སྲིད་གཞུང་བྱ་བའི་སྙན་ཞུ། སྨད་ཆ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།
དུས་ཚོད།:2023-03-22
ཀློག་གྲངས།:
(བདུན།) བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། གཉིས་ཕན་མཉམ་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཡོད། ཕྱི་ཕྱོགས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བའི་མདུན་དུ་སྔར་ལས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་ནུས་ལྡན་བྱས།
ཕྱིར་གཏོང་ནང་འདྲེན་བརྟན་ཐོག་སྤུས་འདེགས་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། ཕྱིར་གཏོང་ཁྲལ་སློག་དང་། ཡིད་རྟོན་འགན་ལེན། ཡིད་རྟོན་དངུལ་བུན་སོགས་ཀྱི་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁེ་ལས་ཀྱི་ཕྱིར་གཏོང་ཁྲལ་སློག་སྒྲུབ་པའི་དུས་ཚོད་དེ་ལས་ཀའི་ཉིན་གྲངས6ནང་ཚུན་ལ་ཇེ་ཐུང་དུ་བཏང་ཡོད། ཕྱི་དངུལ་ཞབས་ཞུ་ལེགས་སྒྱུར་བྱས། ཕྱི་ཚོང་གི་ལས་རྣམ་གསར་པ་འཕེལ་རྒྱས་བཏང་བ་དང་། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ152གསར་དུ་བཙུགས་ཤིང་། ཕྱི་རྒྱལ་དུ་བང་མཛོད་ཁག་ཅིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། ནང་འདྲེན་དངོས་མང་སྟོན་ཚོགས་དང་། ཀོང་ཀྲིག་ཉོ་ཚོང་ཚོགས་འདུ། ཞབས་ཞུ་ཚོང་ཚོགས། འཛད་སྤྱོད་དངོས་མང་སྟོན་ཚོགས་སོགས་འགྲེམས་ཚོགས་གལ་ཆེན་གྱི་ནུས་པ་འདོན་སྤེལ་བྱས། འགག་སྒོ་ལས་སྒྲོལ་བ་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཞིང་། ཕྱིར་གཏོང་ནང་འདྲེན་གཉིས་འགག་སྒོ་ལས་སྒྲོལ་བའི་དུས་ཚོད་སོ་སོར67%དང92%ཐུང་དུ་བཏང་ནས་ཕྱིར་གཏོང་ནང་འདྲེན་གྱི་ལྷུ་ཚིགས་ཀྱི་ལུགས་མཐུན་མ་གནས་མངོན་གསལ་དོད་པོས་མར་ཆག་ཡོད། སྒོ་ཁྲལ་གྱི་སྤྱིའི་ཆུ་ཚད9.8%ནས7.4%ལ་མར་ཆག་ཡོད། ཕྱོགས་ཡོངས་ནས་ཞབས་ཞུའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ཀྱི་ཚོད་ལྟ་གཏིང་ཟབ་ཏུ་བཏང་བ་དང་། རྒྱལ་ཁོངས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱ་གསལ་ཐོ་བཏོན་ཡོད། ཕྱིར་གཏོང་ནང་འདྲེན་བརྟན་པོའི་ངང་འཕར་བ་ལས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ཕྱི་དངུལ་བེད་སྤྱོད་ནུས་ལྡན་ཧུར་ཐག་བྱས་ཡོད། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་བཏོན་པ་དང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས་ཡོད། ཕྱི་དངུལ་ཚོང་རར་ཞུགས་འཐུས་མུ་མཐུད་ལྷུག་ཏུ་བཏང་ཞིང་། རྒྱལ་ཡོངས་དང་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་བཀག་རྒྱ་གསལ་ཐོའི་གྲངས་ཀ་སོ་སོར51%དང72%ཉུང་དུ་བཏང་བ་དང་། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཕལ་ཆེར་ཕྱོགས་ཡོངས་ནས་གློད་ཡོད་ཅིང་། དངུལ་རྩ་སོགས་ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ཡོད། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ21བཙུགས་པ་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད། ས་གནས་ཁག་གིས་བྱེད་ཐབས་གསར་གཏོད་བྱས་ནས་ཕྱི་རྒྱལ་གྱི་དངུལ་འཇོག་ལ་སྐུལ་འདེད་གཏོང་བའི་ཞབས་ཞུར་ཤུགས་བརྒྱབ་པ་དང་། ཚོང་འགུག་དངུལ་འདྲེན་དང་ལས་གཞི་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ཡོད། ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་ལས་གཞི་ཆེན་པོ་ཁག་ཅིག་དོན་ཐོག་ཏུ་འཁྱོལ་བ་དང་། རང་རྒྱལ་རྒྱུན་མཐུད་ངང་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཞག་ནས་ཚོང་ལས་སྤེལ་བའི་གནས་མཆོག་ཏུ་གྱུར་ཡོད།
སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་རྒྱུན་འཁྱོངས་དང་། ཚོང་རའི་རྩ་དོན་དང་རྒྱལ་སྤྱིའི་ཐོག་ཐུན་མོང་དུ་སྤྱོད་པའི་སྒྲིག་སྲོལ་བརྩི་སྲུང་བྱས་ཏེ། ཕན་ཚུན་སྦྲེལ་མཐུད་དང་ཐོན་ནུས་མཉམ་ལས་ཀྱི་ལས་གཞི་ཁག་ཅིག་ལག་བསྟར་བྱས་ནས་ལམ་རྒྱུད་རྒྱལ་ཁབ་ལ་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ལོ་རེར་ཆ་སྙོམས13.4%འཕར་ཡོད་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ཡོད། ནུབ་རྒྱུད་སྐམ་མཚོའི་རྒྱུ་ལམ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། ཕྱི་ཕྱོགས་སུ་མ་དངུལ་འཇོག་པ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་། མངའ་ཁོངས་ཕྱིའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད། རང་མོས་ཉོ་ཚོང་གྲོས་ཆོད6གསར་དུ་བཞག་པ་དང་རིམ་སྤར་བྱས་པ་དང་། རང་མོས་ཉོ་ཚོང་རོགས་ཟླ་དང་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཀྱི་བསྡུར་གྲངས26%ནས35%ཡས་མས་སུ་འཕར་ཡོད་པ་རེད། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་བློ་རྩ་བརྟན་པོས་སྲུང་སྐྱོང་དང་། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ། དཔལ་འབྱོར་ཉོ་ཚོང་གི་རྩོད་གླེང་ལ་ཁ་གཏད་བརྟན་པོར་འཇལ་བ་བཅས་བྱས་ཏེ། ཉོ་ཚོང་དང་མ་དངུལ་འཇོག་པ་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།
(བརྒྱད།) སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་ཆ་ཚང་དུ་བཏང་བ་དང་། འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཤིང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
སྦགས་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། གནད་ལ་འཁེལ་བའི་སྒོ་ནས་སྦགས་བཙོག་འགོག་བཅོས་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྦགས་བཙོག་འགོག་བཅོས། ཁྲིམས་ལྟར་སྦགས་བཙོག་འགོག་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། སྦགས་བཙོག་དངོས་པོ་མང་པོ་མཉམ་དུ་བཅོས་སྐྱོང་དང་ས་ཁོངས་མཉམ་འགོག་མཉམ་བཅོས་བྱ་རྒྱུར་སྣང་ཆེན་བྱས་ཏེ་ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད86.5%ལ་སླེབས་ནས་བརྒྱ་ཆའི་གཞི་གྲངས4འཕར་ཡོད། ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་བཙོག་ཆུ་དྲི་ཅན་གཞི་རྩའི་ཆ་ནས་མེད་པར་བཟོས་པ་དང་། ཆུ་བོ་དང་མཚེའུ་གལ་ཆེན་དང་། མཚོ་འགྲམ་མཚོ་ཁོངས་ཀྱི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་བཏང་། ས་རྒྱུའི་སྦགས་བཙོག་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྲ་གཟུགས་ཟོག་རོ་དང་སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། ཕྱོགས་ཡོངས་ནས་རྨོ་ཞིང་དང་གཏན་འཇགས་གཞི་རྩའི་ས་ཞིང་སྲུང་སྐྱོབ་ཀྱི་དམར་ཐིག་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་བཅས་དབྱེ་འབྱེད་གཏན་འབེབས་བྱས། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ཁག་ཅིག་ལག་བསྟར་བྱས་པ་དང་། ཕྱོགས་ཡོངས་ནས་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་དང་། ནགས་དཔོན་ལམ་ལུགས་ཁྱབ་སྤེལ་བཏང་བ་རེད། འབྲི་ཆུ་སྲུང་སྐྱོབ་ཆེན་མོ་མཉམ་དུ་འཛིན་པར་སྐུལ་འདེད་བཏང་། འབྲི་ཆུའི་འབབ་རྒྱུད་ཀྱི་གཙོ་གནད་ཆུ་ཁོངས་སུ་ལོ་བཅུའི་རིང་ཉ་འཛིན་མི་ཆོག་པ་ལག་བསྟར་གཏིང་ཟབ་བྱས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ཤུགས་བརྒྱབ། སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་འཐུས་ཚང་དུ་བཏང་། ནགས་ཚལ་གྱི་ཁེབས་ཚད24%ཟིན་པ་དང་། རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་དང་འདམ་ར་སྲུང་སྐྱོབ་བྱེད་ཚད་ཚང་མ50%ཡན་ལ་སླེབས་པ་དང་། ས་ཆུ་ཤོར་བ་དང་། མྱ་ངམ་ཐང་དུ་འགྱུར་བ། བྱེ་ཐང་དུ་འགྱུར་བ་བཅས་ཀྱི་ས་ཆའི་རྒྱ་ཁྱོན་སོ་སོར་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་སྟོང་དྲུག་དང་། ཁྲི་གསུམ་དང་སྟོང་བརྒྱད་དང་། ཁྲི་གསུམ་དང་སྟོང་གསུམ་བཅས་དངོས་སུ་ཇེ་ཉུང་དུ་ཕྱིན་ཡོད། མི་དམངས་མང་ཚོགས་ཀྱིས་གནམ་སྔོན་པོ་དང་སྤྲིན་དཀར་པོ་དང་རི་སྔོ་ཆུ་དྭངས་ལོངས་སུ་སྤྱོད་ཚད་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།
