མཚོ་ལྷོ་ཁུལ་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གསུམ་པ་མཇུག་སྒྲིལ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-03-03
ཀློག་གྲངས།:
མཐུན་སྒྲིལ་ལས་སྟོབས་ཤུགས་བསྐྱེད། །འབད་བརྩོན་ལས་འབྱུང་འགྱུར་བསྐྲུན། །ཨུ་ཡོན་དང་ཚོགས་འདུའི་བློ་མཐུན་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་འོག སྲིད་གྲོས་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི་ཁག་བདེ་བླག་ངང་ཡོངས་སུ་ལེགས་འགྲུབ་བྱུང་སྟེ། ཟླ3པའི་ཚེས2ཉིན་གྱི་ཕྱི་དྲོར་རྒྱལ་ཁའི་ངང་མཇུག་སྒྲིལ།

མཇུག་སྒྲིལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཚེ་རིང་དང་ཀྲའོ་ཀུའེ་ལེན། བསོད་ནམས་སྐྱིད། རེན་ཅན་མིང་། ཀུན་བཟང་པདྨ་རྣམ་རྒྱལ། ཧུའོ་ཆིང་། དགེ་འདུན་རྒྱལ། སང་ཁྲེན་ཡུའེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཱ་ཅན་ཧོང་། ཁུལ་ཨུའི་རྒྱུན་ཨུ་སོ་སོ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སོ་སོ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སོ་སོ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མགོ་གཙོ་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་མཇུག་སྒྲིལ་ཚོགས་འདུའི་སྟེང་ཞུགས།
ཚོགས་འདུ་ལས་སྲིད་གྲོས་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། སྲིད་གྲོས་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་གྱི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། སྲིད་གྲོས་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་འཆམ་བྱུང་།

ཚོགས་འདུའི་སྐབས་སུ། ལིས་ཀང་དང་ཀརྨ་ཕུན་ཚོགས་སོགས་མགོ་ཁྲིད་བློ་མཐུན་རྣམས་ཚོགས་ཆེན་དང་གྲོས་བསྡུར་ལ་ཞུགས་ཏེ་གཏམ་བཤད་ལ་གསན་པ་རེད། ཨུ་ཡོན་རྣམས་ལ་གྲོས་ཁ་བསྡུར་ནས་ཐུན་མོང་གིས་བསྒྱུར་བཅོས་གོང་འཕེལ་གྱི་ཇུས་ཆེན་བསམ་ཚུལ་བརྗེ་རེས་བྱས་ཤིང་། དམངས་ཕྱུག་དང་ཁུལ་སྟོབས་ལྡན་དུ་གཏོང་བའི་ཐབས་ཇུས་བཟང་པོ་མཉམ་དུ་བཀོད་པ་བཅས་ཀྱི་སྟེང་ནས་མགོ་ཁྲིད་ལས་བྱེད་པས་དམངས་གཙོ་དར་སྤེལ་བྱེད་པའི་སྤྱོད་བཟང་མཚོན་ཡོད། ཨུ་ཡོན་རྣམས་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལས་འགན་ཆེན་པོས་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་གྲོས་གཞིའི་ལས་དོན་བསྒྲུབ་ཚུལ་སྐོར་གྱི་སྙན་ཞུ། ཚོགས་ཆེན་གྱི་གྲོས་ཆོད་ཁག་བཅས་ལ་གསན་ཏེ་གྲོས་ཞིབ་གནང་བ་རེད། སྲིད་གཞུང་གི་ལས་དོན་སྙན་ཞུ་དང་ཁྲིམས་དཔྱོད“ཁང་གཉིས”ཀྱི་སྙན་ཞུ། དེ་མིན་འབྲེལ་ཡོད་སྙན་ཞུ་གཞན་དག་བཅས་ལ་གསན་ཏེ་གྲོས་མོལ་གནང་། ཚོགས་ཆེན་ལས་གཏམ་བཤད་དང་ཚོ་ཆུང་གིས་གྲོས་བསྡུར་བྱེད་པའི་རྣམ་པ་བརྒྱུད་དེ་རང་སྐྱོང་ཁུལ་གྱི་སྒྱུར་བཅོས་དང་གོང་སྤེལ་བརྟན་འཇགས་ཡིན་པའི་གནད་དོན་ཆེན་པོ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་ཁུར་བྱེད་ཀྱིན་པའི་གནད་དོན་ལ་དབྱེ་ཞིབ་བྱས། སྲིད་གྲོས་ཇུས་མོལ་གཏིང་ཟབ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་རིན་ཐང་ལྡན་ཞིང་གནད་ལ་འཁེལ་བ། ཤུགས་རྐྱེན་ཆེ་བ་བཅས་ཀྱི་བསམ་འཆར་དང་གྲོས་མགོ་མང་པོ་བཏོན་ཏེ། དུས་རབས་གསར་བའི་སྲིད་གྲོས་ཨུ་ཡོན་གྱི་བློ་ཁོག་ཡངས་པོ་དང་འགན་འཁྲི་ཕྲག་འཁུར་གྱི་སྙིང་སྟོབས་མཚོན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་ཏང་མང་མཉམ་འབྲེལ་དང་སྲིད་གྲོས་གྲོས་མོལ་སྒྲིག་གཞིའི་སྟོབས་ཤུགས་དང་སྙིང་སྟོབས་གསལ་བཤད་ཀྱང་བྱས་ཡོད།
ཚེ་རིང་གིས་གྲོས་ཚོགས་མཇུག་སྒྲིལ་བའི་སྟེང་བཤད་རྒྱུར། 2023ལོ་ནི་ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པར་འགོ་ཚུགས་པའི་ལོ་དང་། རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བཀྲ་ཤིས་པའི་ལོ་ཞིག་ཀྱང་ཡིན་པས། ད་ལོའི་ལས་དོན་ཁག་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཞེས་བཤད་པ་དང་། ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་མཆོང་བསྐྱོད་ཀྱི་ལམ་ཐིག་ལེགས་པར་བཏོད་དེ“མཚོ་ལྷོ་དྲུག”འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་བསྩལ་ཅིང་། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས“རྒྱལ་ཁབ་ཀྱི་དོན་ཆེན”སེམས་སུ་བཟུང་ནས་ཞིང་ཆེན་དང་ཁུལ་གྱི་དོན་ཆེན་ལ་དམིགས་ཏེ་རྒྱང་བསྐྱོད་ཀྱི་ལམ་བུ་གསར་བ་བཏོད་ནས་བྱས་རྗེས་འཇོག་དགོས་ཞེས་བཤད་པ་རེད།

