logo

«མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་དོ་དམ་སྲོལ་ཡིག»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-12-01 ཀློག་གྲངས།:
(2023ལོའི་ཟླ8པའི་ཚེས29ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་སྟེང་གྲོས་མཐུན་བྱུང་ཞིང་། 2023ལོའི་ཟླ9པའི་ཚེས27ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཆོག་མཆན་བཀོད།)

       དོན་ཚན་དང་པོ། འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱི་བརྫད་སྐྱོན་སྔོན་འགོག་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས། སྤྱི་དམངས་ཀྱི་བདེ་ཐང་འགན་སྲུང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བ་བཅས་བྱ་ཆེད། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མདོ་དབུས་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས»དང«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲ་གཟུགས་གད་རྙིགས་ཀྱི་ཁོར་ཡུག་བཙོག་བཟོ་འགོག་བཅོས་བྱེད་པའི་སྐོར་གྱི་བཅའ་ཁྲིམས»སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར། རང་སྐྱོང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།
       དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་སྐྱོང་ཁུལ་སྲིད་འཛིན་ཁུལ་ཁོངས་ནང་གི་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱི་བརྫད་སྐྱོན་འགོག་བཅོས་དང་ལྟ་སྐུལ་དོ་དམ་སོགས་བྱ་འགུལ་ཐད་སྤྱོད་དགོས།
       དོན་ཚན་གསུམ་པ། འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱི་དོ་དམ་བྱ་བར་སྲིད་གཞུང་གིས་སྣེ་ཁྲིད་པ་དང་། མགོ་ཁུངས་ལྟ་སྡོམ། ཕྱོགས་བསྡུས་བཅོས་སྐྱོང་། སྤྱི་དམངས་ཐེ་ཞུགས་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།
       དོན་ཚན་བཞི་པ། རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གིས་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱི་ལྟ་སྐུལ་དོ་དམ་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། གཅིག་འདོམས་མཐུན་སྦྱོར་གྱི་རྐྱེན་སྲོལ་དང་དཔྱད་ཞིབ་གདེང་འཇོག་ལམ་ལུགས་བཙུགས་ཏེ། བྱ་བའི་ཁྲོད་ཀྱི་གནད་དོན་ཆེན་པོ་ཐག་གཅོད་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་གཙང་སྒྲུབ་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། དགོས་ངེས་ཀྱི་གྲོན་དངུལ་རིམ་མཚུངས་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇུག་དགོས།
       ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་སྲིད་འཛིན་ཁུལ་ཁོངས་དེ་གའི་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱི་བརྫད་སྐྱོན་འགོག་བཅོས་བྱ་བ་ལེགས་པོར་སྒྲུབ་དགོས།
       དོན་ཚན་ལྔ་པ། རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གི་འཕེལ་རྒྱས་དང་སྒྱུར་བཅོས་སྡེ་ཁག་གིས་སྲིད་འཛིན་ཁུལ་ཁོངས་དེ་གའི་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་དོ་དམ་གྱི་གཅིག་འདོམས་མཐུན་སྦྱོར་བྱ་བར་འགན་ཁུར་དགོས།
       རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་སྲིད་འཛིན་ཁུལ་ཁོངས་དེ་གའི་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱི་བརྫད་སྐྱོན་འགོག་བཅོས་བྱ་བར་གཅིག་གྱུར་གྱིས་ལྟ་སྐུལ་དོ་དམ་བྱེད་དགོས།
       རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན། བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན། རང་བྱུང་ཐོན་ཁུངས། ཞིང་ཕྱུགས། ཆུ་བེད། རིག་གནས་དང་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན། འགྲིམ་འགྲུལ་སྐྱེལ་འདྲེན། སློབ་གསོ། འཕྲོད་བསྟེན་བདེ་ཐང་། ནགས་ལས་དང་རྩྭ་ཐང་། གྲོང་གསེབ་དར་སྤེལ། མི་རིགས་ཆོས་ལུགས། སྦྲག་སྲིད་དོ་དམ་སོགས་སྡེ་ཁག་གིས་རང་རང་གི་འགན་འཁྲི་ལྟར་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱི་ལྟ་སྐུལ་དོ་དམ་བྱ་བར་འགན་ཁུར་དགོས།
       དོན་ཚན་དྲུག་པ། སྤྱི་ཚོགས་ཚོགས་པས་འབྲེལ་ཡོད་སྡེ་ཁག་ལ་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱི་དོ་དམ་བྱ་བ་སྤེལ་དགོས།
       གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དང་། སློབ་གྲྭ་རིགས་སོ་སོས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་ལ་རོགས་འདེགས་བྱས་ཏེ་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱི་བརྫད་སྐྱོན་འགོག་བཅོས་བྱ་བ་སྤེལ་ནས། འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱི་བརྫད་སྐྱོན་འགོག་བཅོས་དེ་སྡེ་སྲོལ་དམངས་ཆིངས་དང་། སྡོད་དམངས་སྤྱི་ཆིངས། སློབ་མའི་བསྲུང་བྱ་བཅས་ཀྱི་ནང་བཞག་སྟེ། སྡེ(སྡོད)དམངས་དང་སློབ་མར་ཁྲིད་སྟོན་བྱས་ནས་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱི་བརྫད་སྐྱོན་འགོག་བཅོས་བྱ་འགུལ་སྤེལ་དགོས།
       ཚན་ཞིབ་ལས་ཁུངས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་ཀྱིས་རྣམ་པ་གང་རུང་གི་སྒོ་ནས་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱི་བརྫད་སྐྱོན་འགོག་བཅོས་དང་། ཚན་རིག་ཞིབ་འཇུག་སོགས་ཀྱི་བྱ་འགུལ་སྤེལ་བར་སྐུལ་ལྕགས་དང་རྒྱབ་སྐྱོར་བྱེད་དགོས།
       དོན་ཚན་བདུན་པ། རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དོན་ལས་སྡེ་ཚན། གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་བཅས་ཀྱིས་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་བརྫད་སྐྱོན་འགོག་བཅོས་ཀྱི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ཏེ། སྤྱི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་ཐོན་ཁུངས་གྲོན་ཆུང་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།
       གསར་འགྱུར་སྨྱན་སྦྱོར་གྱིས་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་བརྫད་སྐྱོན་འགོག་བཅོས་ཀྱི་སྤྱི་ཕན་དྲིལ་སྒྲོག་སྤེལ་ཏེ། གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་ལྟ་སྐུལ་ལ་ཤུགས་སྣོན་དགོས།
       དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་གྱི་སྲིད་འཛིན་ཁུལ་ཁོངས་ནང་དུ་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་བཀག་སྡོམ་དང་ཚོད་འཛིན་དཀར་ཆག་དོ་དམ་དང་འགྱུར་བསྟུན་ལེགས་སྒྲིག་བྱེད་དགོས།
       འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱི་བཀག་སྡོམ་དང་ཚོད་འཛིན་དཀར་ཆག་གི་ཞིབ་ཕྲའི་རིགས་དབྱེ་དང་། ལག་བསྟར་དུས་ཚོད། བེད་སྤྱོད་ས་ཁོངས་སོགས་ནང་དོན་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་འཕེལ་རྒྱས་དང་སྒྱུར་བཅོས་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁྲིམས་ལྟར་གཏན་འབེབས་བྱས་ནས། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ལ་ཞུས་ཏེ་ཆོག་མཆན་ཐོབ་རྗེས་སྤྱི་ཚོགས་སྟེང་ཁྱབ་བསྒྲགས་བྱེད་དགོས།
       རང་བྱུང་གནོད་འཚེ་དང་། ཆག་སྒོའི་གནོད་འཚེ། སྤྱི་བའི་འཕྲོད་བསྟེན་གྱི་དོན་རྐྱེན། སྤྱི་ཚོགས་བདེ་འཇགས་ཀྱི་དོན་རྐྱེན་སོགས་ཐོལ་བྱུང་སྤྱི་པའི་དོན་རྐྱེན་ཆེན་པོར་འཕྲད་སྐབས། དམིགས་བསལ་ཁུལ་ཁོངས་ཀྱི་འཚུབ་ཟློག་འགན་སྲུང་དང་། དངོས་ཟོག་སྡེབ་སྐྱེལ། བཟའ་བཏུང་ཞབས་ཞུ་སོགས་ཐད་དུ་སྤྱོད་ཐེངས་གཅིག་ཅན་གྱི་འགྱིག་རྫས་ལ་བཀག་སྡོམ་དང་ཚོད་འཛིན་བྱེད་མི་ཆོག
       དོན་ཚན་དགུ་པ། ཚོང་ར་དང་། སྒོ་རྩིས་ཚོང་ཁང་། སྨན་འཚོང་ཁང་། དཔེ་ཁང་། ཚོང་འདུས་ཁྲོམ་ར་སོགས་གཉེར་སྐྱོང་བྱེད་གནས་དང་། ཡུལ་སྐོར་དང་། ཞག་སྡོད། བཟའ་བཏུང་། མྱུར་སྐྱེལ་སོགས་ལས་རིགས་ཀྱི་གཉེར་སྐྱོང་སྡེ་ཚན་གྱིས་འབེབས་འབྱེད་ཐུབ་པའི་འགྱིག་ཁུག་དང་། ཤོག་ཁུག རས་ཁུག ཟས་རིགས་བདེ་འཇགས་ཀྱི་བླང་བྱ་དང་མཐུན་པའི་འབེབས་འབྱེད་ཐུབ་པའི་འགྱིག་བཟོས་གསོལ་ཆས་སོགས་ཚབ་རྫས་སྤྱོད་དགོས་ཤིང་། འཛད་སྤྱོད་པས་རང་ཉིད་ཀྱིས་ཁོར་སྲུང་ཟོང་ཁུག་འཁྱེར་བར་སྐུལ་མ་གཏོང་དགོས།
       དོན་ཚན་སྔོན་མར་གཏན་འབེབས་བྱས་པའི་ཚོང་གཉེར་བྱེད་ས་དང་བདག་གཉེར་སྡེ་ཚན་གྱིས་ཀུན་གྱིས་མཐོང་སར་བཀག་སྡོམ་དང་ཚོད་འཛིན་དཀར་ཆག་ནང་བཀོད་པའི་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་མཁོ་འདོན་མི་བྱེད་པའི་གསལ་འདེབས་མཚོན་རྟགས་སྒྲིག་དགོས་པ་ལས། བཀག་སྡོམ་དང་ཚོད་འཛིན་དཀར་ཆག་གི་གཏན་འབེབས་དང་འགལ་ནས་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་ཁུག་དང་འགྱིག་བཟོས་གསོལ་ཆས་སོགས་སྤྱོད་ཐེངས་གཅིག་ཅན་གྱི་འགྱིག་རྫས་ཕྱིར་འཚོང་དང་། བེད་སྤྱོད་དམ་ཡང་ན་མཁོ་འདོན་བྱས་ནས་བེད་སྤྱོད་བྱེད་དུ་འཇུག་པ་བཅས་བྱེད་མི་ཆོག
       སིལ་འཚོང་རྒྱག་མཁན་གྱིས་བཀག་སྡོམ་དང་ཚོད་འཛིན་དཀར་ཆག་གི་གཏན་འབེབས་དང་འགལ་ནས་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་ཁུག་དང་འགྱིག་བཟོས་གསོལ་ཆས་སོགས་སྤྱོད་ཐེངས་གཅིག་ཅན་གྱི་འགྱིག་རྫས་ཕྱིར་འཚོང་དང་བེད་སྤྱོད་དམ་ཡང་ན་མཁོ་འདོན་བྱས་ནས་བེད་སྤྱོད་བྱེད་དུ་འཇུག་པ་སོགས་བྱེད་མི་ཆོག
       དོན་ཚན་བཅུ་པ། སྨན་ཁང་དང་། འཕྲོད་བསྟེན་ཁང་། སྨན་བཅོས་ཁང་སོགས་སྨན་བཅོས་སྡེ་ཚན་གྱིས་སྨན་སྤྱོད་འགྱིག་རྫས་སྙིགས་རོ་ཕྱིར་སྡུད་དང་གཙང་བཟོ་ལེགས་པོ་བྱས་ཏེ། སྨན་བཅོས་འགྱིག་རྫས་སྙིགས་རོས་ཁོར་ཡུག་རྫོད་པར་སྔོན་འགོག་བྱེད་དགོས། 
       དོན་ཚན་བཅུ་གཅིག་པ། ཞིང་ལས་ཐོན་སྐྱེད་པས་སྐྱེ་དངོས་ཕྲ་རབ་ཀྱིས་འབེབས་འབྱེད་ཐུབ་པའི་ཞིང་སྤྱོད་འགྱིག་སྐྱི་བཀོལ་བར་སྐུལ་མ་དང་རྒྱབ་སྐྱོར་བྱེད་དགོས།
       ཞིང་སྤྱོད་འགྱིག་སྐྱི་འཚོང་མཁན་དང་བེད་སྤྱོད་མཁན་གྱིས་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཚད་གཞི་དང་མི་མཐུན་པའི་ཞིང་སྤྱོད་འགྱིག་སྐྱི་ཉོ་སྒྲུབ་དང་ཕྱིར་འཚོང་། བེད་སྤྱོད་བཅས་བྱེད་མི་ཆོག