ནུས་ཁུངས་གྲོན་ཆུང་དང་ཐཱན་ཇེ་དམའ་རུ་གཏོང་བར་བརྟན་པོའི་ངང་སྐུལ་སྤེལ་བཏང་ཡོད། ནུས་ཁུངས་བདེ་འཇགས་དང་བརྟན་བརླིང་ངང་མཁོ་འདོན་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་འགྲོ་བར་གཅིག་གྱུར་འཆར་འགོད་བྱས་པ་དང་། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ཡོང་བར་སྐུལ་འདེད་བཏང་། ནུས་ཁུངས་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ། ཕྱིར་འབུད་ཆེས་ཉུང་བའི་རྡོ་སོལ་ནུས་པ་གློག་རུ་བསྒྱུར་བ་སྟོང་ཝ་ཐེར་འབུམ་གཅིག་དང་བྱེ་བ་ལྔ་ལས་བརྒལ་བ་མངོན་འགྱུར་བྱུང་བ་དང་། ཡང་བསྐྱར་སྐྱེ་ཐུབ་པའི་ནུས་ཁུངས་ཀྱི་འཕྲུལ་ཆས་སྒྲིག་སྦྱོར་གཞི་ཁྱོན་སྟོང་ཝ་དུང་ཕྱུར་དྲུག་དང་བྱེ་བ་ལྔ་ནས་སྟོང་ཝ་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ཡན་ལ་འཕར་བ། ནུས་རྒྱུ་གཙང་མའི་འཛད་སྤྱོད་ཀྱིས་བཟུང་བའི་བསྡུར་ཚད20.8%ནས25%ཡན་ལ་འཕར་ཡོད། ཕྱོགས་ཡོངས་ནས་ཐོན་ཁུངས་གྲོན་ཆུང་གི་བྱ་བར་ཤུགས་བརྒྱབ་པ་དང་། ལྗང་མདོག་ཐོན་ལས་དང་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་བཏང་བ་དང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་རྩལ་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་ཡོད། སྐྱེ་ཁམས་མ་ལག་གི་ཐཱན་བསྡུས་ནུས་ཤུགས་མཐོར་འདེགས་བཏང་། ལྗང་མདོག་འཕེལ་རྒྱས་ལ་དངུལ་རྩས་རྒྱབ་སྐྱོར་བྱེད་པར་ཤུགས་བརྒྱབ་ཡོད། ནུས་ཁུངས་ཟད་གྲོན་ལ་དཔྱད་ཞིབ་བྱེད་སྟངས་འཐུས་ཚང་དུ་བཏང་ཡོད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་གིས་ཞུགས་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་བྱས་རྗེས་བཞག་ཡོད།
(དགུ།) དམངས་ཚིས་ལ་དངོས་གནས་འགན་སྲུང་དང་ལེགས་བཅོས་བྱས་ཏེ། སྤྱི་ཚོགས་བྱ་གཞག་གི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་མཐར་ཕྱིན་བྱས་ནས་དམངས་ཚིས་ཐད་མ་དངུལ་འཇོག་གྲངས་མུ་མཐུད་ཇེ་མང་དུ་བཏང་སྟེ། གཞི་རྩ་འགན་སྲུང་དང་། མ་མཐའི་མཚམས་ཐིག་སྲུང་བ། དྲང་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ། འཕེལ་རྒྱས་གཏོང་རིམ་ཁྲོད་དམངས་ཚིས་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
སློབ་གསོ་འདྲ་མཉམ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། ལོ་བརྒྱའི་ཇུས་ཆེན་གྱི་གཞི་རྩ་སློབ་གསོ་ཡིན། ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་གྱིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཟིན་པའི་བསྡུར་ཚད་ལོ་རེར4%ཡན་རྒྱུན་འཁྱོངས་བྱས་ཡོད་པ་དང་། སློབ་མ་རེར་ཆ་སྙོམས་གྲོན་དངུལ་གཏོང་ཚད་ཆེས་ཆེར་འཕར་ཡོད། ཞིང་སྡེའི་འོས་འགན་སློབ་གསོ་ཞན་པའི་རིམ་པ་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་ཤུགས་བརྒྱབ་པ་དང་། མཁར་གྲོང་གི་གྲངས་ཚད་ལས་བརྒལ་བའི་འཛིན་གྲྭ་ཆེན་པོ་གཞི་རྩའི་ཆ་ནས་མེད་པར་བཟོས་ཏེ། མཁར་གྲོང་དུ་ཞོར་ལས་ལ་སོང་བའི་མི་སྣའི་བུ་བུ་མོ་སློབ་གྲྭར་ཞུགས་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་དང་། འོས་འགན་སློབ་གསོ་སྲ་བརྟན་དུ་བཏང་ཚད93.8%ནས95.5%ལ་མཐོ་རུ་བཏང་ཡོད། འོས་འགན་སློབ་གསོ་དེ་རྒྱལ་ཁབ་ཀྱིས་གཅིག་གྱུར་དུ་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། དམངས་གཉེར་སློབ་གསོ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་ཚད་ལྡན་དུ་བཏང་ཡོད། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་ཁུར་པོ་ཇེ་ཡང་དུ་བཏང་། ན་གཞོན་གྱི་བདེ་ཐང་ཆུ་ཚད་མཐོར་འདེགས་བཏང་། འཚོ་བཅུད་ལེགས་བཅོས་འཆར་གཞི་རྒྱུན་མཐུད་ངང་ལག་བསྟར་བྱས་ནས་ལོ་ལྟར་སློབ་མ་བྱེ་བ་གསུམ་དང་ས་ཡ་བདུན་ལྷག་ལ་ཕན་ཁེ་ཐོབ་ཡོད། དགེ་རྒན་སྤྱི་དང་ལྷག་པར་དུ་གྲོང་གསེབ་དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་འགན་སྲུང་བྱས་ཡོད། ཐབས་ལམ་མང་པོ་ནས་བུ་བཅོལ་ཁང་མཁོ་འདོན་བྱེད་པ་ཇེ་མང་དུ་བཏང་ཡོད། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོའི་སློབ་ཞུགས་ཀྱི་ཚད90%ཡན་མཐོར་འདེགས་བྱུང་། ལས་རིགས་སློབ་གསོ་འོས་འཚམ་གྱིས་ཇེ་ཆེར་བཏང་བ་དང་ལས་རིགས་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་མུ་མཐུད་དུ་ལེགས་བཅོས་བཏང་ཡོད། མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་བཏང་ཞིང་། མཐོ་རིམ་སློབ་གསོའི་སློབ་ཞུགས་ཀྱི་ཚད45.7%ནས59.6%ལ་མཐོ་རུ་ཕྱིན་པ་དང་། མཐོ་རིམ་སློབ་གྲྭའི་སློབ་བསྡུའི་ཐད་དབུས་ནུབ་རྒྱུད་ས་ཁུལ་དང་ཞིང་སྡེ་ས་ཁུལ་ལ་གཟིགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་མཐོ་རིམ་སློབ་གྲྭའི་སློབ་མར་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་སྤྲོད་པའི་གྲངས་ཚད་ཆེས་ཆེར་མཐོར་འདེགས་བཏང་ཡོད། “རྨང་བརྟན་འཆར་གཞི”དང་རྨང་གཞིའི་རིག་ཚན་གྱི་རྩེར་སོན་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། རྨང་གཞིའི་རིག་ཚན་གྱི་རྩེར་སོན་སློབ་མ་གསོ་སྐྱོང་རྟེན་གཞི288འཛུགས་སྐྲུན་བྱས་པ་དང་། འཛམ་གླིང་གི་སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་འཛུགས་སྐྲུན་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས། ཤེས་ལྡན་མི་སྣའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ཡོད།
སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཇེ་ཆེར་བཏང་ཡོད། བདེ་ཐང་ཀྲུང་གོའི་བྱ་སྤྱོད་ཧུར་ཐག་གིས་ཁྱབ་གདལ་དང་སྐུལ་འདེད་ཟབ་མོ་བཏང་བ་དང་། གསོ་རིག་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་དེ་སྤྱི་པའི་ཐོན་རྫས་སུ་བརྩིས་ནས་དམངས་ཡོངས་ལ་མཁོ་འདོན་བྱས་ཏེ་མང་ཚོགས་ཀྱིས་སྨན་པར་སྟོན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་སྔར་ལས་ཞི་ལྷོད་དུ་བཏང་ཡོད། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཚབས་ཆེན་གྱི་འགན་བཅོལ་གྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་སྒོར450ནས་སྒོར610ལ་མཐོ་རུ་བཏང་ཡོད། མང་ཚོགས་ལ་འཕྲལ་དུ་མཁོ་བའི་སྨན་རྫས་སྔར་ལས་མང་བ་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་སུ་བཅུག་ཡོད། ཞག་སྡོད་སྨན་བཅོས་དང་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་རྒྱག་རྒྱུ་མངོན་འགྱུར་བྱུང་བས། མི་ཐེངས་བྱེ་བ་ལྔ་དང་ས་ཡ་བདུན་ལྷག་ལ་ཕན་པ་ཐོབ་ཡོད། སྨན་རྫས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཀྱིས་མང་པོ་ཉོ་སྒྲུབ་བྱ་རྒྱུ་ཁྱབ་གདལ་བཏང་ནས་འགྲོ་གྲོན་གྱི་ཁུར་པོ་སྒོར་ཁྲག་ཁྲིག་བཞི་ལྷག་ཇེ་ཡང་དུ་བཏང་ཡོད། རྒྱལ་ཁབ་གསོ་རིག་ལྟེ་གནས13བཙུགས་པ་དང་། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས76འཛུགས་སྐྲུན་བཀོད་སྒྲིག་བྱས་ཡོད། ཕྱོགས་ཡོངས་ནས་གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་བཅོས་སྒྱུར་བྱེད་པ་ཁྱབ་གདལ་བཏང་བ་དང་། རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མུ་མཐུད་དུ་མཐོ་རུ་བཏང་ཞིང་། རིམ་པ་དབྱེ་ནས་ནད་བརྟག་སྨན་བཅོས་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་ཡོད། རྒན་པ་སོགས་མི་ཚོགས་ཀྱི་སྨན་པ་བསྟེན་པའི་ཞབས་ཞུ་ཇེ་ལེགས་སུ་བཏང་། ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཡོང་བ་དང་དམངས་ཚིས་ལ་ཕན་ཐོགས་པར་སྐུལ་འདེད་བཏང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་མི་རེར་ཆ་སྙོམས་སུ་ནོར་སྲིད་ཁ་གསབ་ཚད་གཞི་སྒོར50ནས་སྒོར84ལ་མཐོ་རུ་བཏང་ཡོད། སྔོན་འགོག་གཙོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གཅོང་ནད་ཚབས་ཆེན་ལ་བདེ་ཐང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་། ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་བཅོས་སྒྱུར་དང་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཁབ་ནད་རིགས་སྔོན་འགོག་ཚོད་འཛིན་ཅུའུ་བཙུགས་ཤིང་། རིམས་ནད་ཚབས་ཆེན་འགོག་བཅོས་དང་འཕྲལ་བསྟུན་དངོས་ཟོག་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་སྟེ། མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱེད་གང་ཐུབ་བྱས་ཡོད།