ཚེ་རིང་གིས་བསྟན་དོན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་དུས་ནམ་ཡང་ཏང་གི་མགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ཇེ་བརྟན་དུ་གཏོང་བའི་ཐད་སྲིད་གྲོས་ཀྱི་གནས་བབ་མཚོན་པར་བྱ་དགོས་པ་དང་སྲིད་གྲོས་ཀྱི་འགན་འཁྲི་འཁུར་ཤུགས་མངོན་པར་བྱེད་པ། སེམས་ཤུགས་གཅིག་སྒྲིལ་བྱེད་པར་མཐའ་འཁྱོངས་བྱས་ཏེ་མཐུན་སྒྲིལ་མཉམ་ལས་བྱེད་པའི་ཐད་སྲིད་གྲོས་ཀྱི་བྱས་རྗེས་མངོན་པར་བྱེད་པ། གཞུང་དྲང་གསར་གཏོད་རྒྱུན་འཁྱོངས་བྱས་ནས་རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་སྲིད་གྲོས་ཀྱི་ཉམས་ཚུལ་བཟང་བོ་འབུར་དུ་ཐོན་པར་བྱེད་པ། དེ་མིན་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་མགོ་ཁྲིད་ཀྱི་སྣེ་ཁྲིད་འོག་ཏུ་ཕུལ་བྱུང་གི་གྲུབ་འབྲས་བླངས་ཏེ། རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་སྟོབས་ཤུགས་འབུལ་དགོས་ལ། ཁྱོན་ཡངས་པའི་གུང་ཧོ་གཤོང་ས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་ལ་སྔར་ལས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པའི་ལེའུ་གསར་བ་ཞིག་རྩོམ་དགོས་ཞེས་བཤད་པ་རེད།
མཚོ་ལྷོའི་ས་ཁུལ་གྱི་སྐབས་བཅུ་གསུམ་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག ཁུལ་དུ་སྡོད་པའི་ཞིང་ཆེན་གྱི་ལས་ཁུངས་འགན་འཁུར་བློ་མཐུན། དེ་མིན་རྫོང་རིམ་པ་ཁག་གི་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཤང་དང་གྲོང་རྡལ་ཁག་གི་སྲིད་གྲོས་འབྲེལ་གཏུག་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཚོགས་འདུར་ཟུར་ཞུགས་བྱས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།