ཁྲིན་ཀང་གིས་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-10-17
ཀློག་གྲངས།:
ཁྲིན་ཀང་གིས་མཚོ་ལྷོ་ཁུལ་གྱི་གུང་ཧོ་རྫོང་དང་ཀོས་ནན་རྫོང་། ཐུན་ཏེ་རྫོང་བཅས་སུ་རྟོག་ཞིབ་བྱས།
ཟླ་བཅུ་པའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དང་། ཀོས་ནན་རྫོང་། ཐུན་ཏེ་རྫོང་བཅས་ལ་སོང་ནས་རྟོག་ཞིབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དང་དངོས་འབེབས་ཞིབ་མོ་བྱེད་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཆུ་ཚད་མཐོན་པོའི་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
བྱེ་སྣ་ནི་ཀོས་ནན་རྫོང་མུ་གེ་ཐང་གི་བྱེ་ཐང་ཤར་ལྷོའི་ཕྱོགས་སུ་བསྐྱེད་པའི་སྣེ་མོ་ཡིན་ལ། སྔོན་ཆད་གནས་དེ་ནི་བྱེ་རླུང་འཚུབ་པའི་ས་ཆ་ཡ་ང་བ་ཞིག་ཡིན། ས་གནས་ཀྱིས་ལོ་ངོ་ཉི་ཤུ་ལྷག་གི་དཀའ་སྡུག་གི་བཅོས་སྐྱོང་བརྒྱུད་མཐར། སྔོན་ཆད་ཀྱི་བྱེ་ཐང་དེ་ད་ལྟ་ལྗང་མདོག་ཏུ་འགྱུར་བཞིན་ཡོད། ཁྲིན་ཀང་བྱེ་སྣ་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་སློབ་གསོ་རྟེན་གཞི་རུ་སོང་སྟེ། མཐོ་སར་བུད་ནས་ལྗང་མདོག་ར་བར་རྒྱང་བལྟ་བྱས་ནས། ས་གནས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་ཐང་རྒོད་བཅོས་སྐྱོང་བྱས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཀོས་ནན་རྫོང་དེ་མཚོ་ལྷོ་ཁུལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཞུགས་ནས་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ་ནན་གྱིས་བསྟན་དོན། སྙིང་རུས་གཏན་འཁྱོངས་སྒོས་བྱས་རྗེས་འཇོག་པ་དང་། མི་རབས་རེ་རེས་གཅིག་རྗེས་གཉིས་མཐུད་དུ་ལས་འགན་ཁུར་ནས། བྱེ་འགོག་བྱེ་བཅོས་བྱ་བ་དམ་འཛིན་བྱེད་རྒྱུ་དེ་མ་ཡུམ་གཙང་བོར་སྲུང་སྐྱོབ་བྱེད་པའི་གཞི་རྩའི་འགུལ་སྐྱོད་དུ་འགྱུར་བར་བྱེད་དགོས། རང་བྱུང་དགེ་མཚན་དང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས། མང་ཚོགས་ཀྱི་ཡོང་འཕར་ལ་སྐུལ་ཁྲིད་བྱེད་པ་བཅས་ལ་རྐང་འཛུགས་པ་དང་། “རི་སྔོ་ཆུ་དྭངས” “གསེར་རི་དངུལ་རིར”འགྱུར་བར་བྱས་ཏེ། རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ཆེད་དུ་སྟོབས་ཤུགས་འབུལ་དགོས།
ཐུན་ཏེ་རྫོང་དུ། ཁྲིན་ཀང་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་སོང་སྟེ། བརྗོད་དོན་སློབ་གསོ་སྤེལ་བ་དང་བདེ་འཇགས་འཛུགས་སྐྲུན་བྱ་བའི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ས་གནས་ཀྱིས“ལྟེ་གནས་ལྔ་གཅིག་སྡུད”བྱེད་པའི་སྒྲུབ་སྟངས་ལ་ཁས་ལེན་བྱས། ཁོས་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་པའི་གཞི་རྩའི་ལག་ལེན་དུ་