       ཞིང་སྤྱོད་འགྱིག་སྐྱི་བེད་སྤྱོད་མཁན་གྱིས་ཞིང་ཁའི་སྐྱེ་དངོས་ཕྲ་རབ་ཀྱིས་འབེབས་འབྱེད་བྱེད་མི་ཐུབ་པའི་བེད་མེད་ཞིང་སྤྱོད་འགྱིག་སྐྱི་མྱུར་དུ་ཕྱིར་སྡུད་བྱས་ཏེ། ཕྱིར་སྡུད་ས་ཚིགས་ལ་སྤྲོད་དགོས་པ་ལས། རང་དགར་བསྐྱུར་བ་དང་ས་འོག་ཏུ་སྦས་པའམ་ཡང་ན་མེར་སྲེག་པ་བཅས་བྱེད་མི་ཆོག
       ཞིང་སྤྱོད་འགྱིག་སྐྱི་ཐོན་སྐྱེད་པ་དང་། ཕྱིར་འཚོང་མཁན། ཕྱིར་སྡུད་ས་ཚིགས། བེད་མེད་ཞིང་སྤྱོད་འགྱིག་སྐྱི་ཕྱིར་སྡུད་སླར་སྤྱོད་ཁེ་ལས་སམ་ཡང་ན་རྩ་འཛུགས་གཞན་དག་བར་ཕན་ཚུན་མཉམ་ལས་བྱ་རྒྱུར་སྐུལ་མ་བཏང་སྟེ། བེད་མེད་ཞིང་སྤྱོད་འགྱིག་སྐྱི་དང་། ཞིང་སྨན་ལུད་རྫས་སོགས་ཐུམ་སྒྲིལ་རིགས་ཀྱི་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཕྱིར་སྡུད་དང་། གཙང་སེལ། ཡང་བསྐྱར་བེད་སྤྱོད་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།
       དོན་ཚན་བཅུ་གཉིས་པ། གློག་རྡུལ་ཚོང་དོན་དང་། ཕྱི་འཚོང་། མྱུར་སྐྱེལ་སོགས་ལས་རིགས་ཀྱིས་ལྗང་མདོག་དངོས་རྒྱུག་འཕེལ་རྒྱས་བཏང་སྟེ། ཐུམ་སྒྲིལ་ཚད་གཞི་ཅན་དང་བཀོལ་ཚད་ཇེ་ཉུང་དུ་འགྱུར་བར་སྐུལ་སྤེལ་གཏོང་བ་དང་། གློག་ཚོང་ཚོང་རྫས་དེ་སྦྲག་སྐུར་གྱི་གོ་རིམ་ཁྲོད་ཐེངས་གཉིས་ཐུམ་སྒྲིལ་བྱེད་ཚད་ཉུང་དུ་བཏང་ནས། འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱི་ཐེངས་གཉིས་བརྫད་སྐྱོན་སྔོན་འགོག་བྱེད་དགོས།
       གློག་རྡུལ་ཚོང་དོན་ལས་སྟེགས་དང་། ཕྱི་འཚོང་ལས་སྟེགས། མྱུར་སྐྱེལ་ཁེ་ལས། དེ་མིན་ཁོར་ཡུག་འཕྲོད་བསྟེན་སྡེ་ཚན་དང་། ཕྱིར་སྡུད་ཁེ་ལས་སོགས་ཀྱིས་ཕྱོགས་མང་མཉམ་ལས་བྱེད་པར་སྐུལ་མ་བཏང་སྟེ། མྱུར་སྐྱེལ་ཐུམ་སྒྲིལ་སོགས་འགྱིག་རྫས་སྙིགས་རོ་ཚད་ལྡན་ངང་ཕྱིར་སྡུད་བྱེད་དགོས།
       ཚོང་རྫས་སིལ་འཚོང་བྱེད་ས་སྒྲུབ་མཁན་སྡེ་ཚན་དང་། གློག་རྡུལ་ཚོང་དོན་ལས་སྟེགས་ཁེ་ལས། མྱུར་སྐྱེལ་དང་ཕྱི་འཚོང་ཁེ་ལས་བཅས་ཀྱིས་ལོ་ལྟར་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་དང་། སྦྲག་སྲིད་སོགས་གཙོ་སྐྱོང་སྡེ་ཁག་ལ་སྤྱོད་ཐེངས་གཅིག་ཅན་གྱི་འགྱིག་རྫས་བེད་སྤྱོད་དང་ཕྱིར་སྡུད་བྱས་ཚུལ་གྱི་སྙན་སེང་ཞུ་དགོས།
       དོན་ཚན་བཅུ་གསུམ་པ། ཚོང་རྫས་སིལ་འཚོང་དང་། བཟའ་བཏུང་། ཡུལ་སྐོར་ལྗོངས་ཁུལ་སོགས་གཉེར་སྐྱོང་བྱེད་གནས་ཀྱི་དོ་དམ་པས་དོ་དམ་ལམ་ལུགས་བཙུགས་ཏེ། ས་གནས་དེ་གར་བཀག་སྡོམ་དང་ཚོད་འཛིན་དཀར་ཆག་ནང་གི་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཕྱིར་འཚོང་ངམ་ཡང་ན་མཁོ་འདོན་བྱེད་པའི་བྱ་སྤྱོད་དུས་ཐོག་ཏུ་བཀག་འགོག་བྱེད་དགོས། བཀག་འགོག་བྱས་ཀྱང་ཕན་མ་ཐོགས་ན། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་སོགས་སྡེ་ཁག་ལ་སྙན་སེང་ཞུ་དགོས།
       དོན་ཚན་བཅུ་བཞི་པ། རང་སྐྱོང་ཁུལ་ནང་ཁུལ་དུ་སྤྱི་པའི་བྱ་འགུལ་སྣ་ཚོགས་སམ་ཡང་ན་དམངས་ཁྲོད་ཀྱི་བྱ་འགུལ་ཆེ་གྲས་སྤེལ་སྐབས། བཀག་སྡོམ་དང་ཚོད་འཛིན་དཀར་ཆག་ནང་གི་འགྱིག་ཁུག་དང་འགྱིག་བཟོས་གསོལ་ཆས་སོགས་འབེབས་འབྱེད་བྱེད་མི་ཐུབ་པའི་སྤྱོད་ཐེངས་གཅིག་ཅན་གྱི་འགྱིག་རྫས་སྤྱོད་མཚམས་འཇོག་དགོས་པར་མ་ཟད། འགྱིག་རྫས་ཀྱི་བེད་མེད་སྙིགས་རོ་གཙང་སེལ་ཕྱིར་སྡུད་བྱ་བ་ལེགས་པོར་སྒྲུབ་དགོས།
