logo

མཚོ་ལྷོ་ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བཞི་བ་འཚོགས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-01 ཀློག་གྲངས།:
       མཚོ་ལྷོ་ཚགས་པར་གྱི་འཕྲིན། ཟླ3པའི་ཚེས1ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བཞི་བ་ཆབ་ཆར་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་ཆེན་སྟེང་ཐོན་དགོས་པའི་འཐུས་མི248ཡོད་ལ། དངོས་སུ་ཐོན་ཡོད་པའི་འཐུས་མི212ཡོད་པས། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན། གྲོས་ཚོགས་སྟེང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ལག་བསྟར་ཀྲུའུ་ཞི་མཱ་ཅན་ཧུང་གིས་ཚོགས་ཆེན་ལ་མགོ་འཛིན་གནང་ཞིང་། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལིས་ཀང་དང་གསེར་མཚོ། དཔལ་ལྡན། ཏིང་རོན་དབྱི། མཱ་ཧྲུའུ་ཧྥུའུ། ལའེ་སུང་སེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།
ཚོགས་རའི་ཡུལ་དངོས།
       ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཚོགས་ཆེན་གྱི་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད་ལ། སྐབས་བཅུ་བཞི་བའི་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་ཆབ་ཆར་ཡོད་པའི་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཁུལ་ཨུའི་འབྲེལ་ཡོད་པུའུ་ཨུ་དང་མི་དམངས་ཚོགས་པའི་འགན་འཁུར་བ། མཚོ་ལྷོ་ཡན་ལག་དམག་ཁུལ་ཁང་དང་ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཁག ཞིང་ཆེན་དོ་དམ་ཚན་ཁག་གི་འགན་འཁུར་བ། ཁུལ་ཁོངས་གཏོགས་ཀྱི་འབྲེལ་ཡོད་ཁེ་ལས་དང་ལས་ཁུངས། དམངས་གཉེར་ཁེ་ལས་ཁག་ཅིག་གི་འགན་འཁུར་བ་བཅས་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།
       ཚོགས་ཆེན་སྟེང་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ་བ་དང་། སྙན་ཞུ་ལས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནི་རང་ཁུལ་གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་སྟབས། ཕྱི་ནང་གི་ཁོར་ཡུག་རྙོག་འཛིང་ཆེ་ཞིང་། ཉེན་ཁ་དང་འགྲན་སློང་མངོན་གསལ་གྱིས་ཇེ་མང་དུ་སོང་བ། ཐེངས་མང་པོའི་རིམས་ནད་ཀྱི་བརྡབ་གསིག་བསྟུད་མར་ཕོག་པའི་དུས་བབ་ཛ་དྲག་བཅས་ཀྱི་མདུན་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས། ཞིང་ཆེན་དང་ཁུལ་ཨུའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་ལྡན་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བཅས་བྱས་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཉམ་དུ་འགྲན་སློང་ལ་གདོང་གཏད་ཐུབ་པའི་དཀའ་ངལ་ལ་མི་འཛེམ་པ་དང་ཉེན་ཁ་འགོག་སྲུང་བྱས་ནས་མདུན་དུ་བསྐྱོད་དེ། ཁུལ་ཡོངས་ཀྱི་བྱ་གཞག་ཁག་ལ་འཕེལ་རྒྱས་གསར་བ་བྱུང་ཡོད།
འཐུས་མི་རྣམས་ཀྱིས་གཟབ་ནན་ངང་སྙན་ཞུར་གསན་བཞིན་པ།
       འཕེལ་རྒྱས་ལ་བདེ་འཇགས་ཡོང་ཐུབ་པ་བཅས་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་ཡིད་ཆེས་བརྟན་པོ་བྱས་པས་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་ཐད་གྲུབ་འབྲས་ཅུང་བཟང་པོ་བླངས་ཡོད་ལ། ས་གནས་ཐོན་སྐྱེད་བསྡོམས་པས་སྒོར་དུང་ཕྱུར200.27མངོན་འགྱུར་བྱས་ནས0.5%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ཐད་ལ་མ་དངུལ་སྒོར་དུང་ཕྱུར210བཏང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར18.46ལེགས་འགྲུབ་བྱུང་ཞིང་། རང་གྲུབ་བསྡུར་གཞི10%འཕར་ཡོད་པ་དང་། ཟུར་འཇོག་ཁྲལ་སློག་གི་རྒྱུ་རྐྱེན་འཐེན་རྗེས34.6%འཕར་ཡོད། སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར34.3ལེགས་འགྲུབ་བྱས་ཏེ0.9%འཕར། མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར37466དང་སྒོར15634ཟིན་ནས2.6%དང7%སོ་སོར་འཕར་ཡོད་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ནང་ཚུན་དུ་ཚོད་འཛིན་བྱས། གཞན་ཡང་མུ་མཐུད་དུ་སྲུང་སྐྱོབ་དང་བཅོས་སྐྱོང་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ལྗང་མདོག་ཚུལ་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་རིམ་སྤར་བྱུང་ཡོད་པ་དང་། མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་མཁར་གྲོང་གི་རྣམ་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས་རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བསྡུ་རུབ་དང་བརྒྱུད་འདྲེན་གཙང་སེལ་མ་ལག་གི་ཁྱབ་ཚད95%ཡན་ལ་སླེབས་ཡོད། སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱས་པས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་མངོན་གསལ་གྱིས་ཇེ་དྲག་ཏུ་བཏང་སྟེ། དེང་རབས་ཁེ་ལས་དོ་དམ་དང་ནང་ཁུལ་ཚོད་འཛིན་མ་ལག་གི་འཛུགས་སྐྱོང་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཞིང་རྒྱལ་དབང་རྒྱུ་ནོར་གོ་རིམ་ལྡན་པའི་ངང་སྡེབ་སྒྲིག་བྱས་པས་རྒྱལ་དབང་རྒྱུ་ནོར་གྱི་གྲུབ་ཚུལ་སྔར་བས་ཇེ་ལེགས་སུ་སོང་། དམངས་ཚིས་བདེ་རྩ་ཆེ་རུ་བཏང་བས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཏེ་ནོར་ཤུགས་དང་དངོས་ཤུགས་སྔར་བས་མང་པོ་དམངས་ཚིས་ཁྱབ་ཁོངས་སུ་བཏང་བ་དང་། དམངས་ཚིས་དོན་དངོས20ཚང་མ་ལེགས་འགྲུབ་བྱུང་ཡོད། ནོར་སྲིད་ཀྱིས་དམངས་ཚིས་ཐད་བཏང་བའི་མ་དངུལ་སྒོར་དུང་ཕྱུར126.8ལ་སླེབས་ནས་ནོར་སྲིད་གཏོང་སྒོའི་བསྡོམས་འབོར་གྱི81.4%ཡན་ཟིན་ཡོད་པས་བདེ་འཇགས་མཚོ་ལྷོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད།
འཐུས་མི་རྣམས་ཀྱིས་གཟབ་ནན་ངང་སྙན་ཞུར་གསན་བཞིན་པ།
       སྙན་ཞུ་ལས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་ཚུགས་པའི་ལོ་དང་། “ལོ་ལྔའི་འཆར་གཞི་བུ་བཞི་བའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། རང་སྐྱོང་ཁུལ་གྱི་སྲིད་བཙུགས་ནས་ལོ70ལོན་པར་རྟེན་འབྲེལ་ཞུ་བའི་བཀྲ་ཤིས་པའི་ལོ་ཞིག་ཀྱང་ཡིན་པས། ད་ལོའི་སྲིད་གཞུང་གི་ལས་དོན་ཁག་ཡག་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཞིང་ལས་འགན་གཟི་བརྗིད་ལྡན་པ་ཞིག་རེད། སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བཅས་བྱས་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་དང་། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། རིམས་ནད་སྔོན་འགོག་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་སྔར་ལས་ལེགས་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱེད་པ།“ལེགས་གཅིག་མཐོ་གཉིས”ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་སྣེ་ཁྲིད་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མུ་མཐུད་དུ་གཏོད་པ་དང་། ཐོན་ལས“གནས་བཞི”མགྱོགས་མྱུར་སྒོས་བསྐྲུན་པ། ལས་ཞུགས་བརྟན་པོ་ཡོང་བ། ཟོག་གོང་བརྟན་པོ་ཡོང་བ་བཅས་ཀྱི་བྱ་བ་གཟེངས་སུ་ཐོན་པའི་སྒོ་ནས་ཡག་པོར་བསྒྲུབ་པ། ཉེན་ཁ་སེལ་བྱས་ཏེ་དཔལ་འབྱོར་འཁོར་བསྐྱོད་སྤྱིའི་ཆ་ནས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། “མཚོ་ལྷོ་དྲུག”ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་པ། ཁྱོན་ཡངས་པའི་གུང་ཧོའི་གཤོང་ས་དར་རྒྱས་ཡོང་བར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་ལ་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་བ་ཞིག་བསྐྲུན་པར་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་དེ་ཡིན།