སྤྱི་ཚོགས་འགན་སྲུང་དང་ཞབས་ཞུར་ཤུགས་བརྒྱབ་ཡོད། གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ཀྲུང་དབྱང་གི་སྙོམ་སྒྲིག་ལམ་ལུགས་བཙུགས་ཤིང་། ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་བསྟུད་མར་ཡར་སྤར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་མཐོ་རུ་བཏང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་། གཟིགས་སྐྱོང་གོད་གསབ། ལས་ཤོར་དང་ལས་རྨས་འགན་སྲུང་སོགས་ཀྱི་ཚད་གཞི་བརྟན་པོའི་ངང་མཐོ་རུ་བཏང་ཡོད། མི་གྲངས་རྒས་འཁོགས་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བ་དང་། རྒན་པའི་ལས་དོན་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། སྡེ་ཁུལ་དང་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་བཏང་སྟེ། ཆ་ཚང་སྒྲིག་ཆས་དང་བཀག་དངོས་མེད་པའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་། ཁྲལ་གྲོན་དང་། སྡོད་ཁང་། ཆུ་གློག་སོལ་རླངས་བཅས་ཀྱི་རིན་གོང་ཐད་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱས། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་ལ་སྐུལ་འདེད་བཏང་། ཡུན་རིང་ནད་སྐྱོང་འགན་བཅོལ་ལམ་ལུགས་ཚོད་ལྟ་བྱེད་གནས་ལ་བརྟན་པོའི་ངང་ནས་སྐུལ་འདེད་བཏང་། ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དང་ཆ་འགྲིག་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་བྱས། དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་དོ་དམ་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་ནས་འགན་སྲུང་ཆུ་ཚད་མཐོ་རུ་བཏང་ཡོད། བུད་མེད་དང་བྱིས་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་། དབང་པོ་སྐྱོན་ཅན་ལ་འགན་སྲུང་དང་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་ཆ་ཚང་དུ་བཏང་། སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་ཆ་ཚང་དུ་བཏང་བ་དང་། ཡོང་འབབ་དམའ་བའི་མི་གྲངས་ཀྱི་གནས་ཚུལ་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། དཀའ་ངལ་ལ་འཕྲད་མཁན་ཚོར་དུས་ཐོག་ཏུ་རོགས་སྐྱོར་བྱས་ནས་ལོ་རེར་ཆ་སྙོམས་སྐབས་འཕྲལ་རོགས་སྐྱོབ་མི་ཐེངས་བྱེ་བ་གཅིག་དང་ས་ཡ་གཅིག་ལ་བྱས་ཡོད་པ་དང་། མཐའ་གཅིག་ཏུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་དྲ་བ་དམ་པོར་སྲུང་ཡོད།
མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་གཏིང་ཟབ་ཏུ་སྤེལ། གསར་འགྱུར་དཔེ་སྐྲུན་དང་། རླུང་འཕྲིན་གློག་བརྙན་བརྙན་འཕྲིན། རྩོམ་རིག་སྒྱུ་རྩལ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག ཡིག་ཚགས་སོགས་ཀྱི་བྱ་གཞག་འཕེལ་རྒྱས་བཏང་བ་དང་། རིག་མཛོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། སྨྱན་སྦྱོར་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་། རྒྱལ་སྤྱིའི་སྒྲོག་སྤེལ་ཕན་ནུས་མཐོར་འདེགས་བྱས། དྲ་སྦྲེལ་གྱི་ནང་དོན་འཛུགས་སྐྲུན་ལ་ཤུགས་བརྒྱབ་པ་དང་གསར་གཏོད་བྱས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་བ་དང་། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད། རིག་གནས་དམངས་ཕན་བཟོ་སྐྲུན་ལག་བསྟར་བྱས་ཏེ། སྤྱི་པའི་དཔེ་མཛོད་ཁང་དང་། དངོས་མང་བཤམས་སྟོན་ཁང་། མཛེས་རྩལ་ཁང་། རིག་གནས་ས་ཚིགས་དང་རིག་གནས་ཁང་སོགས་སྤྱི་ཚོགས་ལ་རིན་མི་ལེན་པར་སྒོ་ཕྱེས་ཡོད། དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པར་སྐུལ་འདེད་ཟབ་མོ་བཏང་ཡོད། རྒྱལ་ཁབ་ཀྱི་ཚན་རྩལ་ཁྱབ་སྤེལ་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། ལུས་རྩལ་པ་ཚོས་འབད་བརྩོན་ཆེན་པོས་གྲུབ་འབྲས་བཟང་པོ་བླངས་པ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་རྒྱ་ཁྱབ་ཏུ་སྤེལ་ཡོད།
(བཅུ།) སྲིད་གཞུང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་སྤྱི་ཡོངས་བརྟན་བརླིང་ཡོང་བ་སྲུང་འཛིན་བྱས་ཡོད། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱེད་སྒོ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་འཁོར་སྐྱོད་སྔར་ལས་ལེགས་པ་ཡོང་བར་བྱས་ཡོད། ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྲིད་ལུགས་ཆེན་པོ་སྤྱི་ལ་སྙོམས་པར་བྱ། གཟབ་ནན་ཚད་ལྡན་དྲང་གཞག་དཔལ་ཡོན་བཅས་ཀྱི་སྒོ་ནས་ཁྲིམས་ལག་བསྟར་བྱས་ཤིང་། སྲིད་གཞུང་གི་དབང་ཆ་མི་དམངས་ལས་བྱུང་བ་དང་། དབང་ཆ་ཡོད་ཀྱང་རང་ཤེད་མི་བྱ་ལ། དབང་ཆ་སྤྱོད་པར་ངེས་པར་ལྟ་སྐུལ་དང་ལེན་ཞུ་དགོས། བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ཞིང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བཅའ་ཁྲིམས་གྲོས་གཞི50གྲོས་ཞིབ་བྱེད་པར་ཕུལ་བ་དང་། སྲིད་འཛིན་ཁྲིམས་སྲོལ་ཐེངས 180གཏན་འབེབས་དང་དག་བཅོས་བྱས་ཡོད། རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཁྲིམས་ལྟར་དང་ལེན་དང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ངང་དང་ལེན། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བཅས་བྱས་ཡོད། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ནན་ཏན་གྱིས་བསྒྲུབས་ཡོད། རྩིས་བཤེར་དང་བསྡོམས་རྩིས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་། སྲིད་དོན་ཡོངས་བསྒྲགས་རྒྱུན་མཐུད་ངང་ཟབ་སྤེལ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོ་སྤེལ་ཡོད། བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་པར་རྒྱབ་སྐྱོར་བྱས་ཡོད།
སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་སྐྲུན་བྱས་ཡོད། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་དང་། གཞི་རིམ་བཅོས་སྐྱོང་འཐུས་ཚང་དུ་བཏང་ལ། སྡེ་ཁུལ་གྱི་ཞབས་ཞུ་ཇེ་ལེགས་སུ་བཏང་བ་བཅས་བྱས་ཡོད། སྤྱི་ཚོགས་རྩ་འཛུགས་དང་། མི་ཆོས་རོགས་སྐྱོབ། སྤྱི་ཚོགས་ལས་དོན། དང་བླངས་ཞབས་ཞུ། སྤྱི་ཕན་དགེ་སྒྲུབ་སོགས་སྐྱོན་བྲལ་ངང་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱས་ཡོད། གསོག་ལུས་ཐེབས་པའི་ཡིག་བསྐུར་ངོ་བཅར་གྱི་གྱོད་དོན་འདུམ་འགྲིག་བྱེད་པར་སྐུལ་འདེད་ཟབ་མོ་བཏང་ཡོད། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་། ཟས་རིགས་སྨན་རྫས་དང་ལྷག་པར་དུ་འགོག་སྨན་ལ་ལྟ་སྐུལ་དོ་དམ་ནན་མོ་བྱས། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དམིགས་ལེགས་སྒྲིག་བྱས། འཕྲལ་བསྟུན་དོ་དམ་བཅོས་སྒྱུར་དང་དེར་ཤུགས་བརྒྱབ་པ་དང་། གནོད་འགོག་གནོད་སེལ་རྒུད་སྐྱོབ་ཀྱི་ནུས་པ་མཐོ་རུ་བཏང་ཞིང་། ཆུ་ལོག་དང་ཐན་སྐྱོན། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན། ས་གཤིས་ཀྱི་གནོད་སྐྱོན། ས་ཡོམ་སོགས་འགོག་སྲུང་དང་གནམ་གཤིས་ཀྱི་ཞབས་ཞུ་ལེགས་པར་བསྒྲུབས། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་། དྲ་རྒྱ་དང་། གཞི་གྲངས་བདེ་འཇགས། མི་སྒེར་གྱི་ཆ་འཕྲིན་བཅས་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་བརྒྱབ་ནས་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བཏང་བ་དང་། ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་སྤེལ་བ་དང་། ནག་ཚོགས་སྟོབས་ཤུགས་དང་དེའི“སྲུང་གདུགས”ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་བཅད་པས། བདེ་འཇགས་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།