       དོན་ཚན་བཅོ་ལྔ་པ། རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་འཁོར་སྐྱོད་ཆོག་པ་དང་། ཕྱིར་སྡུད་སླ་བ། འབེབས་འབྱེད་ཐུབ་པ་བཅས་ཀྱི་ཚབ་བྱེད་རྒྱུ་ཆ་དང་ཐོན་རྫས་ཀྱི་ནང་འདྲེན་དང་ཁྱབ་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ས་ཁུལ་དེ་ག་དང་མ་ལག་དེར་འགྱིག་རྫས་བེད་སྤྱོད་བྱེད་ཚད་མགོ་ཁུངས་ནས་ཇེ་ཉུང་དུ་གཏོང་བའི་བྱ་བར་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་དང་། གཉེར་སྐྱོང་སྡེ་ཚན་གྱིས་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་བེད་སྤྱོད་བྱེད་ཚད་ཇེ་ཉུང་དུ་གཏོང་བར་སྐུལ་འདེད་བཏང་ནས། འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་གད་སྙིགས་ཀྱིས་ཁོར་ཡུག་ལ་བརྫད་སྐྱོན་ཐེབས་ཚད་ཇེ་ཉུང་དུ་གཏོང་དགོས།
       རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱི་ཚབ་རྫས་ནང་འདྲེན་དང་ཁྱབ་གདལ་བེད་སྤྱོད་གཏོང་བ་དང་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཕྱིར་སྡུད་བེད་སྤྱོད་བྱེད་པའི་སྡེ་ཚན་དང་མི་སྒེར་ལ། ནོར་སྲིད་ཁ་གསབ་དང་། སྲིད་གཞུང་ཉོ་སྒྲུབ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱེད་དགོས།
       དོན་ཚན་བཅུ་དྲུག་པ། རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྨ་ཆུ་འབབ་རྒྱུད་ཀྱི་ཞིང་ལས་དང་། བཟོ་ལས། མཁར་གྲོང་བཅས་ཀྱི་འཚོ་བའི་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རིགས་བེད་སྤྱོད་བྱེད་ཚད་ཀྱི་ཚོད་འཛིན་ལྟ་སྡོམ་དང་ཁོར་ཡུག་བརྫད་སྐྱོན་འགོག་བཅོས་བྱ་བར་ཤུགས་སྣོན་པ་དང་། སྲ་གཟུགས་རྫས་སྙིགས་སྡུད་རུབ་དང་གཙང་བཟོ་སོགས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་འདོམས་བྱེད་པ། གད་སྙིགས་སྦས་ས་སོགས་བརྫད་སྐྱོན་བཟོ་སླ་བའི་ས་ཆར་བརྟག་དཔྱད་དཔྱད་དཔོག་བྱས་ནས། ཉེན་ཁ་འགོག་ཟོན་གྱི་བྱེད་ཐབས་སྤྱོད་པ་བཅས་བྱེད་དགོས།
       དོན་ཚན་བཅུ་བདུན་པ། རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གི་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་སྡེ་ཁག་གིས་ཆུ་རླུང་འོད་གསུམ་དང་། ས་འོག་ཚ་ནུས། ནུས་རྒྱུ་གསོག་འཇོག་བཅས་དང་དེའི་སྒྲིག་ཆས་བཟོ་སྐྲུན། གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་སོགས་འབྲེལ་ཡོད་ཁེ་ལས་ཀྱི་དོ་དམ་ལ་ཤུགས་བསྣན་ཏེ། ཁེ་ལས་ཀྱིས་ཚད་ཇེ་ཉུང་དུ་བཏང་ནས་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་བེད་སྤྱོད་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འགྱིག་རིགས་རྫས་སྙིགས་ཕྱིར་སྡུད་དང་། གསོག་འཇོག གཙང་བཟོ་བཅས་ཀྱི་ལམ་ལུགས་གསར་འཛུགས་ལག་བསྟར་བྱས་ནས། ཁོར་ཡུག་ལ་བརྫད་སྐྱོན་ཐེབས་པར་སྔོན་འགོག་བྱེད་དགོས།
       དོན་ཚན་བཅོ་བརྒྱད་པ། རྫོང་དང་། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་འགྱིག་རྫས་སྙིགས་རོ་གཙང་སེལ་བྱ་རྒྱུ་དེ་གྲོང་སྡེ་དང་། སྡེ་ཁུལ། སྡེ་ཚན་བཅས་ཀྱི་གཙང་སྦྲའི་ཁྱབ་ཁོངས་སུ་འཇོག་དགོས་པ་དང་། སྡེ(སྡོད)དམངས་སྐུལ་སློང་དང་རྩ་འཛུགས་བྱས་ནས་ཁང་པའི་མདུན་རྒྱབ་དང་། རྫིང་བུ་དང་ཆུ་རྐ། ཞིང་ཁ་དང་ཞིང་ཚིགས། སྡོད་ཁང་དང་གཞིས་ཁུལ། ཐོག་ཁང་དང་ནགས་ར། དོང་ལམ་དང་གཞུང་ལམ། ལས་ཀ་སྤེལ་ཡུལ་སོགས་ས་ཁོངས་སུ་གཏོར་བའི་འགྱིག་རྫས་སྙིགས་རོ་དུས་ཐོག་ཏུ་གཙང་སེལ་བྱེད་དགོས།
