ཚོགས་ཀྱི་མ་རྩ་ཞིང་ལས་དང་ཞིང་སྡེར་གཏོང་བའི་ཁྲིད་སྟོན་འཐུས་ཚང་དུ་གཏོང་བ་དང་། མ་རྩ་གྲོང་གསེབ་ཏུ་འདྲེན་པ་དང་། བེད་སྤྱོད། ཕྱིར་འཐེན་བཅས་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་མ་རྩར་འཁོར་རྒྱུག་བྱས་པར་བརྟེན་ནས་ས་ཞིང་བདག་གཉེར་དབང་ཆ་ཐོབ་པའི་ཐོབ་ཐང་ལ་ཞིབ་བཤེར་དང་། ལས་གཞིར་ཞིབ་བཤེར། ཉེན་ཁ་འགོག་སྲུང་བཅས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཞིང་པའི་ཁེ་ཕན་འགན་སྲུང་ཏན་ཏིག་བྱེད་དགོས། ཞིང་ལས་ལ་ཞབས་འདེགས་ཞུ་བ་དང་སྲིད་དོན་ལོགས་འབྱེད། སྤྱི་ཚོགས་དང་ཁེ་ལས་ལོགས་འབྱེད་བཅས་རྒྱུན་འཁྱོངས་བྱས་ཏེ། མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བྱེད་དགོས།
       ཉེར་གསུམ། ཞིང་པར་སྔར་ལས་ལྷག་པའི་རྒྱུ་ནོར་གྱི་ཁེ་དབང་སྤྲོད་དགོས།
       ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། བདག་དབང་གཏན་འཁེལ་ཏན་ཏིག་གིས་ལེགས་པོར་སྒྲུབ་པ། དབང་ཆ་སྤྲོད་པར་བརྟན་བརླིང་ངང་སྐུལ་འདེད་བྱེད་པ། དབང་ཆ་ངོ་མ་གོ་རིམ་ལྡན་པའི་ངང་མངོན་འགྱུར་བཅས་བྱས་ནས། ཞིང་པར་བཅོས་སྒྱུར་གྱི་ཁེ་སྤོགས་སྔར་ལས་མང་པོ་ལོངས་སྤྱོད་བྱེད་དུ་འཇུག་དགོས། སྐོར་ཐེངས་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཡུན་ལོངས་རྗེས་ཡང་བསྐྱར་ལོ་སུམ་ཅུར་ཇེ་རིང་དུ་གཏོང་བའི་ཚོད་ལྟའི་ལས་དོན་གྱི་མཛུབ་སྟོན་བསམ་འཆར་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས། ཞིང་སྡེའི་གཞི་སའི་ལམ་ལུགས་བཅོས་སྒྱུར་ཚོད་ལྟར་གཟབ་ནན་གྱིས་སྐུལ་འདེད་གཏོང་བ་དང་། གནས་ཚུལ་གསལ་རྟོགས་ཏན་ཏིག་བྱེད་པ། ཁང་པ་དང་ས་ཞིང་གཞི་གཅིག་གི་གཞི་སའི་བདག་དབང་གཏན་འཁེལ་ཐོ་འགོད་དང་དཔང་ཡིག་སྒྲུབ་པ་ཇེ་མགྱོགས་སུ་གཏོང་བ། དོ་དམ་ཚད་ལྡན་ཡོང་བར་ཤུགས་སྣོན་རྒྱག་པ། ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་འོས་འཚམ་སྒོས་ཐག་གཅོད་བྱེད་པ། གཞི་སའི“དབང་གསུམ་ལོགས་འབྱེད”མངོན་འགྱུར་བྱེད་སྟངས་ཕན་ནུས་ལྡན་པའི་སྒོ་ནས་འཚོལ་ཞིབ་བཅས་བྱེད་དགོས། ཞིང་སྡེའི་ཐུན་མོང་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཞིང་ཁྲོམ་རར་འདོན་པའི་ཚོད་ལྟ་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་དང་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་། ཞིང་པའི་ཁེ་ཕན་བཅས་ལ་ལྟ་རྟོག་བྱེད་པའི་ས་ཞིང་གི་རིན་ཐང་འཕར་བའི་ཁེ་ཕན་སྙོམས་སྒྲིག་ནུས་ལྡན་བྱེད་པའི་རྐྱེན་སྲོལ་འཚོལ་ཞིབ་དང་གསར་འཛུགས་བྱེད་དགོས། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པའི་ཁྲིམས་མཐུན་ས་ཞིང་གི་ཁེ་དབང་འགན་སྲུང་དང་། ཁྲིམས་ལྟར་རང་མོས་དང་རིན་དོད་ཡོད་པའི་སྒོ་ནས་བཤུག་སྤྲོད་བྱེད་པར་བསྔགས་སྐུལ་བྱེད་དགོས། ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་། ཐོན་དབང་གི་འབྲེལ་བ་གསལ་བོ་ཡིན་པ་དང་། བཅོས་སྐྱོང་སྤྱི་ཁོག་ཚན་རིག་དང་མཐུན་པ། བདག་གཉེར་བྱེད་སྟངས་བརྟན་བརླིང་ཡིན་པ། ཡོང་འབབ་བགོ་བཤའ་ལུགས་མཐུན་ཡིན་པ་བཅས་ཀྱི་འཁོར་སྐྱོད་རྐྱེན་སྲོལ་བཙུགས་ནས། ཐོན་ཁུངས་འགན་སྤྲོད་དང་། སྡེ་ལས་བོགས་གཏོང་། འདུག་སྡོད་སྐབས་ཀྱི་ཞབས་ཞུ། རྒྱུ་ནོར་མ་རྐང་དུ་ཞུགས་པ་སོགས་ཐབས་ལམ་སྣ་ཚོགས་འཚོལ་ཞིབ་བྱས་ནས། རྣམ་པ་གསར་བའི་ཞིང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། ཞིང་སྡེའི་ཐུན་མོང་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་ཐུན་མོང་དཔལ་འབྱོར་གྱི་རྩ་འཛུགས་ཁྲོད་ཀྱི་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུགས་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བྱེད་པ་དང་། ཞིང་སྡེའི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི་དཔེ་སྟོན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།