འཐུས་མི་རྣམ་པ།
ལོ་ལྔའི་རིང་ལ། སྲིད་གཞུང་རིམ་པ་ཁག་གིས་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཤིང་། “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། ཏང་འཛུགས་ཀྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་བཏང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་དང་། “སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྐྱོང་རྒྱུན་འཁྱོངས་ལྷོད་མེད་བྱས། གཙོ་བོ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་དང་བཅོས་སྐྱོང་བྱས་ཤིང་། “གཞུང་གསུམ”གྲོན་དངུལ་ཆེས་ཆེར་ཇེ་ཉུང་དུ་བཏང་། སྒྲིག་སྲོལ་ལས་འགལ་ཏེ་ཁང་ཆེན་ཚོམས་ཆེན་འཛུགས་སྐྲུན་དང་ཁྲལ་སྐུང་ཁྲལ་གཡོལ་སོགས་ཀྱི་བྱ་སྤྱོད་ལ་ཉེས་ཆད་ནན་མོ་བཅད། སྤྱོད་གཙང་གི་སྲིད་གཞུང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་། སྲིད་གཞུང་གི་ལས་བྱེད་མི་སྣས་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་། ལྟ་ཞིབ་ཀྱི་ལྟ་སྐུལ། མི་དམངས་ཀྱི་ལྟ་སྐུལ་བཅས་རང་འགུལ་ངང་དང་ལེན་བྱས།
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་ཡག་པོར་སྒྲུབ་ན་དངོས་སྒྲུབ་གཙོ་བོར་བྱེད་པ་ལས་མགྱོགས་ལམ་གཞན་མེད། ལོ་ལྔའི་རིང་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་མོ་བཅས་ལག་ལེན་མཐར་ཕྱིན་བྱས་ཡོད། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། དཀའ་ངལ་ལ་མི་སྐྲག་པ་དང་དཀའ་ཚེགས་ལ་མི་འཛེམས་པར་དངོས་སྒྲུབ་ལ་བརྟེན་ནས་དམ་བཅའ་ལག་བསྟར་བྱས་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དམ་འཛིན་བྱེད་པའི་བླང་བྱ་བཏོན། དམངས་ཀྱི་འདོད་བློ་དེ་སྲིད་སྐྱོང་གི་ཁ་ཕྱོགས་སུ་བཟུང་ཞིང་། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གོ་གནས་མཐོ་ཤོས་སུ་བཞག་པ་དང་། མི་དམངས་ཀྱི་ཁེ་ཕན་ཀུན་ལས་གཙོ་བོར་བཟུང་། མང་ཚོགས་ཀྱི་འབོད་སྒྲར་ཞིབ་མོར་ཉན་ནས་མང་ཚོགས་ཀྱི་བདེ་སྡུག་མཐིལ་རྟོགས་བྱས། མི་དམངས་མང་ཚོགས་བྲེལ་བ་དང་། དཀའ་བ། སེམས་ཁུར་ཆེ་བ། རེ་སྨོན་བྱེད་པའི་གནད་དོན་ལ་ཤུགས་བརྒྱབ་ནས་ཐག་གཅོད་བྱས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ། སྟོང་བཤད་འུད་སྒྲོག་དང་། ཕྱི་ཚུལ་གྱི་བྱ་བ་སྒྲུབ་པ། ཕྱི་ཚུལ་གྱི་བཟོ་སྐྲུན་སྒྲུབ་པ། ཐ་ན་རྨོངས་ཚོད་ཀྱིས་བྱ་བ་སྒྲུབ་པ་བཅས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས། བཅོས་སྒྱུར་གྱི་བྱེད་ཐབས་དང་འབད་པ་ལྷོད་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་སེལ་བ་དང་གསོན་ཤུགས་རྒྱས་པར་བྱས། འགན་འཁུར་ཕོད་པར་སྐུལ་ལྕག་བཏང་བ་དང་། སྲིད་དོན་ལ་འདོ་མེད་དང་སྒྱིད་ལུག་བྱེད་མཁན་ཚོར་འགན་འཁྲི་རྩད་གཅོད་བྱས། མི་དམངས་མང་ཚོགས་ཀྱི་ཐོག་མའི་གསར་སྐྲུན་གྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ཤིང་། ཕྱོགས་གང་ཅིའི་ཐད་ཀྱི་བརྩོན་སེམས་སྐུལ་སློང་གང་ལེགས་བྱས་པ་མ་ཟད། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱས་ཡོད།
འཐུས་མི་རྣམ་པ།
འདས་ཟིན་པའི་ལོ་ལྔའི་རིང་། མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མི་སོགས་ཀྱི་ལས་དོན་གསར་སྐྲུན་དང་འཐུས་ཚང་དུ་བཏང་ཡོད། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་བཏང་བས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རྣམ་པ་གསར་པ་ཐོན་ཡོད། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཤིང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་རིམ་བཞིན་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་ཡོད། ཕྱིར་སྡོད་རང་མིའི་ལས་དོན་རྒྱུན་མཐུད་ངང་ལེགས་པར་བསྒྲུབས་པ་དང་། ཕྱིར་སྡོད་རང་མི་མེས་རྒྱལ་དེང་རབས་ཅན་གྱི་འཛུགས་སྐྲུན་ནང་ཞུགས་པའི་ཐུན་མོང་མ་ཡིན་པའི་དགེ་མཚན་དང་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཡོད།
ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་གལ་ཆེན་རབ་དང་རིམ་པ་ཐོབ་པ་དང་འཕོ་འགྱུར་གལ་ཆེན་རབ་དང་རིམ་པ་བྱུང་ཡོད། མི་དམངས་དམག་དཔུང་གིས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་། དམག་སྦྱོང་དམག་གྲབས་ལ་སྐུལ་འདེད་གཏིང་ཟབ་བཏང་བས་དེང་རབས་ཅན་གྱི་ཆུ་ཚད་དང་དངོས་འཐབ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། བློ་བརྟན་འགྱུར་མེད་དང་བབ་བསྟུན་གྱིས་དམག་དོན་འཐབ་རྩོད་སྤེལ་བ་དང་། མཐའ་སྲུང་འཐབ་རྩོད་དང་། མཚོ་ཐོག་གི་དབང་ཆར་སྲུང་སྐྱོང་བྱེད་པ། འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་བརླིང་སྲུང་བ། ཉེན་སེལ་རྒུད་སྐྱོབ། རིམས་ནད་འགོག་རྒོལ། ཞི་བདེ་སྲུང་སྐྱོང་དང་མཚོ་འགྲུལ་སྲུང་སྐྱེལ་སོགས་ཀྱི་ལས་འགན་གལ་ཆེན་དོན་དང་ལྡན་པར་བསྒྲུབས་པ་དང་། རྒྱལ་སྲུང་སྐུལ་སློང་གི་ནུས་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་ནུས་ལྡན་བྱས་ཡོད།
ཞང་ཀང་དང་། ཨའོ་མིན། ཐའེ་ཝན་གྱི་བྱ་བར་གྲུབ་འབྲས་གསར་པ་ཐོབ་ཡོད། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་སྟེ་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆ་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱས་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་གཏན་འབེབས་དང་ལག་བསྟར་བྱས། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་”དང་། “རྒྱལ་གཅེས་པས་ཨའོ་མོན་སྐྱོང་བ”ཡི་རྩ་དོན་དོན་འཁྱོལ་བྱས་པ་དང་། ཞང་ཀང་ཟང་ཟིང་ནས་བཅོས་སྐྱོང་དང་། བཅོས་སྐྱོང་ནས་དར་རྒྱས་སུ་འགྲོ་བའི་དུས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་ཡོད། ཀོང་ཀྲིག་དང་ཞང་ཀང་ཨའོ་མིན་གྱི་མཚོ་ཁུག་ཆེན་མོའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཞང་ཀང་དང་ཨའོ་མིན་གྱིས་དཔལ་འབྱོར་གོང་སྤེལ་དང་། དམངས་ཚིས་ལེགས་བཅོས། རིམས་ནད་སྔོན་འགོག་ཚོད་འཛིན། བརྟན་བརླིང་སྲུང་འཛིན་བཅས་བྱེད་པར་རྒྱབ་སྐྱོར་བྱས། དུས་རབས་གསར་པའི་ཏང་གི་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་མོ་ལག་ལེན་མཐར་ཕྱིན་བྱས་ཞིང་། ཁ་བྲལ་ལ་ངོ་རྒོལ་དང་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གལ་ཆེན་མཐའ་གཅིག་ཏུ་སྤེལ་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད།
ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྒྱལ་ཁབ་མང་པོར་འཚམས་འདྲིར་ཕེབས་པ་དང་། དྲ་ཐོག་དང་དྲ་ཕྱིའི་བྱེད་སྟངས་བརྒྱུད་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ75འཁོར་བའི་རིམ་པ་མཐོ་བའི་ཚོགས་འདུ་རབ་དང་རིམ་པ། ཨེ་ཤ་ཡ་ཤར་མའི་མཉམ་ལས་འགོ་ཁྲིད་པའི་ཚོགས་འདུ་རབ་དང་རིམ་པ། ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་སོགས་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་རབ་དང་རིམ་པར་ཞུགས་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏའོ་མཐོ་རིམ་གྲོས་ཚོགས་དང་། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་མོལ་ཚོགས་འདུ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གྲོས་ཚོགས་སོགས་ཚོགས་ར་གཙོ་བོའི་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་མང་པོ་བདེ་བླག་ངང་སྤེལ་ཡོད། འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པ་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་ཧུར་ཐག་གིས་རྒྱ་ཆེར་བཏང་བ་དང་། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་ཤུགས་བརྒྱབ་པ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱས་ཤིང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ནི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཆ་ནས། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་དང་ས་ཁུལ་གྱི་གླེང་བརྗོད་མང་པོའི་གནད་དོན་ཐག་གཅོད་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད།