       དོན་ཚན་བཅུ་དགུ་པ། རང་སྐྱོང་ཁུལ་དང་། རྫོང་། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་རིམ་པ་ཁག་གི་ཆུ་དཔོན་མཚོ་དཔོན་ནགས་དཔོན་རྩྭ་དཔོན་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཆུ་ཀླུང་དང་། མཚེའུ། ཆུ་མཛོད། ནགས་ས། འདམ་ས། རྩྭ་ཐང་བཅས་དོ་དམ་ཁྱབ་ཁོངས་ནང་གི་འགྱིག་རྫས་སྙིགས་རོ་དུས་ཐོག་ཏུ་གཙང་སེལ་དང་སྐྱེལ་འདྲེན་བྱེད་དགོས།
       ཡུལ་སྐོར་གཉེར་སྐྱོང་སྡེ་ཚན་གྱིས་ཡུལ་སྐོར་ལྗོངས་ཁུལ་གྱི་འཚོ་བའི་གད་སྙིགས་རྒྱུན་རྣམ་ཅན་གྱི་དོ་དམ་རྐྱེན་སྲོལ་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས། ཡུལ་སྐོར་བས་གང་བྱུང་དུ་འགྱིག་རྫས་སྙིགས་རོ་གཡུག་པའི་བྱ་སྤྱོད་བཀག་འགོག་བྱེད་པ་དང་། ལྗོངས་ཁུལ་དང་ལྗོངས་གནས་ཀྱི་འགྱིག་རྫས་སྙིགས་རོ་དུས་ཐོག་ཏུ་གཙང་ཕྱག་དང་སྡུད་རུབ་བྱས་ནས། ཁོར་ཡུག་ལ་བརྫད་སྐྱོན་ཐེབས་པར་སྔོན་འགོག་བྱེད་དགོས།
       དོན་ཚན་ཉི་ཤུ་པ། རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གིས་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་སྙིགས་རོ་གཏོང་འཇོག་དང་། ཕྱིར་སྡུད། བེད་སྤྱོད། གཙང་བཟོ་བཅས་ཀྱི་མ་ལག་བཙུགས་ཏེ། འཚོ་བའི་གད་སྙིགས་རིགས་དབྱེ་སྡུད་རུབ་ཀྱི་སྒྲིག་བཀོད་སྒྲིག་ཆས་ས་ཚིགས་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ཐོག དུད་ཁྱིམ་གྱིས་སྡུད་རུབ་དང་། སྡེ་བས(སྡེ་ཁུལ)གཅིག་སྡུད། ཤང(གྲོང་རྡལ)གིས་སྐྱེལ་འདྲེན། རྫོང་གིས་གཙང་བཟོ་བཅས་བྱེད་པའི་འཁོར་སྐྱོད་རྐྱེན་སྲོལ་ལག་བསྟར་བྱས་ནས། འགྱིག་རྫས་སྙིགས་རོ་སྡུད་རུབ་དང་། གཙང་འདྲེན། གཙང་སེལ་བྱེད་པ་བཅས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས།
       དོན་ཚན་ཉེར་གཅིག་པ། རྫོང་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་གཙོ་སྐྱོང་སྡེ་ཁག་གིས་མཁར་གྲོང་གི་འཚོ་བའི་གད་སྙིགས་རིགས་དབྱེ་གཏོང་འཇོག་དང་། རིགས་དབྱེ་སྡུད་རུབ། རིགས་དབྱེ་སྐྱེལ་འདྲེན། རིགས་དབྱེ་གཙང་བཟོ་བཅས་བྱེད་པའི་དོ་དམ་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་སྙིགས་རོ་ཕྱིར་སྡུད་དང་། བེད་སྤྱོད། གཙང་བཟོ་བཅས་ཀྱི་དོ་དམ་རྐྱེན་སྲོལ་བཙུགས་ཐོག ཕྱིར་སྡུད་སྡེ་ཚན་གྱི་འགན་འཁྲི་ངེས་གསལ་དང་། ཕྱིར་སྡུད་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས། འགྱིག་རྫས་སྙིགས་རོ་དུས་ཐོག་ཏུ་ཕྱིར་སྡུད་དང་། ཐོན་ཁུངས་ཅན་དུ་བེད་སྤྱོད་དང་། གནོད་མེད་གཙང་སེལ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།
       དོན་ཚན་ཉེར་གཉིས་པ། རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སོགས་འབྲེལ་ཡོད་སྡེ་ཁག་གིས་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཁོར་སྲུང་ལག་རྩལ་ཁྱབ་གདལ་བཏང་ནས་འགྱིག་རྫས་སྙིགས་རོ་གཙང་བཟོ་བྱས་ཏེ། འགྱིག་རིགས་གད་སྙིགས་ཐོན་ཁུངས་ཅན་དུ་བེད་སྤྱོད་དང་གནོད་མེད་གཙང་སེལ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། མི་གྲངས་ཀྱི་ཁྱབ་སྟངས་ལྟར། ཁོར་སྲུང་གི་ཚད་གཞི་དང་མཐུན་པའི་གཙང་སེལ་བྱེད་གནས་དང་སྒྲིག་བཀོད་གཅིག་གྱུར་འཆར་འགོད་དང་། ལུགས་མཐུན་བཀོད་སྒྲིག ཁྲིམས་ལྟར་འཛུགས་སྐྲུན་བཅས་བྱེད་དགོས།