བདུན་པ། སྡོད་བདེ་ལས་འཚམ་དང་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
       ཉེར་བཞི། སྡེ་བའི་འཆར་འགོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།
       རྫོང་ཁོངས་ཀྱི་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་བྱེད་པ་དང་། ཆ་རྐྱེན་ཡོད་ལ་དགོས་མཁོ་ཡང་ཡོད་པའི་སྡེ་བ་ཁག་བགོས་རིགས་དབྱེ་བྱས་ནས་སྡེ་བའི་འཆར་འགོད་བཟོ་རྒྱུར་རྒྱབ་སྐྱོར་བྱས་ཏེ། སྡེ་བའི་བཀོད་པ་དང་འཛུགས་སྐྲུན་གྱི་ས་མཚམས་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས། སྡེ་བའི་འཆར་འགོད་དེ་སྡེ་བ་རིམ་པའི་གྲོས་དོན་གྲོས་མོལ་གྱི་དཀར་ཆག་ཁྲོད་འཇུག་དགོས། གྲོང་གསེབ་ས་ཁུལ་གྱི་སྲིད་འཛིན་ས་ཁོངས་དབྱེ་འཛུགས་ཚད་ལྡན་དང་ཇེ་ལེགས་སུ་བཏང་སྟེ། ཞིང་པའི་འདོད་མོས་དང་འགལ་ནས་སྡེ་བ་ཕྱིར་འཐེན་དང་མཉམ་བསྲེས་བྱེད་པ་དང་། སྡེ་ཁུལ་ཆེན་པོ་གཉེར་བ་བཅས་གཏན་འགོག་བྱེད་དགོས། ཡུལ་ཚོ་དང་གྲོང་རྡལ་སྡེ་ཚན་ཡིན་པའི་ས་ཁོངས་ཡོངས་ཀྱི་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། བསགས་གྲངས་མཉམ་སྡེབ་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བེད་སྤྱོད་ལེགས་པོ་བྱས་ནས། ཞིང་པའི་སྡོད་ཁང་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུའི་བར་སྟོང་། ཐོན་ལས་ལ་མཁོ་བའི་ས་ཞིང་བཅས་ཀྱི་དགོས་མཁོ་སྔོན་ལ་འགན་སྲུང་བྱེད་དགོས་པ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་ཐད་ས་ཞིང་སྤྱོད་པའི་སྲིད་ཇུས་ཀྱི་ཕྱོགས་སྟོན་འགྲེམ་སྤེལ་བྱེད་དགོས། ཞིང་སྡེའི་རྣམ་པ་ཇེ་ལེགས་སུ་གཏོང་བའི་ཁྲིད་སྟོན་སྒྲིག་སྲོལ་བཟོས་ནས་ཕ་ཡུལ་གྱི་ཁྱད་ཆོས་དང་། ས་ཁོངས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས་བཅས་ལ་གཞི་ཚུགས་ནས་སྡེ་བའི་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་། བཤིག་སྐྲུན་ཆེན་པོ་དང་རྨོངས་ཚོད་ཀྱིས་སྒོ་རའི་བར་ཁྱམས་བསྐྲུན་པ་བཀག་འགོག་བྱེད་དགོས། སྲོལ་རྒྱུན་གྱི་སྡེ་བ་ཡུག་གཅིག་ཏུ་འབྲེལ་བར་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་དཔེ་སྟོན་ལག་བསྟར་བྱེད་པ་དང་། སྲོལ་རྒྱུན་སྡེ་བའི་བརྟག་དཔྱད་ངོས་འཛིན་དང་། ཕྱིར་འཐེན་དང་མཉམ་བསྲེས་བྱེད་པའི་དུས་འགོའི་ཞིབ་བཤེར། གནོད་འཚེ་སྔོན་འགོག་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཞིང་སྡེར་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པའི་འཛུགས་སྐྲུན་ཁྲིད་སྟོན་གཏན་འབེབས་བྱེད་དགོས།
       ཉེར་ལྔ། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
       སྡེ་བའི་སྤྱི་པའི་བར་སྟོང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྡེ་བའི་གཙང་སྦྲའི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་དགོས། ཞིང་སྡེའི་ཁྱིམ་ཚང་གི་གསང་སྤྱོད་ཁང་གི་གནད་དོན་རྩད་ཞིབ་དང་བཅོས་སྒྲིག་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། ཞིང་པར་རང་ཁྱིམ་གྱི་གསང་སྤྱོད་ཁང་སྒྱུར་བཀོད་བྱེད་པར་ཁྲིད་སྟོན་བྱེད་དགོས། ཞིང་སྡེའི་སྤྱི་པའི་གསང་སྤྱོད་ཁང་འཛུགས་སྐྲུན་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། མི་གྲངས་གཅིག་བསྡུས་ཀྱི་སྡེ་བ་དང་གྲོང་རྡལ་དང་། ཆུ་ཁུངས་སྲུང་སྐྱོབ་ཁུལ་གྱི་ཉེ་འཁོར་སྡེ་བ་གཙོ་གནད་དུ་བཟུང་ནས། རིགས་དབྱེ་དང་རིམ་པ་བཞིན་ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་འཚོ་བའི་གད་སྙིགས་འབྱུང་རྩ་ནས་རིགས་དབྱེ་ནས་ཇེ་ཉུང་དུ་བཏང་སྟེ། དུས་ཐོག་ཏུ་གཙང་སེལ་ཐག་གཅོད་བྱེད་དགོས། གསང་སྤྱོད་ཁང་གི་ལུད་དང་། རུལ་སླ་བའི་གད་སྙིགས། སྐྱེ་ལྡན་ཟོག་རོ་བཅས་ཐག་ཉེ་ས་ནས་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་མུ་མཐུད་དུ་སྤེལ་དགོས།
