མཚོ་ལྷོ་ཁུལ་གྱིས་ནང་བསྟན་སྲོལ་ཡིག་བཟོ་བཅོས་སྐོར་གྱི་གྲོས་ཚོགས་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-05-17
ཀློག་གྲངས།:
མཚོ་ལྷོ་ཁུལ་གྱིས«མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་གྱི་ལས་དོན་སྲོལ་ཡིག»བཟོ་བཅོས་རྒྱག་པའི་བསམ་འཆར་དང་གྲོས་འགོའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
ཉེ་སྔོན། ཁུལ་དམངས་ཆེན་མི་རིགས་དང་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས«མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་གྱི་ལས་དོན་སྲོལ་ཡིག»(གཤམ་དུ«སྲོལ་ཡིག»ཅེས་བསྡུ་རྒྱུ)བཟོ་བཅོས་རྒྱག་པའི་བསམ་འཆར་དང་གྲོས་འགོའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཁུལ་དམངས་ཆེན་མི་རིགས་དང་སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་རྒྱ་ཆོས་ཀྱིས་ཚོགས་འདུར་མགོ་འཛིན་གནང་།
ཚོགས་འདུའི་ཐོག་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དཔལ་འབྲུག་འབུམ་གྱིས«སྲོལ་ཡིག»བཟོ་བཅོས་མ་བྱས་གོང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གཏིང་ཟབ་པའི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ། འབྲེལ་ཡོད་ཀྱི་བཅའ་ཁྲིམས་སྒྲིག་སྲོལ་ལེགས་སྒྲིག་དང་འཚོལ་བསྡུ་བཅས་བྱས་ཏེ། «སྲོལ་ཡིག»གི་དོན་ཚན་རེ་རེ་བཞིན་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཚོགས་འདུར་ཞུགས་མཁན་གྱི་ཕྱོགས་ཁག་གིས་ཆོས་ལུགས་ལས་དོན་གྱི་དོ་དམ་ཚད་ལྡན་ཅན་དུ་གཏོང་རྒྱུ་དང་ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་སོགས་ཀྱི་ནང་དོན་ལ་དམིགས་ནས། «སྲོལ་ཡིག»གི་དོན་ཚན་ཁག་ལ་གྲོས་བསྡུར་དང་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཚང་མས་མཉམ་དུ་ཐབས་ཇུས་བཏོན་ཏེ། «སྲོལ་ཡིག»གི་སྤུས་ཚད་མཐོ་བ་དང་ཁྱད་ཆོས་ལྡན་པ། བཀོལ་སྤྱོད་ཆོག་པ། ཕན་འབྲས་ལེགས་པ་བཅས་ཡོང་གང་ཐུབ་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། «སྲོལ་ཡིག»ལ་བཟོ་བཅོས་རྒྱག་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དང་ཆོས་ལུགས་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་བཅས་ལག་བསྟར་དོན་འཁྱོལ་བྱེད་པའི་དགོས་མཁོ་ཞིག་དང་། དུས་རབས་གསར་བའི་མཚོ་ལྷོའི་ཆོས་ལུགས་ལས་གོ་རིམ་ལྡན་པའི་ངང་སྤེལ་བའི་གཞི་རྩའི་འགན་ལེན་ཞིག་ཡིན་པར་མ་ཟད། སྲིད་གཞུང་གིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་གཞི་འཛིན་ས་ཞིག་ཀྱང་ཡིན་ལ། དེ་མིན་སྤྱི་ཚོགས་ལས་རིགས་ཁག་གིས་ཆོས་ལུགས་ལ་ངོས་འཛིན་དང་ཆོས་ལུགས་ཤེས་རྟོགས། ཆོས་ལུགས་ལ་བརྩི་འཇོག་བཅས་བྱེད་པའི་རྨང་གཞི་གལ་ཆེན་དེའང་ཡིན། དེར་བརྟེན། བཞུགས་མོལ་ཚོགས་འདུ་བརྒྱུད་མཚོ་ལྷོའི་ཆོས་ལུགས་ཀྱི་སྤྱི་ཡོངས་གནས་ཚུལ་ཁོང་དུ་ཆུད་པར་བྱ་བ་དང་། མཚོ་ལྷོའི་ཆོས་ལུགས་ཀྱི་ཁྱབ་ཁོངས་སུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ལེགས་སྒྲིག་བྱས་ནས། བཟོ་བཅོས་བརྒྱབ་པའི«སྲོལ་ཡིག»གི་ནང་དུ་ཁྲིམས་ལྟར་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་གྱི་ཁེ་དབང་བསྐངས་ཏེ་སྤྱི་ཚོགས་བརྟན་བརླིང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། «སྲོལ་ཡིག»ལ་བཟོ་བཅོས་རྒྱག་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི«ཆོས་ལུགས་ལས་དོན་སྲོལ་ཡིག»ལག་བསྟར་ནན་མོ་བྱེད་པ་དང་། «མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག»དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ལྡོག་མེད་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ་ཞིག་ཡིན་པས། མཚོ་ལྷོའི་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན། གོམ་སྟབས་རྗེས་མར་ཁུལ་དམངས་ཆེན་མི་རིགས་དང་སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་གྱིས་ཚོགས་འདུའི་ཐོག་ཚང་མས་བཏོན་པའི་ལུགས་མཐུན་གྱི་བསམ་འཆར་དང་གྲོས་འགོ་སྔར་ལས་གསེད་དཀྲོལ་བྱས་ཏེ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས«སྲོལ་ཡིག»ལ་གྲོས་ཞིབ་བྱ་རྒྱུའི་གྲ་སྒྲིག་གི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་ཞེས་བསྟན།
ཁུལ་དམངས་ཆེན་ཁྲིམས་ལུགས་དང་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གླུ་གར་རྒྱལ་དང་ཁུལ་སྲིད་གཞུང་གི་དྲུང་ཡིག་གཞོན་པ། ཡིག་བསྐུར་ངོ་བཅར་ཅུའུ་ཡི་ཅུའུ་ཀྲང་འཕགས་པ། རྫོང་ལྔའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུའུ། ཁུལ་ཁྲིམས་འཛིན་ཅུའུ་དང་སྤྱི་བདེ་ཅུའུ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།