འཐུས་མི་རྣམ་པ།
ལོ་འདི་དག་གི་རིང་རང་རྒྱལ་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པར་ཁྲིད་སྟོན་གནང་བའི་འབྲས་བུ་ཡིན་ལ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན། ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། དམངས་གཙོའི་ཏང་ཁག་སོ་སོ། མི་དམངས་ཀྱི་ཚོགས་པ་སོ་སོ། ལས་རིགས་ཁག་གི་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ་དང་། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐའེ་ཝན་གྱི་སྤུན་ཟླ། ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འཕེལ་རྒྱས་ཀྱི་གྲུབ་འབྲས་མཐོང་བ་དང་དུས་མཚུངས་སུ། ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ཤེས་རྟོགས་བྱུང་བ་ནི། རང་རྒྱལ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡིན། མིག་སྔར་འཕེལ་རྒྱས་ལ་དཀའ་ངལ་དང་འགྲན་སློང་མང་པོར་འཕྲད་ཡོད། ཕྱི་རོལ་ཁོར་ཡུག་གི་ངེས་གཏན་མེད་པའི་རང་བཞིན་ཆེ་རུ་ཕྱིན་པ་དང་། གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམས་ཐལ་ཤོར་ཚུལ་སྔར་བཞིན་ཚད་མཐོན་པོར་གནས་ཡོད། འཛམ་གླིང་གི་དཔལ་འབྱོར་དང་ཉོ་ཚོང་འཕར་སྣོན་ཡོང་བའི་སྒུལ་ནུས་ཇེ་ཞན་དུ་གྱུར། ཕྱི་ཕྱོགས་ནས་བཙན་གནོན་དང་བཀག་སྡོམ་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་སོང་ཡོད། རྒྱལ་ནང་གི་དཔལ་འབྱོར་འཕར་སྣོན་བརྟན་པོ་དང་ཡར་རྒྱས་ཡོང་བའི་རྨང་གཞི་ད་དུང་སྲ་བརྟན་དུ་གཏོང་དགོས། དགོས་མཁོ་མི་འདང་བ་ནི་སྔར་བཞིན་མངོན་གསལ་དོད་པའི་འགལ་བ་ཡིན་ཞིང་། དམངས་ཁྲོད་ཀྱི་མ་དངུལ་འཇོག་པ་དང་དམངས་གཉེར་ཁེ་ལས་ཀྱི་སྔོན་དཔག་བརྟན་པོ་མིན། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་ཁེར་གཉེར་བཟོ་ཚོང་ཁྱིམ་ཚང་མི་ཉུང་བ་ལ་དཀའ་ངལ་ཅུང་ཆེན་པོ་ཡོད་པ་དང་། ལས་ཞུགས་བརྟན་པོ་ཡོང་བའི་ལས་འགན་དཀའ་ཚེགས་ཆེ། གཞི་རིམ་ནོར་སྲིད་ཁ་ཤས་ལ་གཏོང་ཡོང་གི་འགལ་བ་ཅུང་ཆེན་པོ་འདུག ས་ཁང་བདག་ཁོངས་ཐོན་ལས་ཚོང་རའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཅུང་མང་བ་དང་། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་ཁ་ཤས་ཀྱི་ཉེན་ཁ་ཕྱིར་མངོན་ཡོད། འཕེལ་རྒྱས་ཀྱི་ཐད་ལ་སྔར་བཞིན་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་མི་ཉུང་བ་གནས་ཡོད། ཚན་རྩལ་གསར་སྐྲུན་ནུས་པ་ད་དུང་ཆེན་པོ་མི་འདུག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་ལྕི་ལ་དུས་ཡུན་རིང་བ་རེད། གནོད་འགོག་གནོད་སེལ་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སྔར་བཞིན་ཞན་པ་མངོན་གསལ་རེད། དམངས་ཚིས་ཁྱབ་ཁོངས་འགའ་ཤས་ལ་ཆད་སྐྱོན་མི་ཉུང་བ་གནས་ཡོད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་སྔར་བཞིན་མངོན་གསལ་དོད་པོ་ཡིན་པ་དང་། ས་གནས་ཁ་ཤས་ཀྱི་སྲིད་ཇུས་ཀྱིས“གཅིག་དཔེ་བརྒྱ་འགེབས”ལག་བསྟར་བྱེད་པ་དང་། གཅིག་ཐོག་གཉིས་རྩེག་བྱེད་བཞིན་འདུག ལས་བྱེད་པ་ལ་ལས་བྱ་བ་མི་སྒྲུབ་པ་དང་། བྱ་བ་གང་བྱུང་སྒྲུབ་པ། ལས་སླ་མོར་སྒྲུབ་པ། དོན་དངོས་དང་ཁ་བྲལ་བ། མང་ཚོགས་ཀྱི་འདོད་བློ་དང་འགལ་བ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྣང་མེད་དུ་འཇོག་པ་སོགས་ཀྱི་གནད་དོན་གནས་ཡོད། ཁྱབ་ཁོངས་དང་། ལས་རིགས། ས་གནས་བཅས་ཁ་ཤས་སུ་རུལ་སུངས་ཀྱི་སྣང་ཚུལ་སྐབས་འགར་འབྱུང་བཞིན་ཡོད། མི་དམངས་མང་ཚོགས་ལ་སྲིད་གཞུང་གི་ལས་དོན་ཐད་ད་དུང་བསམ་འཆར་དང་གྲོས་འགོ་ཁ་ཤས་ཡོད་པར་མཐོང་ཆེན་བྱེད་དགོས། གནད་དོན་དང་འགྲན་སློང་ལ་ཐད་ཀར་གདོང་གཏད་ནས་ནུས་ཤུགས་ཡོད་རྒུས་སྲིད་གཞུང་གི་བྱ་བ་ཇེ་ལེགས་སུ་བཏང་སྟེ། མི་དམངས་ཀྱི་མངགས་བཅོལ་ཆེན་པོ་སྟོང་ཟད་དུ་གཏོང་མི་རུང་།
གཉིས། ད་ལོའི་སྲིད་གཞུང་བྱ་བར་བཏོན་པའི་གྲོས་འགོ།
ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་འགོ་རྩོམ་པའི་ལོ་ཡིན། སྲིད་གཞུང་གི་བྱ་བ་ལེགས་པོར་བསྒྲུབ་ན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་ནས། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སུ་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྔར་ལས་ལེགས་པར་གཅིག་གྱུར་འཆར་འགོད་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་ལེགས་པར་གཅིག་གྱུར་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལེགས་པར་གཅིག་གྱུར་འཆར་འགོད་བྱེད་དགོས། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་ཚོང་རའི་ཡིད་ཆེས་ཆེ་རུ་སྐྱེད་དགོས། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། དངོས་ཟོག་གི་རིན་གོང་བརྟན་པོ་བཅས་ཀྱི་ལས་ཀ་དམིགས་སུ་བཀར་ནས་ལེགས་པར་བསྒྲུབ་དགོས། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ལེགས་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། སྤུས་ཚད་ཕན་འབྲས་ལྡན་པའི་མཐོར་འདེགས་དང་གྲངས་འབོར་འོས་འཚམ་གྱིས་འཕར་སྣོན་ཡོང་བ་མངོན་འགྱུར་བྱེད་པ་དང་། དམངས་ཚིས་མུ་མཐུད་དུ་ལེགས་བཅོས་བྱེད་དགོས། སྤྱི་ཚོགས་སྤྱི་ཡོངས་བརྟན་བརླིང་ཡོང་བ་སྲུང་འཛིན་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་རྩོམ་པ་དང་གོམ་སྟབས་ཡག་པོ་སྤོ་དགོས།
ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར5%ཡས་མས་འཕར་བར་བྱ་རྒྱུ། མཁར་གྲོང་གི་ལས་ཞུགས་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཉིས་ཡས་མས་གསར་དུ་འཕར་བ་དང་། མཁར་གྲོང་དུ་བརྟག་དཔྱད་བྱས་པའི་ལས་ཤོར་ཚད5.5%ཡས་མས་ལ་བསླེབ་པར་བྱ་རྒྱུ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་སུ་བསླེབ་དུ་འཇུག་རྒྱུ་ཡིན་པ་དང་། སྡོད་དམངས་ཀྱི་ཡོང་སྒོ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་སུ་བསླེབ་ཏུ་འཇུག་རྒྱུ། ཕྱིར་གཏོང་ནང་འདྲེན་གྱི་བརྟན་འཇགས་སྐུལ་འདེད་དང་སྤུས་ཚད་མཐོར་འདེགས་གཏོང་བ་དང་། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བར་བྱ་རྒྱུ། འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་ཡན་ལ་སྲུང་འཛིན་བྱ་རྒྱུ། རྩིས་གཞི་རེའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་དང་སྦགས་བཙོག་དངོས་རིགས་གཙོ་བོའི་ཕྱིར་འབུད་ཚད་མུ་མཐུད་དུ་མར་ཆག་པ་དང་། འགྱུར་རྡོའི་ནུས་ཁུངས་འཛད་སྤྱོད་གཙོ་གནད་དུ་ཚོད་འཛིན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་ལེགས་བཅོས་བྱ་རྒྱུ།