       ཉེར་དྲུག གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་དགོས།
       ཞིང་སྡེའི་གཞུང་ལམ་བདག་སྐྱོང་དང་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ལམ་རྒྱུད་ཀྱི་ཆ་ཚང་སྒྲིག་བཀོད་དང་། ཐོན་ལས་གླིང་ཁུལ། ཡུལ་སྐོར་མཛེས་ལྗོངས་ཁུལ། ཞིང་སྡེའི་ཡུལ་སྐོར་གཙོ་གནད་སྡེ་བ་བཅས་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་གཞི་ཁྱོན་ཅན་གྱི་ཆུ་མཁོ་འདོན་བཟོ་སྐྲུན་འཛུགས་སྐྲུན་དང་ཆུ་མཁོ་འདོན་བཟོ་སྐྲུན་ཆུང་གྲས་ཚད་གཞི་ཅན་དུ་བསྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཆུ་སྤུས་ཇེ་ལེགས་སུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་དགོས། ཞིང་སྡེའི་གློག་དྲ་སྲ་བརྟན་དང་ཇེ་མཐོར་གཏོང་བར་སྐུལ་འདེད་དང་། ཞིང་སྡེའི་སླར་སྐྱེས་ཆོག་པའི་ནུས་ཁུངས་འཕེལ་རྒྱས་གཏོང་དགོས། ཞིང་སྡེའི་ཉེན་ཁང་བསྒྱུར་བཀོད་དང་ཡོམ་འགོག་བསྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་པ་དང་། ཞིང་པའི་སྡོད་ཁང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རྩད་ཞིབ་བཅོས་སྐྱོང་བྱེད་པ་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱེད་པ། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་འཛུགས་པ་བཅས་བྱ་དགོས། དེང་རབས་ཀྱི་འཚོ་སྡོད་ལ་འཚམ་པའི་ཞིང་པའི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་སྤེལ་དགོས། གཞི་གྲངས་གྲོང་གསེབ་འཕེལ་རྒྱས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས། གཞི་གྲངས་ཅན་གྱི་བཀོལ་སྤྱོད་རྣམ་པ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་ལས་དང་ཞིང་སྡེའི་གཞི་གྲངས་ཆེན་མོའི་བཀོལ་སྤྱོད་ཇེ་མགྱོགས་སུ་གཏོང་བ་དང་། རིག་ནུས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྡེ་བའི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དོ་དམ་དང་སྲུང་སྐྱོབ་བྱེད་པའི་ལས་འགན་དོན་འཁྱོལ་བྱེད་དགོས། ཞིང་སྡེའི་འཕྲལ་བསྟུན་དོ་དམ་གྱི་རྨང་གཞིའི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། གྲོང་གསེབ་ཀྱི་འགྲིམ་འགྲུལ་དང་། མེ་ཟོན། གཉེར་སྐྱོང་རང་བཞིན་གྱི་རང་སྐྲུན་སྡོད་ཁང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་བཅོས་སྐྱོང་གི་མཁྲེགས་གཏོར་གཏིང་ཟབ་ཏུ་སྤེལ་དགོས།
       ཉེར་བདུན། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།
       གཞི་རྩའི་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་གཞི་རིམ་དུ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། བརྒྱུད་རིམ་ཞན་སར་ཤུགས་སྣོན་ཆེན་པོ་རྒྱག་དགོས། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་། ཞིང་སྡེའི་སློབ་གྲྭའི་སློབ་གཉེར་ཆུ་ཚད་ཇེ་མཐོར་གཏོང་དགོས། གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་རྫོང་ཁོངས་སུ་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་རིམ་པ་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་དང་སྨན་བཅོས་འགན་སྲུང་ཞབས་ཞུའི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་སྨན་པའི་གླ་ཕོགས་བགོ་བཤའ་དང་ཐོབ་ཐང་འགན་སྲུང་གི་གནད་དོན་གཅིག་