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལྟར། མ་རྩོམ་ཀློག་པ་དང་། མ་ཡིག་སློབ་པ། གོ་དོན་རྟོགས་པར་བྱས་ནས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། “ཧྥིན་ཆའོ་ཉམས་མྱོང”དང“ཕུའུ་ཅང་ཉམས་མྱོང”ལ་སློབ་སྦྱོང་དང་དཔེ་ལྟ་བྱས་ཏེ། འགལ་ཟླ་མགོ་ཁུངས་ནས་བཤེར་བ་དང་། རྩོད་གླེང་གཞི་རིམ་ནས་སེལ་ཏེ། སྤྱི་ཚོགས་བཅོས་སྐྱོང་དྲ་རྒྱ་དམ་པོར་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་ནུས་ཚད་ཇེ་ཆེར་བཏང་སྟེ། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་བྱས་ནས། དབུལ་ཐར་གྱི་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་དགོས། ཁྲིན་ཀང་ཆེད་དུ་འབའ་ལུང་ཡུལ་ཚོའི་རྫོང་རུ་གནའ་ཤུལ་དུ་སོང་ནས་གནའ་ཤུལ་སྔོག་འདོན་གྱི་བརྒྱུད་རིམ་དང་། རིག་དངོས་སྲུང་སྐྱོབ་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཏུ་བྱས་ཏེ། ཡུལ་དངོས་ནས་བང་སོ་དང་ཐལ་དོང་། ཁང་ཤུལ་སོགས་གནའ་ཤུལ་གལ་ཆེན་ལ་གཟིགས་ཞིབ་བྱས་པར་མ་ཟད། ཀྲུང་ཧྭའི་དཔལ་ཡོན་གྱི་མུ་རྒྱུན་རིང་ཞིང་། རྨ་ཆུའི་རིག་གནས་ཀྱི་ནང་རྫོང་མཐུག་པས། རྫོང་རི་རིག་གནས་ལ་ཞིབ་འཇུག་དང་། སྲུང་སྐྱོབ། བེད་སྤྱོད་བཅས་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་དགོས་ལ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སྣེ་ཁྲིད་བྱས་ཏེ། རྨ་ཆུའི་རིག་གནས་དང་ཁུ་ནུ་རིག་གནས་སྔར་ལས་སྲུང་སྐྱོབ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཀྲུང་ཧྭའི་དཔལ་ཡོན་གྱི་མགོ་ཁུངས་འཚོལ་བར་སྔར་ལས་ལྷག་པའི་གྲུབ་འབྲས་ལེན་དགོས་ཞེས་ནན་བཤད་བྱས།
གུང་ཧོ་རྫོང་དུ། ཁྲིན་ཀང་མཚོ་ལྷོ་ཁུལ་གྱི་སྟོང་ཝ་བྱེ་བ་རིམ་པའི་ནུས་ཁུངས་གསར་བའི་རྟེན་གཞི་འོད་གློག་ར་བར་སོང་སྟེ། སྒྲིག་ཆས་ཀྱི་སྐོར་དང་ཉི་འོད་ནུས་པའི་འབྲོག་ལས་ར་བའི་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་དང་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་བལྟ་བ་དང་མཚོ་སྔོན་གྱི་གནས་བབ་ལ་རྐང་བཙུགས་ནས། གོ་སྐབས་དམ་འཛིན་དང་ཕྱོགས་སོ་སོའི་ཐོན་ཁུངས་སྐུལ་སློང་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དག་གཙང་ནུས་ཁུངས་འཕེལ་རྒྱས་ཕན་ཚུན་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁུངས་དྲ་ཐེག་ནུས་གཞི་གཅིག་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་ལེགས་པོ་ཞིག་དང་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་སྔོན་སྐྱོད་པ་བཟང་བོ་ཞིག་བྱེད་དགོས།
ཞིང་ཆེན་གྱི་མགོ་ཁྲིད་པ་ཀྲུའུ་ཞང་ཧྥིན་དང་ལོས་ཀང་གཉིས་རྟོག་ཞིབ་ལ་ཞུགས།
འབྲེལ་ཡོད་འོས་སྦྱོར།