བརྟན་པོ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་གནས་དང་། ངེས་གཏན་མེད་ཅིང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་ཕྱིན་པར་དམིགས་ཏེ། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་བརླིང་རང་བཞིན། དམིགས་གཏད་རང་བཞིན་བཅས་སྲུང་འཛིན་བྱེད་དགོས། སྲིད་ཇུས་སྣ་ཚོགས་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་རྒྱག་པ་བཅས་བྱས་ནས་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིལ་ཤུགས་ཆགས་པར་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལ་ཤུགས་འདོན་པ་དང་ཕན་འབྲས་མཐོར་འདེགས་གཏོང་དགོས། མཚལ་ཡིག་གི་ཚད3%ལྟར་བཀོད་སྒྲིག་བྱེད་རྩིས་ཡོད། ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཁྲལ་རིན་གཉིས་གཅོག་དང་། ཁྲལ་སློག་ཁྲལ་འགྱངས་སོགས་ཀྱི་བྱེད་ཐབས་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་དགོས་པའི་རིགས་ཇེ་རིང་དུ་གཏོང་བ་དང་། ལེགས་སྒྱུར་བྱེད་དགོས་པའི་རིགས་ལེགས་སྒྱུར་བྱེད་དགོས། གཞི་རིམ་གྱི“འགན་སྲུང་གསུམ”གྱི་བྱ་བ་ཡག་པོར་བསྒྲུབ་དགོས། གཟབ་བརླིང་བརྟན་གསུམ་གྱི་དངུལ་ལོར་སྲིད་ཇུས་ནི་གནད་ལ་འཁེལ་ཞིང་ནུས་ལྡན་ཡིན་དགོས། ཁྱབ་ཆེའི་དངུལ་ལོར་འགྲེམ་གྲངས་དང་སྤྱི་ཚོགས་ཀྱི་མ་དངུལ་མཉམ་འདྲེས་གཞི་ཁྱོན་འཕར་ཚད་དང་མིང་ཐོག་གི་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་ཆ་མཚུངས་ཡོང་བ་སྲུང་འཛིན་བྱེད་དགོས་པ་དང་། དངོས་ཕུང་དཔལ་འབྱོར་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱེད་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་སྲུང་འཛིན་བྱེད་དགོས། ཐོན་ལས་སྲིད་ཇུས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་མཉམ་སྤེལ་བྱེད་དགོས། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཐོན་ལས་སྦྲེལ་ཐག་གི་ཉམས་ཞན་ཡིན་པའི་རིམ་པར་ཤུགས་བརྒྱབ་ནས་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། ཚན་རྩལ་སྲིད་ཇུས་ཀྱིས་རང་སྟོབས་རང་སྤེལ་ལ་དམིགས་དགོས་ལ། རྒྱལ་སྤྱིའི་མཉམ་ལས་ཀྱང་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཡོངས་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒྲིག་སྲོལ་དཔེ་གསར་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་མཁྲེགས་གཏོར་ཁྲོད་ཀྱི་སྲིད་གཞུང་གི་རྩ་འཛུགས་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཁེ་ལས་ཀྱི་ཚན་རྩལ་གསར་སྐྲུན་གྱི་བྱེད་པོའི་གོ་གནས་ལ་རྒྱབ་སྐྱོར་དང་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། ཚན་རྩལ་ཤེས་ལྡན་མི་སྣ་དང་ཚོགས་པ་སྐྱེད་སྲིང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་སྲིད་ཇུས་ཀྱིས་དམངས་ཚིས་མ་མཐའི་མཚམས་ཐིག་བརྟན་པོར་སྲུང་དགོས། ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་སྲིད་ཇུས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། གཞོན་ནུ་སྤྱི་དང་ལྷག་པར་དུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བར་སྐུལ་འདེད་གཏོང་རྒྱུ་དེ་སྔར་ལས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གཞི་རྩའི་དམངས་ཚིས་དངོས་གནས་འགན་སྲུང་བྱེད་དགོས།
མིག་སྔར་རང་རྒྱལ་གྱི་པྲོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་དེ”ཁ་པའི་རིགས་ཁ་པ་ལྟར་དོ་དམ”བྱེད་པའི་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་གྱི་དུས་མཚམས་སུ་སླེབས་ཡོད་པས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཕྱོགས་ཡོངས་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག སྔར་ལས་ཚན་རིག་དང་མཐུན་པ་དང་། གནད་ལ་འཁེལ་བ། ཕན་ནུས་ཆེ་བ་བཅས་ཀྱི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱ་བ་ཡག་པོར་བསྒྲུབ་དགོས་པ་དང་། བདེ་ཐང་ལ་འགན་སྲུང་དང་ནད་གཞི་ལྗིད་མོ་སྔོན་འགོག་བྱ་རྒྱུར་དམིགས་ཏེ། རྒན་པ་དང་། བྱིས་པ། རྨང་གཞིའི་རང་བཞིན་གྱི་ནད་རིགས་བྱུང་བའི་མི་ཚོགས་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་སྲོག་སྐྱོབ་གཙོ་གནད་དུ་བཟུང་སྟེ་ལེགས་པར་བསྒྲུབ་དགོས། རིམས་ནད་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཆུ་ཚད་མཐོར་འདེགས་དང་། འགོག་སྨན་རིམ་འཇུག་རིམ་སྤོར་དང་སྨན་གསར་ཞིབ་བཟོ་བྱེད་པར་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱིས་སྨན་པར་སྟོན་པ་དང་སྨན་སྤྱོད་པའི་དགོས་མཁོར་དངོས་གནས་འགན་སྲུང་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།
ད་ལོ་ནི་སྲིད་གཞུང་སྐབས་བརྗེ་བའི་ལོ་ཡིན་པས་གོང་དུ་སྙན་ཞུ་ཕུལ་བའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ཁྱབ་ཁོངས་མང་པོ་དང་ཕྱོགས་ཁག་གི་བྱ་བ་ལ་ཕྱིན་ཆད་ད་དུང་འབད་བརྩོན་ལྷོད་མེད་བྱེད་དགོས་ཤིང་། གཤམ་དུ་གཙོ་གནད་འགའ་ཤས་མདོར་བསྡུས་ནས་བརྗོད་རྒྱུ་ཡིན།
(གཅིག) རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་པར་ཤུགས་སྣོན་དགོས། འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་གཏོང་རྒྱུ་དེ་དམིགས་བསལ་གྱི་གོ་གནས་སུ་འཇོག་དགོས། ཐབས་ལམ་མང་པོའི་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་དགོས། རླངས་འཁོར་སོགས་འཛད་སྤྱོད་ཆེ་གྲས་བརྟན་པོ་ཡོང་བར་བྱེད་པ་དང་། བཟའ་བཏུང་དང་། རིག་གནས། ཡུལ་སྐོར། ལུས་རྩལ་སོགས་འཚོ་བའི་ཞབས་ཞུའི་འཛད་སྤྱོད་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། སྲིད་གཞུང་གི་དངུལ་གཏོང་དང་སྲིད་ཇུས་ཀྱི་བསྔགས་སྐུལ་གྱིས་སྤྱི་ཚོགས་ཡོངས་ཀྱི་དངུལ་གཏོང་ལ་སྐུལ་ཁྲིད་ནུས་ལྡན་བྱེད་དགོས་པ་དང་། ད་ལོར་ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་སྒོར་ཁྲག་ཁྲིག་ཆེན་མོ་གསུམ་དང་ཁྲག་ཁྲིག་བརྒྱད་བཀོད་སྒྲིག་བྱེད་རྩིས་ཡོད་ཅིང་། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”བཟོ་སྐྲུན་ཆེན་མོ་གང་མགྱོགས་སྒོས་ལག་བསྟར་བྱས་ཤིང་། གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་སྤེལ་དགོས། ས་ཁོངས་བར་གྱི་དགེ་མཚན་གསབ་རེས་དང་སོ་སོའི་དགེ་མཚན་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། རིམས་ནད་ཀྱི་ཕོག་ཐུག་ཅུང་ཚབས་ཆེན་ཡིན་པའི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་ཁྲོད་ཀྱི་མ་རྩ་སྔར་ལས་མང་པོ་རྒྱལ་ཁབ་ཀྱི་བཟོ་སྐྲུན་ཆེན་མོ་དང་ཆད་སྐྱོན་གསབ་པའི་ལས་གཞི་འཛུགས་སྐྲུན་ནང་ཞུགས་པར་བསྔགས་སྐུལ་དང་འགུག་ཐབས་བྱས་ནས་དམངས་ཁྲོད་ཀྱི་དངུལ་གཏོང་གི་གསོན་ཤུགས་འཕེལ་བར་བྱེད་དགོས།
(གཉིས།) དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། ཐོན་ལས་གོང་སྤེལ་ལ་ཚན་རྩལ་གསར་སྐྲུན་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐོན་ལས་ཀྱི་ཕྲེང་སྣོན་ཕྲེང་གསབ་བྱ་སྤྱོད་རྒྱུན་མཐུད་དུ་སྤེལ་དགོས། བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་སྦྲེལ་ཐག་ལ་དམིགས་ནས་ཐོན་ཁུངས་སྤུས་ལེགས་གཅིག་སྡུད་ཀྱིས་སྒྲིལ་ཤུགས་བསྐྱེད་དེ་འགག་རྩ་དང་སྲོག་ཤིང་གི་ལག་རྩལ་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ་དང་། གསར་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་གང་ལེགས་བྱེད་དགོས། ནུས་ཁུངས་དང་གཏེར་རྫས་ཐོན་ཁུངས་གལ་ཆེན་རྒྱལ་ནང་དུ་རྩད་ཞིབ་གསར་སྤེལ་དང་གསོག་འཇོག་འཕར་སྣོན་བྱེད་པར་ཤུགས་རྒྱག་པ་དང་། སྲོལ་རྒྱུན་གྱི་ཐོན་ལས་དང་ཁེ་ལས་འབྲིང་ཆུང་གྲངས་ཀ་ཅན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་དགོས། མདུན་གྲལ་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ཁྱབ་གདལ་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་ལ་སྐུལ་འདེད་གཏོང་དགོས། ཕན་ནུས་ཆེ་ཞིང་ཐོགས་པ་མེད་པའི་དངོས་ཟོག་སྐྱེལ་འདྲེན་མ་ལག་འཛུགས་དགོས། གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་སྣོན་པ་དང་། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱེད་དགོས།