གྱུར་གྱིས་ཐག་གཅོད་བྱས་ཏེ། གྲོང་གསེབ་སྨན་པའི་དཔུང་ཁག་ཆེད་ལས་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་བསྟུན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་སྡེའི་པྲོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོར་བསྒྲུབས་པ་དང་། རིམ་པ་བཞིན་འགན་འཁྲི་ཏན་ཏིག་འཁུར་ཏེ། ཞིང་སྡེའི་ལོ་ལོན་དང་། བྱིས་པ། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ་སོགས་གཙོ་གནད་མི་ཚོགས་ཀྱི་སྨན་བཅོས་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས། ཚད་གཞི་མཐོ་བའི་ཐོག་ནས་ཞིང་སྡེའི་སྡོད་དམངས་ཀྱི་གཟུགས་གཞི་བདེ་ཐང་དང་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱེད་དགོས། མ་མཐའི་འཚོ་བ་འགན་སྲུང་གི་ཞིབ་བཤེར་གཏན་འཁེལ་གྱི་བརྒྱུད་རིམ་ཇེ་ལེགས་སུ་བཏང་ནས། ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་མང་ཚོགས“འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱེད་པར” ཁག་ཐེག་བྱེད་དགོས། ཞིང་སྡེའི་སྤྱི་ཚོགས་ལས་དོན་གྱི་ཞབས་ཞུ་གཏིང་ཟབ་ཏུ་གཏོང་དགོས། ཡུལ་ཚོ་དང་གྲོང་རྡལ་གྱི་ས་ཁོངས་རྒན་གསོའི་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཉིན་མོའི་ལྟ་སྐྱོང་དང་། རོགས་རེས་རྒན་གསོ། འཚམས་འདྲི་དང་ཐུགས་ཁུར། རྒན་པའི་ཟ་ཁང་སོགས་རྒན་གསོའི་ཞབས་ཞུ་ཁྱབ་སྤེལ་གཏོང་དགོས། ཞིང་སྡེའི་བུད་མེད་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་འཆར་གཞི་ལག་བསྟར་དང་། ཞིང་སྡེའི་ནར་མ་སོན་པའི་བྱིས་པ་སྲུང་སྐྱོབ་བྱེད་པའི་བྱ་བར་ཤུགས་སྣོན་བྱེད་པ། ཞིང་སྡེའི་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། སེམས་ཁམས་ཀྱི་ནད་ཡོད་པའི་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བཅས་བྱེད་དགོས།
བརྒྱད་པ། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས།
       ཉེར་བརྒྱད། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།
       གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་པོ་འབུར་དུ་ཐོན་པར་བྱས་ཏེ། རྫོང་རིམ་པའི་ཏང་ཨུས་གྲོང་གསེབ་དམ་འཛིན་དང་ཡར་སྐུལ་གཏོང་བའི་འགན་འཁྲི་ཆེ་རུ་གཏོང་བ་དང་། ཏང་ལེགས་སྐྱོང་དམ་འཛིན་གྱིས་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཡུལ་ཚོ་དང་གྲོང་རྡལ་དང་། སྡེ་བ་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་གྲོང་གསེབ་དར་སྤེལ་གཏོང་བའི་ནུས་པ་ཕྱོགས་ཡོངས་ནས་གསོ་སྦྱོང་དང་ཆེ་རུ་གཏོང་དགོས། སྡེ་བའི་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་ཁག་མངགས་གཏོང་དང་བེད་སྤྱོད་ཡག་པོ་བྱས་ཏེ། མངགས་གཏོང་སྡེ་ཁག་དང་སྡེ་བ་མཉམ་སྦྲེལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་བཅོས་སྐྱོང་བྱེད་དགོས། གྲོང་ཁྱེར་དང་རྫོང་གི་སྐོར་ཞིབ་ལས་དོན་རྒྱུན་མཐུད་ངང་སྤེལ་བ་དང་། གཞི་རིམ་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་རྩ་འཛུགས་དང་སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་བ། སྡེ་བའི་ལས་བྱེད་པར་ཕྱོགས་ཡོངས་ནས་དོ་དམ་དང་རྒྱུན་ལྡན་རང་བཞིན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྡེ་བའི་ཏང་ཡོན་ལ་དུས་བགོས་ཁག་བགོས་ཀྱིས་གཅིག་སྡུད་གསོ་སྦྱོང་བྱེད་དགོས། ལས་གནས་བཀོད་སྒྲིག་དང་འགན་འཁྲི་གཏན་འཁེལ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཞིང་སྡེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་དགོས།
       ཉེར་དགུ། གྲོང་གསེབ་བཅོས་སྐྱོང་གི་ནུས་ཆོད་མཐོར་འདེགས་གཏོང་དགོས།