       སྙན་ཞུ་ལས་བསྟན་དོན། སྤྱི་ཚོགས་དཔལ་འབྱོར་གོང་སྤེལ་གྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང5%ཡན་འཕར་བ་དང་། གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་དངུལ་གཏོང་ཚད8%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང5.7%འཕར་བ། སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་བསྡོམས་འབོར6%འཕར་བ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དང་སྡོད་དམངས་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་དེ་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང་དང་དུས་མཉམ་དུ་འཕར་བ་དང་། གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.5%ནང་ཚུན་དུ་ཚོད་འཛིན་བྱེད་པ། རོང་འབྲོག་ཁུལ་གྱི་རྩོལ་ནུས་གཞན་སྒྱུར་ལས་ཞུགས་བྱེད་ཚད་མི་ཐེངས་ཁྲི་ཚོ4.5ལ་སླེབས་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ནང་ཚུན་དུ་ཚོད་འཛིན་བྱེད་པ། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད96%ཡན་རྒྱུན་འཁྱོངས་བྱེད་པ་དང་། རྨ་ཆུ་མངའ་ཁོངས་ནས་ཕྱིར་ཐོན་པའི་ཆུའི་སྤུས་ཚད་རིམ་པ་གཉིས་པའི་ཡན་རྒྱུན་འཁྱོངས་བྱེད་པ། ནུས་སྲི་ཐཱན་ཉུང་སྙིགས་འཕྲི་བྱེད་ཚད་དེ་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ནང་ཚོད་འཛིན་བྱེད་པ། འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི་ཚོ14.5ཡན་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་བཅས་ཡིན།
       སྙན་ཞུ་ལས་ནན་གྱིས་བསྟན་དོན། སྙན་ཞུ་ལས་སྲིད་གཞུང་གིས་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་དུ་བཏང་ནས“དགོས་ངེས་གསུམ”བློ་ལ་བརྟན་པོར་ངེས་པ་དང་ལག་ལེན་དུ་བསྟར་ཏེ། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པར་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་དང་། ཤུགས་ཆེན་པོས་ཁྲིམས་སྲུང་དང་ཁ་དན་ཚིག་གནས་ཀྱི་སྲིད་གཞུང་། སྤྱོད་ཚུལ་དངོས་གཉེར་གྱི་སྲིད་གཞུང་འཛུགས་པར་ཤུགས་རྒྱག་དགོས་ལ། མི་དམངས་ཀྱི་བློ་ཡིད་ཚིམ་པའི་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་བྱེད་པར་འབད་བརྩོན་བྱ་དགོས།
       སྙན་ཞུ་ལས་བསྒྲགས་དོན། སྟོང་བཤད་བྱས་པས་རྒྱལ་ཁབ་ཕུང་བར་འགྱུར། །དངོས་སྒྲུབ་བྱས་ན་རྒྱལ་ཁབ་དར་ཞིང་རྒྱས། །ཞེས་པ་ལྟར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ངར་སེམས་ཆེར་སྐྱེད་ཀྱི་བསམ་བློའི་རྣམ་འགྱུར་དང་འབད་འཐབ་སྙིང་སྟོབས་ལ་བརྟེན་ནས“མིག་དཔེ་བརྩོན་ལེན་དང་། དཔེ་སྟོན་བརྩོན་ལེན། མདུན་གྲལ་དུ་བསྐྱོད་པ”བཅས་ཀྱི་གཟི་བརྗིད་ལྡན་པའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། དངོས་སྒྲུབ་དང་དངོས་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཚོ་ལྷོ་ནས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་མཚོ་ལྷོ་གསར་བའི་མཚར་སྡུག་ལྡན་པའི་ལེའུ་ཧུར་ཐག་གིས་རྩོམ་དགོས།
ཚོགས་རའི་ཡུལ་དངོས།
       གྲོས་ཚོགས་ལས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཞིང་ཆེན་གྱི་སྐབས་བཅུ་བཞི་བའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དང་ཀྲུང་གུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དཔལ་ལྡན་གྱིས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་བཏོན་པའི«མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུངལས་གཉེན་སྒྲིག་ལོ་ཚོད་སྐོར་གྱི་གཏན་འབེབས(འཆར་ཟིན)»གྱི་གསལ་བཤད། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཆན་གོ་ཆིན་གྱིས་ཁུལ་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་ཕུལ་བའི་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི2023ལོའི་དམངས་འཚོའི་བྱ་བ་དངོས་ཀྱི་འདེམས་སྒུག་ལས་གཞི་གྲུབ་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ། དེ་མིན«2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི(འཆར་ཟིན)གྱི་སྙན་ཞུ།» «མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི2022ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་གནས་ཚུལ་དང2023ལོའི་ནོར་སྲིད་སྔོན་རྩིས(འཆར་ཟིན)གྱི་སྙན་ཞུར»ཡིག་ཐོག་ནས་ཞིབ་བཤེར་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།