(གསུམ།) “གཡོ་འགུལ་གཏན་ནས་མེད་པ་གཉིས”དངོས་གནས་དོན་འཁྱོལ་བྱེད་དགོས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། རིགས་དབྱེ་བཅོས་སྒྱུར་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། གཞུང་ཁོངས་ཁེ་ལས་ཀྱི་དཔལ་འབྱོར་འགན་འཁྲི་དང་སྤྱི་ཚོགས་འགན་འཁྲིའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་དེང་རབས་ཀུང་སི་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས། དམངས་གཉེར་ཁེ་ལས་ཀྱི་ཐོན་དབང་དང་ཁེ་ལས་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོབ་བྱེད་པ་དང་། འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་ཁེར་གཉེར་བཟོ་ཚོང་ཁྱིམ་ཚང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། མཛའ་མཐུན་ལྷད་མེད་ཀྱི་སྲིད་ཚོང་འབྲེལ་བ་འཛུགས་པ་དང་། དབང་བའི་ལམ་ལུགས་མི་འདྲ་བ་ཁག་གི་ཁེ་ལས་ལ་འགྲན་རྩོད་དྲང་གཞག་དང་འཕེལ་རྒྱས་ཡར་འགྲན་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་ཏེ། བྱེད་ཐབས་དངོས་ཀྱི་ཐོག་ནས་ཚོང་རའི་སྔོན་དཔག་གཏན་འཇགས་སུ་གཏོང་བ་དང་ཚོང་རའི་ཡིད་ཆེས་ཆེ་རུ་སྐྱེད་དགོས།
(བཞི།) ཕྱི་རྒྱལ་གྱི་མ་དངུལ་འགུག་ཐབས་དང་བཀོལ་སྤྱོད་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། ཚོང་རར་ཞུགས་འཐུས་རྒྱ་ཆེ་རུ་གཏོང་བ་དང་། དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ཁྱབ་ཁོངས་སྒོ་འབྱེད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཐང་དོན་འཁྱོལ་ཡག་པོ་བྱེད་དགོས། ཕྱོགས་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་རོགས་ཟླའི་འབྲེལ་བའི་གྲོས་མཐུན(CPTPP)སོགས་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་གི་གྲོས་མཐུན་ལ་ཞུགས་པར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། འབྲེལ་ཡོད་སྒྲིག་སྲོལ་དང་། སྲོལ་ལུགས། དོ་དམ། ཚད་གཞི་སོགས་ལ་རང་འགུལ་གྱིས་ཚད་བསྡུར་བྱེད་པ་དང་། ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་འཇགས་སྒོས་རྒྱ་སྐྱེད་དགོས། ས་ཁོངས་སྒོ་འབྱེད་ཀྱི་བཀོད་པ་ལེགས་སྒྱུར་བྱས་ཏེ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་མཐོར་འདེགས་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དང་གསར་སྤེལ་ཁུལ་སྣ་ཚོགས་སོགས་སྒོ་འབྱེད་ལས་སྟེགས་ཀྱིས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཕྱིར་གཏོང་ནང་འདྲེན་གྱིས་དཔལ་འབྱོར་ལ་འདེགས་སྐྱོར་བྱེད་པའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱེད་དགོས། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ལ་ཞབས་ཞུའི་ལས་ཀ་ཡག་པོ་སྒྲུབ་པ་དང་། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་མཚོན་བྱེད་རང་བཞིན་གྱི་ལས་གཞི་དོན་ཐོག་ཏུ་འཁྱོལ་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། སྒོ་འབྱེད་ཀྱི་ཀྲུང་གོའི་ཚོང་ར་ཆེན་མོས་རྒྱལ་ཁབ་ཁག་གི་ཁེ་ལས་ཀྲུང་གོ་རུ་འཕེལ་རྒྱས་འགྲོ་བར་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱེད་ངེས།
(ལྔ།) དཔལ་འབྱོར་དང་དངུལ་རྩའི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱེད་དགོས། དངུལ་རྩའི་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་འཐུས་ཚང་དུ་གཏོང་བ། ཕྱོགས་སོ་སོའི་འགན་འཁྲི་ནན་དཀྲི་བཅས་བྱས་ཏེ། ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་ཆགས་པར་བཀག་འགོག་བྱེད་དགོས། ཕན་འབྲས་ལྡན་པའི་སྒོ་ནས་སྤུས་ལེགས་མགོ་སྣེ་ས་ཁང་བདག་ཁོངས་ཁེ་ལས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པ་དང་། མ་རྩའི་བུ་ལོན་གྱི་གནས་ཚུལ་ལེགས་བཅོས་བྱས་ཏེ། གོ་རིམ་མེད་པར་རྒྱ་སྐྱེད་གཏོང་བ་བཀག་འགོག་བྱེད་དགོས། ས་ཁང་བདག་ཁོངས་ཀྱི་ཐོན་ལས་བརྟན་པོའི་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པ་དང་། བུ་ལོན་འཁུར་བའི་དུས་ཡུན་གྱི་གྲུབ་ཚུལ་ལེགས་སྒྱུར་བྱེད་དགོས། སྐྱེད་ཀའི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་། གྲངས་འབོར་འཕར་བར་བཀག་འགོག་དང་བསགས་འབོར་སེལ་དགོས།
(དྲུག) འབྲུ་རིགས་ཐོན་སྐྱེད་བརྟན་པོར་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་དགོས། ཞིང་ལས་དེང་རབས་ཅན་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། འབྲུ་རིགས་འདེབས་ཁྱོན་བརྟན་པོར་གཏོང་བ་དང་། སྣུམ་རྒྱུ་ཐོན་སྐྱེད་དམ་འཛིན་ཡག་པོ་བྱེད་པ། རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་ཕྲག་གི་ཐོན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བཅས་བྱེད་དགོས། ཞིང་ལས་རྒྱུ་ཆས་མཁོ་འདོན་ལ་འགན་སྲུང་དང་དངོས་གོང་བརྟན་པོར་གཏོང་བར་ཁ་གཏད་འཇལ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨོ་ཞིང་གི་ཆུ་བེད་དང་ཚད་གཞི་མཐོ་བའི་རྨོ་ཞིང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། འདེབས་གསོ་ལས་རིགས་དར་སྤེལ་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲུ་རིགས་འདེབས་མཁན་ཞིང་པའི་ཡོང་འབབ་འགན་སྲུང་ལམ་སྲོལ་དང་གཙོ་ཐོན་ཁུལ་གྱི་ཁེ་ཕན་ཁ་གསབ་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཟས་རིགས་ཆེན་པོའི་ལྟ་བ་འཆང་ནས་སྣ་མང་ཅན་གྱི་ཟས་རིགས་འདོན་སྤྲོད་མ་ལག་འཛུགས་དགོས། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་པའི་ཡོང་སྒོ་འཕར་བ་དང་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གཞི་ཁྱོན་རང་བཞིན་གྱི་སྒོ་ནས་ཡང་བསྐྱར་དབུལ་བོར་འགྱུར་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས། ས་ཞིང་འགན་གཙང་ལེན་པའི་དུས་ཡུན་སླར་ཡང་ལོ30ལ་ཇེ་རིང་དུ་གཏོང་བའི་སྐོར་གྱི་རྒྱལ་ཁབ་ཀྱི་སྲིད་ཇུས་དེ། ངེས་པར་དུ་ལས་ཀ་ཞིབ་ཚགས་ལ་བརྟེན་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས།
(བདུན།) འཕེལ་རྒྱས་གཏོང་སྟངས་དེ་ལྗང་མདོག་གི་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་ཟབ་མོ་གཏོང་དགོས། འབབ་རྒྱུད་དུ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་ཉམས་གསོའི་བཟོ་སྐྲུན་ཆེན་མོ་རྒྱུན་མཐུད་ངང་ལག་བསྟར་བཅས་བྱེད་དགོས། ནུས་ཁུངས་གཙང་མ་དང་ལས་ཆོད་ཆེན་པོའི་སྒོ་ནས་བེད་སྤྱོད་དང་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་གསར་པའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། ཡང་བསྐྱར་སྐྱེ་ཐུབ་པའི་ནུས་ཁུངས་ཀྱི་བསྡུར་ཚད་མཐོར་འདེགས་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་དངུལ་རྩའི་ཡོ་བྱད་འཐུས་ཚང་དུ་གཏོང་བ་དང་། འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཇེ་ཉུང་དུ་གཏོང་བ། བཙོག་སྐྱོན་ཇེ་ཉུང་དུ་གཏོང་བར་སྐུལ་འདེད་བཏང་ནས་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོབ་བྱེད་པའི་དམག་འཐབ་རྒྱུན་མཐུད་ངང་ཡག་པོར་རྒྱག་དགོས།