       ཏང་འཛུགས་སྐྲུན་གྱིས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྫོང་དང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་བཅོས་སྐྱོང་མ་ལག་གི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། རྫོང་རིམ་པའི་འགན་འཁྲི་ནན་མོར་འཁུར་བ། ཡུལ་ཚོ་དང་གྲོང་རྡལ་གྱི་དབང་ཆ་གཤམ་སྤྲོད་བྱེད་པར་སྐུལ་འདེད་བཏང་ནས་སྡེ་བ་རིམ་པའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། རྫོང་རིམ་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཡུལ་ཚོར་འགན་ལེན་དང་སྡེ་བར་སྐྱོད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་སྡེ་བར་འགན་འཁུར་བ་དང་ཁྱིམ་ཚང་ལ་འབྲེལ་འདྲིས་བྱེད་པ། སྡེ་བའི་ལས་བྱེད་པ་རྒྱུན་དུ་ཁྱིམ་ཚང་དུ་འཚམས་འདྲིར་བསྐྱོད་པའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་སྡེ་མིའི་རང་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས“གྲོས་མོལ་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། གྲོང་གསེབ་ཀྱི་ཁྲིམས་སྐྱོང་སློབ་གསོ་དང་བཅའ་ཁྲིམས་ཞབས་ཞུར་ཤུགས་བསྣན་ནས། “དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ(སྡེ་ཁུལ)གསར་སྐྲུན་བྱེད་པའི་བྱེད་སྒོ་གཏིང་ཟབ་དུ་སྤེལ་དགོས། དུས་རབས་གསར་པའི“ཧྥིན་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་སྣ་མང་སྔོན་འགོག་དང་། འདུམ་སྒྲིག ཞི་འཇགས་བཅས་སུ་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། དྲ་མིག་ཅན་གྱི་དོ་དམ་དང་། ཞིབ་ཕྲ་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་གཞི་རིམ་བཅོས་སྐྱོང་སྟེགས་བུ་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ནག་འཇོམས་ངན་སེལ་གྱི་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་རྒྱན་འགྱེད་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་དགོས། ཞིང་སྡེའི་བུད་མེད་དང་བྱིས་པའི་ཁེ་དབང་ལ་གནོད་པ་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་དགོས། ཆ་བསགས་ལམ་ལུགས་དང་། ཞིབ་ཐོ་ལམ་ལུགས། གཞི་གྲངས་ཅན། ཞུ་གཏུག་དང་ལེན་བྱེད་པ་དང་འཕྲལ་མར་སྒྲུབ་པ་སོགས་ཀྱི་དངོས་གཉེར་གོ་ཆོད་ཀྱི་བཅོས་སྐྱོང་བྱེད་སྟངས་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་གྱི་ཚོད་ལྟ་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་སྡེ་བ་དང་གྲོང་རྡལ་སྐྲུན་པར་རྩ་འཛུགས་བྱེད་དགོས།
       སུམ་ཅུ། ཞིང་སྡེའི་བསམ་པའི་དཔལ་ཡོན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས།
       སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་དྲིལ་སྒྲོགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དྲིལ་སྒྲོགས་སློབ་གསོའི་བྱེད་སྒོ་གྲོང་གསེབ་ཏུ་མུ་མཐུད་དུ་སྤེལ་དགོས། ཞིང་སྡེའི་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་འཛུགས་སྐྲུན་བྱེད་རྒྱ་ཆེ་རུ་བཏང་སྟེ། གྲོང་གསེབ་ཏུ་མང་ཚོགས་རང་བཞིན་གྱི་རིག་གནས་བྱ་འགུལ་རང་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་དགོས། སོ་ནམ་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་ལག་བསྟར་ཟབ་མོ་བྱས་ནས། ཞིང་ལས་རིག་གནས་ཀྱི་ཤུལ་བཞག་གལ་ཆེན་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་ཤུགས་སྣོན་དགོས། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་བཟང་པོར་སྒྲུབ་དགོས། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་གོམས་སྲོལ་སྒྱུར་བའི་གཏན་འཁེལ་ཚད་ལྡན་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། སྡེ་སྲོལ་དམངས་ཆིངས་ཀྱི་ཚོད་འཛིན་ནུས་པ་ཇེ་དྲག་ཏུ་གཏོང་བ། ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་དེ་དཔེ་སྟོན་བྱས་ནས་གཉེན་སློང་རྟེན་མཐོན་པོ་ལེན་པ་དང་། རྒྱས་སྤྲོས་རྒྱས་གཤོམ་བྱེད་པ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འབུར་དུ་ཐོན་པའི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་ནན་མོ་བྱེད་དགོས། ཞིང་སྡེའི་འདས་མཆོད་ཀྱི་གོམས་སྲོལ་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས།
དགུ་པ། སྲིད་ཇུས་ཀྱི་འགན་སྲུང་དང་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།
       སོ་གཅིག གྲོང་གསེབ་དར་སྤེལ་གཏོང་བའི་སྣེ་མང་གཏོང་འཇོག་གི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།
       ཞིང་ལས་དང་ཞིང་སྡེ་ནི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་སྔོན་ལ་འགན་སྲུང་བྱེད་པའི་ཁྱབ་ཁོངས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ས་གནས་སྲིད་གཞུང་གི་གཏོང་འཇོག་འགན་འཁྲི་ནན་མོར་བྱེད་དགོས། ས་ཞིང་བཤུག་སྤྲོད་ཀྱི་ཡོང་སྒོ་དེ་ཞིང་ལས་དང་ཞིང་སྡེར་བཀོལ་བའི་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་གྲོང་གསེབ་དར་སྤེལ་གྱི་ལས་གཞི་དེ་ས་གནས་སྲིད་གཞུང་གི་བུན་འཛིན་རྒྱབ་སྐྱོར་གྱི་ཁྱབ་ཁོངས་ནང་འཇོག་དགོས། ཁྲོམ་ར་ཅན་གྱི་བྱེད་སྟངས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གྱི་ཐེབས་རྩ་འཛུགས་པར་རྒྱབ་སྐྱོར་བྱེད་དགོས། སྲིད་གཞུང་གིས་དངུལ་གཏོང་དང་། དངུལ་རྩ། སྤྱི་ཚོགས་ཀྱིས་མ་དངུལ་འཇོག་པ་བཅས་མཉམ་འགུལ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་བ་དང་། ཆ་རྐྱེན་དང་མཐུན་པའི་ལས་གཞི་ཕྱོགས་གཅིག་ཏུ་བསྡུས་ནས་གཏན་འཁེལ་ལྟར་ཁྲོམ་རའི་བྱེད་པོས་ལག་བསྟར་བྱེད་པར་སྐུལ་མ་བཏང་ནས་དངུལ་རྩ་དང་སྤྱི་ཚོགས་ཀྱི་མ་རྩ་ཁྲོམ་ར་ཅན་གྱི་རྩ་དོན་ལྟར་ཞིང་ལས་དང་ཞིང་སྡེ་ལ་སྔར་ལས་མང་བ་འཇོག་པར་སྐུལ་མ་གཏང་དགོས། ཡང་བསྐྱར་དངུལ་བུན་བསྐྱི་བ་དང་ཡང་བསྐྱར་དངུལ་འཛིན་སྒྲུབ་པ་དང་། ཧེ་བག་ཅན་གྱི་གསོག་དངུལ་གྱི་གྲ་སྒྲིག་དངུལ།བར་ཁྱད་ཅན་གྱི་དངུལ་རྩའི་ལྟ་སྐུལ་དོ་དམ། དཔྱད་འཇོག་དཔྱད་ཞིབ་སོགས་ཀྱི་སྲིད་ཇུས་བེད་སྤྱོད་བཟང་པོ་བྱས་ཏེ། དངུལ་རྩའི་ལས་ཁུངས་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་དངུལ་བུན་གཏོང་གྲངས་ཇེ་མང་དུ་གཏོང་བར་སྐུལ་འདེད་དང་། འབྲུ་རིགས་བདེ་འཇགས་ཀྱི་ཡིད་རྟོན་དངུལ་བུན་གྱི་མ་དངུལ་དགོས་མཁོ་གཙོ་བོར་བཟུང་ནས་འགན་སྲུང་བྱེད་དགོས། ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་ལས་སྒོ་དེ་ཞིང་ལས་དང་ཞིང་སྡེའི་ཁྱབ་ཁོངས་སུ་ཕྱོགས་པར་ཁྲིད་སྟོན་བྱས་ཏེ། རྒྱལ་ཡོངས་ཀྱི་ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་མ་ལག་གི་ནུས་པ་འདོན་སྤེལ་བྱེད་དགོས། ཞིང་ལས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་པ་མང་བའི་མ་རྩའི་ཁྲོམ་རས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ་དང་།“ཉེན་ཚབ་དང་དུས་བཅད་ཚོང་ཟོག”ལེགས་སྒྱུར་བྱེད་དགོས། ཞིང་སྡེའི་ཡིད་རྟོན་ཁང་བཅོས་སྒྱུར་བྱས་ནས་ཉེན་ཁ་སེལ་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། སྡེ་བ་དང་གྲོང་རྡལ་དངུལ་ཁང་གྲུབ་ཚུལ་རང་བཞིན་གྱི་སྒོ་ནས་བསྐྱར་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཉ་ལས་ཉེན་ཚབ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་དགོས།