       དོན་ཚན་ཉེར་གསུམ་པ། རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན། བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན། རིག་གནས་དང་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན། ཞིང་ཕྱུགས། ནགས་ལས་དང་། རྩྭ་ཐང་། ཆུ་བེད་སོགས་སྡེ་ཁག་གི་མཉམ་འབྲེལ་ཁྲིམས་བསྟར་རྐྱེན་སྲོལ་བཙུགས་ནས། ཁྲིམས་འགལ་ངང་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཐོན་སྐྱེད་དང་། ཕྱིར་འཚོང་། བེད་སྤྱོད་བཅས་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་རྩད་གཅོད་བྱེད་དགོས།
       དོན་ཚན་ཉེར་བཞི་པ། རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་དང་། བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན། ཞིང་ཕྱུགས། ཁྲོམ་རའི་ལྟ་སྐུལ་དོ་དམ། སྦྲག་སྲིད་དོ་དམ་སོགས་སྡེ་ཁག་གིས་བཀག་སྡོམ་དང་ཚོད་འཛིན་དཀར་ཆག་ནང་གི་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཐོན་སྐྱེད་དང་། ཕྱིར་འཚོང་། བེད་སྤྱོད་བཅས་བྱེད་མཁན་གྱི་སྲིད་འཛིན་ཆད་གཅོད་ཆ་འཕྲིན་དེ་རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་སྤྱི་བསྒྲགས་མ་ལག་ནང་དུ་སྤྱི་བསྒྲགས་བྱ་རྒྱུ་མ་ཟད། ཞིང་ཆེན་གྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་ནང་བཅུག་ནས། ཁྲིམས་ལྟར་མཉམ་དུ་ཆད་གཅོད་བསླབ་འདོམས་བྱེད་དགོས།
       དོན་ཚན་ཉེར་ལྔ་པ། རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གིས་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱི་བརྫད་སྐྱོན་འགོག་བཅོས་དེ་ལོ་འཁོར་གྱི་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་དཔྱད་ཞིབ་ཀྱི་ཁྱབ་ཁོངས་ནང་འཇུག་དགོས། འབོད་གླེང་ལམ་ལུགས་བཙུགས་ནས། འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱིས་ཁོར་ཡུག་རྫོད་པའི་བྱུར་རྐྱེན་བཟོས་པའི་རིམ་པ་གཅིག་གིས་དམའ་བའི་མི་དམངས་སྲིད་གཞུང་དང་དེའི་འགན་ཁུར་མི་སྣ་གཙོ་བོར་འབོད་གླེང་བྱས་ཏེ། ལེགས་བཅོས་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པར་མ་ཟད། འབོད་གླེང་ལེགས་བཅོས་བྱས་པའི་གནས་ཚུལ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།
       དོན་ཚན་ཉེར་དྲུག་པ། སྡེ་ཚན་དང་མི་སྒེར་སུ་ཡིན་ཡང་རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ། བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་སོགས་སྡེ་ཁག་ལ་བཀག་སྡོམ་དང་ཚོད་འཛིན་དཀར་ཆག་ནང་གི་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཐོན་སྐྱེད་དང་། ཕྱིར་འཚོང་། བེད་སྤྱོད་བཅས་བྱེད་པའི་བྱ་སྤྱོད་ཐེར་འདོན་བྱེད་དབང་ཡོད།
       རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ། བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་སོགས་སྡེ་ཁག་གིས་སྤྱི་ཚོགས་ལ་ཐེར་འདོན་བྱེད་སྟངས་ཁྱབ་བསྒྲགས་བྱེད་དགོས། ཐེར་འདོན་ཞུ་ཡིག་འབྱོར་བའི་སྡེ་ཁག་གིས་དུས་ཐོག་ཏུ་ཐག་གཅོད་དགོས་པར་མ་ཟད། ཐག་གཅོད་བྱས་འབྲས་ཐེར་འདོན་བྱེད་མཁན་ལ་བཤད་དགོས། དངོས་མིང་ཐེར་འདོན་དེ་རྩད་ཞིབ་བྱས་ནས་དོན་དངོས་དང་མཐུན་པ་ཡིན་ན། འབྲེལ་ཡོད་གཏན་འབེབས་ལྟར་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་དགོས།