(བརྒྱད།) གཞི་རྩའི་དམངས་ཚིས་འགན་སྲུང་དང་སྤྱི་ཚོགས་ཀྱི་ལས་དོན་འཕེལ་རྒྱས་གཏོང་དགོས། སྡོད་ཁང་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁང་བ་ཉེར་མཁོ་ཅན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་བྱས་ཏེ། གྲོང་མི་གསར་པ་དང་ན་གཞོན་སོགས་ཀྱི་སྡོད་ཁང་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། གཞིས་ཁུལ་རྙིང་པ་དང་སྡོད་ཁང་ཉེན་ཁ་ཅན་བསྒྱུར་བཀོད་ལ་སྐུལ་འདེད་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་ངང་འཕེལ་རྒྱས་འགྲོ་བ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སློབ་སྔོན་སློབ་གསོ་དང་དམིགས་བསལ་སློབ་གསོ་ཀུན་ཕན་གོང་སྤེལ་ཡོང་བར་སྐུལ་འདེད་གཏོང་བ། ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མཐོ་རིམ་སློབ་གསོ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་སློབ་གྲྭ་ཆེན་མོ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ལུས་རྩལ་དང་སློབ་གསོ་མཉམ་འདྲེས་ཟབ་མོ་ཡོང་བར་བྱེད་དགོས། གསོ་རིག་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། སྨན་བཅོས་འགན་བཅོལ་དང་། སྨན་བཅོས། གསོ་རིག་སྨན་རྫས་བཅས་མཐུན་སྦྱོར་ངང་གོང་འཕེལ་དང་བཅོས་སྐྱོང་ཡོང་བར་སྐུལ་འདེད་གཏོང་དགོས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཤོང་སྐྱེད་གཤམ་སྤོ་དང་ས་ཁོངས་བཀོད་སྒྲིག་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་དར་སྤེལ་གོང་འཕེལ་གཏོང་བའི་བཟོ་སྐྲུན་ཆེན་མོ་ལག་བསྟར་བྱེད་དགོས། སེམས་ཁམས་བདེ་ཐང་དང་སེམས་ཁམས་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་དགོས། མི་གྲངས་རྒན་འཁོགས་ཅན་ལ་ཁ་གཏད་ཧུར་ཐག་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་དགོས། རྒན་གསོའི་ཞབས་ཞུ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བུ་བཙའ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། བུད་མེད་དང་། བྱིས་པ། རྒན་པ། དབང་པོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། དམག་མི་དང་དམག་མིའི་ནང་མི། དམག་ཁོངས་ལས་ཕྱིར་བུད་པའི་དམག་མི། གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ལ་གཟིགས་སྐྱོང་གོད་གསབ་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས། རིག་གནས་བྱ་གཞག་དང་ཐོན་ལས་དར་སྤེལ་གོང་འཕེལ་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས། ཉེན་ཁ་མེད་པའི་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་དང་གནོད་འགོག་གནོད་སེལ་རྒུད་སྐྱོབ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།
སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་བྱེད་ཤུགས་རིམ་གྱིས་ཆེ་རུ་བཏང་སྟེ། རྒྱུན་མཐུད་དུ་སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་། སྒྲིག་གཞི་བཅོས་སྒྱུར་ཇེ་ལེགས་སུ་གཏོང་བ། ཁྲིམས་སྐྱོང་གི་སྲིད་གཞུང་དང་། གསར་སྐྲུན་གྱི་སྲིད་གཞུང་། སྤྱོད་གཙང་གི་སྲིད་གཞུང་། ཞབས་ཞུ་ཅན་གྱི་སྲིད་གཞུང་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། དངོས་དོན་སྒྲུབ་པའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་པའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་ནས་སྲིད་འཛིན་ལས་ཆོད་དང་སྤྱི་པའི་ཡིད་རྟོན་ཐོབ་ནུས་མཐོར་འདེགས་གཏོང་དགོས།
འཐུས་མི་རྣམ་པ།
ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་ཐིག་ཏུ་བཟུང་སྟེ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། མི་རིགས་སོ་སོ་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱེད་དགོས། ཕྱིར་སྡོད་རང་མིའི་བྱ་བར་ཤུགས་རྒྱག་པ་དང་ལེགས་བཅོས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོས་བློ་སེམས་གཅིག་མཐུན་གྱིས་འབད་འཐབ་དང་། འོད་སྟོང་འབར་བའི་བྱ་གཞག་མཉམ་དུ་གཏོད་པའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱེད་དགོས།
ང་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་དགོས། དམག་དཔུང་བཙུགས་ནས་ལོ་བརྒྱ་འགོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ཏེ། འཐབ་རྩོད་བྱེད་ཞོར་དང་། དམག་གྲབས་བྱེད་ཞོར། འཛུགས་སྐྲུན་བྱེད་ཞོར་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་སོ་སོ་ལེགས་འགྲུབ་ཡག་པོ་བྱེད་དགོས། དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་པ་དང་། དམག་དོན་འཐབ་ཇུས་ཀྱི་མཛུབ་སྟོན་གསར་སྐྲུན་བྱེད་དགོས། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་དམ་འཛིན་ཤུགས་ཆེན་བྱེད་པ་དང་། ཕྱོགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་དམག་དོན་འཐབ་རྩོད་གཅིག་འདོམས་ཀྱིས་དམ་འཛིན་ཡག་པོ་བྱེད་དགོས། ཕྱོགས་ཡོངས་ནས་དམག་དོན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་བྱས་པའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ལས་འགན་གལ་ཆེན་འཐབ་འཛུགས་གྲབས་གསུམ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྲུང་འཕེལ་རྒྱས་ཀྱི་བཟོ་སྐྲུན་ཆེན་མོ་ལག་བསྟར་མགྱོགས་པོ་བྱེད་དགོས། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་ཀྱི་མ་ལག་དང་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་ཟབ་སྤེལ་བཏང་སྟེ། སྲིད་གཞུང་རིམ་པ་ཁག་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་།“གཉིས་བཀུར”གྱི་བྱེད་སྒོ་གཏིང་ཟབ་སྒོས་སྤེལ་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་ལེའུ་གསར་པ་རྩོམ་དགོས།
ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་པས་ཞང་ཀང་སྐྱོང་བ།” “ཨའོ་མིན་པས་ཨའོ་མིན་སྐྱོང་བ།”ཚད་མཐོའི་རང་སྐྱོང་བྱེད་པ་བཅས་ཀྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་ཆ་ཚང་ཞིང་གནད་ལ་འཁེལ་བ་བྱེད་དགོས་ཤིང་། ཁྲིམས་ལྟར་ཞང་ཀང་དང་ཨའོ་མིན་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ཅན་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་ལ། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་”དང་། “རྒྱལ་གཅེས་པས་ཨའོ་མིན་སྐྱོང་བ་”ཡི་རྩ་དོན་དོན་འཁྱོལ་བྱེད་དགོས། ཞང་ཀང་དང་ཨའོ་མིན་གྱིས་དཔལ་འབྱོར་གོང་སྤེལ་དང་དམངས་ཚིས་ལེགས་སྒྱུར་བྱེད་པར་རྒྱབ་སྐྱོར་དང་། ཞང་ཀང་དང་ཨའོ་མིན་ཡུན་རིང་དར་རྒྱས་དང་བརྟན་བརླིང་ཡོང་བར་རྒྱབ་སྐྱོར་བྱེད་དགོས།
ང་ཚོས་དུས་རབས་གསར་པའི་ཏང་གི་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་མོ་ལག་ལེན་མཐར་ཕྱིན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང་“གོ་གཉིས་ལོའི་ཐུན་མོང་ངེས་ཟིན”རྒྱུན་འཁྱོངས་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས“རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ནི་ཤ་རུས་གདུང་རྒྱུད་གཅིག་ཡིན་པས། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐའེ་ཝན་སྤུན་ཟླའི་བདེ་རྩ་ཆེ་རུ་གཏོང་བའི་ལམ་ལུགས་དང་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་ལ། མཚོ་འགག་འགྲམ་གཉིས་ཀྱིས་མཉམ་དུ་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བ་དང་། བློ་སེམས་གཅིག་མཐུན་གྱིས་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་མཉམ་དུ་སྒྲུབ་དགོས།
ང་ཚོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དགོས། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་རྒྱལ་ཁབ་སོ་སོ་དང་མཛའ་མཐུན་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་འཛུགས་སྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་བྱེད་དགོས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པར་སྐུལ་འདེད་གཏོང་བ། འཛམ་གླིང་གི་ཞི་བདེ་དང་ས་ཁུལ་གྱི་བརྟན་བརླིང་སྲུང་སྐྱོང་བཅས་བྱེད་འདོད་ཡོད།
འཐུས་མི་རྣམ་པ།
འབད་འཐབ་བྱས་ན་གྲུབ་འབྲས་འོད་སྟོང་འབར། དངོས་སྒྲུབ་བྱས་ན་མ་འོངས་རྣམ་པར་རྒྱལ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་སྟེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞུམ་མེད་མདུན་སྐྱོད་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་ཆེད་དང་། རང་རྒྱལ་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

འབྲེལ་ཡོད་འོས་སྦྱོར།