       སོ་གཉིས། གྲོང་གསེབ་ཀྱི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།
       གྲོང་གསེབ་དར་སྤེལ་གཏོང་བར་འཇོན་མི་རྒྱབ་སྐྱོར་བྱ་རྒྱུའི་འཆར་གཞི་ལག་ལེན་བསྟར་ནས་སློབ་གསོ་དང་འཕྲོད་བསྟེན། ཚན་རྩལ། རིག་གནས། སྤྱི་ཚོགས་ཀྱི་ལས་དོན། བསམ་པའི་དཔལ་ཡོན་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་འཇོན་མི་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་ནས་ཞབས་འདེགས་ཞུ་བར་རྩ་འཛུགས་དང་ཁྲིད་སྟོན་བྱས་ཏེ། རང་ས་གནས་ལ་དགོས་མཁོ་ཆེ་ཞིང་དཀོན་པའི་འཇོན་མི་སྐྱེད་སྲིང་བྱེད་པར་རྒྱབ་སྐྱོར་བྱེད་དགོས། བྱང་ཚད་མཐོ་བའི་ཞིང་པ་གསོ་སྐྱོང་བྱེད་པའི་འཆར་གཞི་ལག་བསྟར་དང་། གྲོང་གསེབ་ཀྱི་ལས་སྐྲུན་སྣེ་ཁྲིད་པ་གསོ་སྐྱོང་གི་བྱ་སྤྱོད་སྤེལ་ནས་ཟབ་སྦྱོང་གི་དངོས་ཕན་མཐོར་འདེགས་གཏོང་དགོས། གྲོང་གསེབ་དར་སྤེལ་གཏོང་བར་ཁ་ཕྱོགས་པའི་ལས་རིགས་སློབ་གསོ་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ་དང་། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་པ་གཏིང་ཟབ་ཏུ་གཏོང་དགོས། གྲོང་ཁྱེར་གྱི་ཆེད་ལས་ལག་རྩལ་འཇོན་མི་དུས་བཅད་ལྟར་གྲོང་གསེབ་ལ་ཞབས་འདེགས་ཞུ་བའི་སྐུལ་སློང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ལ་ཡུན་རིང་ཞབས་འདེགས་ཞུ་བའི་ལས་མིར་གོ་གནས་སྤར་བ་དང་གོ་མིང་དཔྱད་བསྡུར་གཏན་འབེབས་ཀྱི་ཐད་ལ་འོས་འཚམ་གཞོལ་དགོས། གྲོང་ཁྱེར་གྱི་ཆེད་ལས་ལག་རྩལ་མི་སྣ་ཡུལ་ཚོར་ཡོང་ནས་ལས་འགན་གཅིག་ལྕོགས་འཁུར་བ་དང་གླ་ཕོགས་གཅིག་ལྕོགས་ལེན་པ། ལས་བྲལ་ལས་སྐྲུན་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། ཆ་རྐྱེན་ངེས་ཅན་ལྡན་ཞིང་ཕྱིར་ཕ་ཡུལ་དུ་ལོག་པ་དང་གྲོང་གསེབ་ཏུ་ལས་ཞུགས་ལས་གཏོད་བྱེད་མཁན་ཕ་ཡུལ་དུའམ་ཡང་ན་ལས་ཞུགས་ལས་གཏོད་བྱ་ཡུལ་དུ་གཞིས་ཆགས་ཆོག ཞིང་སྡེའི་མངག་ཐོ་དང་གནས་གཏན་འཁེལ་གྱི་གསོ་རིག་སློབ་མར་སློབ་ཡོན་མི་དགོས་པར་སྐྱེད་སྲིང་རྣམ་གྲངས་དང་། དགེ་རྒན་གྱི“དགེ་འོས་འཆར་གཞི།” “དམིགས་བསལ་ལས་གནས་ཀྱི་འཆར་གཞི” “རྒྱལ་ཁབ་ཀྱི་སྐྱེད་སྲིང་འཆར་གཞི”བཅས་མུ་མཐུད་ལག་བསྟར་དང་། “སློབ་ཆེན་སློབ་མའི་གྲོང་གསེབ་ཀྱི་སྨན་པའི”ཆེད་དོན་འཆར་གཞི་ལག་བསྟར་བྱས་ནས་གྲོང་གསེབ་དར་སྤེལ་གྱི་བུད་མེད་འགུལ་སྐྱོད་དང་ན་གཞོན་འཇོན་མི་གསར་སྤེལ་གྱི་འགུལ་སྐྱོད་ལག་བསྟར་བྱེད་དགོས།
       སོ་གསུམ། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
       གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་ཤར་བགྲོད་ཡོང་བ་བྱེད་དགོས། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། རྫོང་མཁར་གྲོང་རྡལ་ཅན་གྱི་ཞན་ཆ་ཁ་གསབ་དང་སྟོབས་ཆེར་བཏང་སྟེ། དཀྱིལ་སྙིང་གྲོང་བརྡལ་གྱི་གྲོང་སྲིད་དང་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས། རྫོང་ཁོངས་ཀྱི་ཞིང་བ་ཞོར་ལས་པ་གྲོང་མི་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་བྱས་ཏེ་གཞི་རྩའི་སྤྱི་པའི་ཞབས་ཞུ་དེ་རྒྱུན་སྡོད་མི་འབོར་དང་སྦྲེལ་བ་དང་རྒྱུན་སྡོད་ཁུལ་ནས་མཁོ་འདོན་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཞིང་པ་ཞོར་ལས་པའི་དངུལ་རྩའི་ཞབས་ཞུ་ལས་ཀ་ལེགས་པར་བསྒྲུབ་དགོས། རྫོང་དང་གྲོང་གསེབ་ཀྱི་སྤྱི་པའི་ཐོན་ཁུངས་སྐས་རིམ་བཞིན་བགོ་སྒྲིག་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་ཐུན་མོང་ཚོགས་པ་དང་། ཚགས་དམ་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཐུན་མོང་ཚོགས་པ། རྒན་གསོའི་ཞབས་ཞུའི་མཉམ་འབྲེལ་ཚོགས་པ་བཅས་འཕེལ་རྒྱས་གཏོང་བ་དང་། རྫོང་ཁོངས་ཀྱི་གློག་འདོན་དང་སོལ་རླངས་མཁོ་འདོན། གློག་འཕྲིན། སྦྲག་སྲིད་སོགས་ཡོངས་ཁྱབ་ཞབས་ཞུའི་རིགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་གྲོང་སྲིད་དོ་དམ་དྲ་བ་དང་གྲོང་གསེབ་ཀྱི་དྲ་སྦུག་དྲ་བ་སོགས་དུད་ཁྱིམ་དུ་རྒྱ་སྐྱེད་པར་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་གསར་འཛུགས་ཏན་ཏིག་ངང་སྤེལ་དགོས།
       ཞིང་སྡེའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་གྲོང་གསེབ་དར་སྤེལ་མངོན་འགྱུར་བྱེད་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནན་ཏན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།“ཞིང་གསུམ”ལས་དོན་དེ་མངོན་གསལ་དོད་པའི་གོ་གནས་སུ་བཞག་ནས་དམ་འཛིན་ཡག་པོ་བྱེད་པ་དང་། “ཞིང་གསུམ”ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས།
       བྱ་བའི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་ལས་བྱེད་པ་དང་ལྷག་པར་འགོ་ཁྲིད་ལས་བྱེད་པས་མང་ཚོགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་བྱས་ཏེ་གཞི་རིམ་དུ་མང་ཙམ་སྐྱོད་པ་དང་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་དགོས། ཞིང་པའི་གཙོ་གཞིའི་ནུས་པ་འདོན་སྤེལ་བྱས་ནས་ཞིང་པ་གྲོང་གསེབ་དར་སྤེལ་ནང་ཞུགས་པའི་ཧུར་སེམས་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་དགོས། མ་ལག་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། “ཞིང་གསུམ”ལས་དོན་ཁྲོད་ཀྱི་དཀའ་གནད་དང་དཀའ་ངལ་མང་བའི་གནད་དོན་གཅིག་གྱུར་འཆར་འགོད་ཀྱིས་ཐག་གཅོད་ཡག་པོ་བྱེད་པ་དང་ལས་དོན་གྱི་ཕན་འབྲས་དམ་འཛིན་ཡག་པོ་བྱེད་དགོས། གྲོང་གསེབ་དར་སྤེལ་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཀྱི་གནད་དོན་སྣ་ཚོགས་ཡོ་བསྲང་གཏིང་ཟབ་བྱས་ཏེ། གཞི་རིམ་གྱི་དཔྱད་འདེམས་དང་ལེན་དང་རེའུ་མིག་བཀོད་སྒྲིག ཚད་བརྒལ་ཤུལ་འཇོག་སོགས་ཀྱི་ཁུར་པོ་དངོས་གནས་ཇེ་ཡང་དུ་གཏོང་བ་དང་། གཞི་རིམ་དུ་སེམས་ཤུགས་གཙོ་བོ་འཕེལ་རྒྱས་དོན་གཉེར་དང་བཅོས་སྐྱོང་དམ་འཛིན། ཞིང་པ་མང་ཚོགས་ལ་དངོས་དོན་སྒྲུབ་པའི་ཐད་འདོན་པར་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་དང་། རིམ་པ་ལྔའི་ཧྲུའུ་ཅི་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་སྤེལ་བ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མཉམ་དུ་གྲོང་གསེབ་དར་སྤེལ་ལ་ནུས་ལྡན་ངང་འབྲེལ་མཐུད་བྱེད་པར་དཔྱད་ཞིབ་དང་དཔྱད་དཔོག་བྱེད་པ། ཏང་འཛུགས་སྐྲུན་ལ་དམ་འཛིན་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་དེ་གྲོང་ཁྱེར་དང་རྫོང་། ཡུལ་ཚོ་བཅས་ཀྱི་ཏང་ཨུའི་ཧྲུའུ་ཅིས་གཞི་རིམ་གྱི་ཏང་འཛུགས་སྐྲུན་ལས་ཀ་སྒྲུབ་ཚུལ་ལ་དཔྱད་གླེང་དང་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་དགོས། གྲོང་གསེབ་དར་སྤེལ་གྱི་བསྡོམས་རྩིས་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་འཆར་འགོད་བཟོ་བ་དང་སྤྱི་ཡོངས་ནས་ཇུས་འགོད་དང་མ་ལག་ལྡན་པའི་བཀོད་སྒྲིག་ལེགས་པོ་བྱེད་པ་བཅས་གཏན་ཕབ་བྱེད་པ་དེ་ད་ཡོད་ཀྱི་འཆར་འགོད་དང་འབྲེལ་མཐུད་བྱེད་པ། དུས་མཚམས་དབྱེ་ནས་བརྟན་པོའི་ངང་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས།
       ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཡིད་ཆེས་བརྟན་པོ་དང་འབད་འབུངས་ཆེར་སྐྱེད། དཀའ་སྤྱད་སྙིང་རུས་བཅས་བྱས་ཏེ་གྲོང་གསེབ་དར་སྤེལ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གང་མགྱོགས་སྒོས་ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་སྐྲུན་དགོས།
འབྲེལ་ཡོད་འོས་སྦྱོར།