       དོན་ཚན་ཉེར་བདུན་པ། རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གིས་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཐོན་སྐྱེད་དང་། ཕྱིར་འཚོང་། བེད་སྤྱོད་བཅས་ལ་བཀག་སྡོམ་བྱེད་པའི་བྱ་བའི་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པ་བཞག་པའི་སྡེ་ཚན་དང་མི་སྒེར་ལ་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།
       དོན་ཚན་ཉེར་བརྒྱད་པ། གཉེར་སྐྱོང་སྡེ་ཚན་གྱིས་སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ། བཀག་སྡོམ་དང་ཚོད་འཛིན་དཀར་ཆག་ནང་གི་འབེབས་འབྱེད་བྱེད་མི་ཐུབ་པའི་སྤྱོད་ཐེངས་གཅིག་ཅན་གྱི་འགྱིག་རྫས་ཕྱིར་འཚོང་བྱས་ཚེ། རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བཀའ་བཀོད་གཏོང་དགོས་པ་དང་། ཁྲིམས་འགལ་ངང་ཕྱིར་འཚོང་བྱས་པའི་འབེབས་འབྱེད་བྱེད་མི་ཐུབ་པའི་སྤྱོད་ཐེངས་གཅིག་ཅན་གྱི་འགྱིག་རྫས་གཞུང་བཞེས་གཏོང་དགོས། དུས་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ན། སྒོར་ཁྲི་གཅིག་ཡན་ནས་འབུམ་གཅིག་མན་བར་གྱི་དངུལ་ཆད་གཅོད་དགོས།
       སིལ་འཚོང་རྒྱག་མཁན་གྱིས་སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ། བཀག་སྡོམ་དང་ཚོད་འཛིན་དཀར་ཆག་ནང་གི་འབེབས་འབྱེད་བྱེད་མི་ཐུབ་པའི་སྤྱོད་ཐེངས་གཅིག་ཅན་གྱི་འགྱིག་རྫས་ཕྱིར་འཚོང་བྱས་ཚེ། རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བཀའ་བཀོད་གཏོང་དགོས་པ་དང་། ཁྲིམས་འགལ་ངང་ཕྱིར་འཚོང་བྱས་པའི་འབེབས་འབྱེད་བྱེད་མི་ཐུབ་པའི་སྤྱོད་ཐེངས་གཅིག་ཅན་གྱི་འགྱིག་རྫས་གཞུང་བཞེས་གཏོང་དགོས། དུས་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ན། སྒོར་ཉིས་བརྒྱ་ཡན་ནས་སྟོང་གཅིག་མན་བར་གྱི་དངུལ་ཆད་གཅོད་དགོས།
       དོན་ཚན་ཉེར་དགུ་པ། གཉེར་སྐྱོང་སྡེ་ཚན་གྱིས་སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ། བཀག་སྡོམ་དང་ཚོད་འཛིན་དཀར་ཆག་ནང་གི་འབེབས་འབྱེད་བྱེད་མི་ཐུབ་པའི་སྤྱོད་ཐེངས་གཅིག་ཅན་གྱི་འགྱིག་རྫས་བེད་སྤྱོད་དམ་མཁོ་འདོན་བྱས་ནས་བེད་སྤྱོད་བྱེད་དུ་འཇུག་པ་དང་། ཡང་ན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་འགྱིག་ཁུག་སོགས་སྤྱོད་ཐེངས་གཅིག་ཅན་གྱི་འགྱིག་རྫས་བེད་སྤྱོད་བྱས་པའི་གནས་ཚུལ་སྙན་ཞུ་མ་བྱས་ཚེ། རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གི་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན། སྦྲག་སྲིད་དོ་དམ་སོགས་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བཀའ་བཀོད་གཏོང་དགོས་པ་དང་། ཁྲིམས་འགལ་ངང་ཕྱིར་འཚོང་བྱས་པའི་འབེབས་འབྱེད་བྱེད་མི་ཐུབ་པའི་སྤྱོད་ཐེངས་གཅིག་ཅན་གྱི་འགྱིག་རྫས་གཞུང་བཞེས་གཏོང་དགོས། དུས་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ན། སྒོར་ཁྲི་གཅིག་ཡན་ནས་འབུམ་གཅིག་མན་བར་གྱི་དངུལ་ཆད་གཅོད་དགོས།
       སིལ་འཚོང་རྒྱག་མཁན་གྱིས་སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ། བཀག་སྡོམ་དང་ཚོད་འཛིན་དཀར་ཆག་ནང་གི་འབེབས་འབྱེད་བྱེད་མི་ཐུབ་པའི་སྤྱོད་ཐེངས་གཅིག་ཅན་གྱི་འགྱིག་རྫས་བེད་སྤྱོད་དམ་ཡང་ན་མཁོ་འདོན་བྱས་ནས་བེད་སྤྱོད་བྱེད་དུ་བཅུག་ཚེ། རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། གྲོང་ཁྱེར་དོ་དམ་སྡེ་ཁག་གིས་འགན་འཁྲིའི་ལས་བགོས་ལྟར། དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བཀའ་བཀོད་གཏོང་དགོས་པ་དང་། ཁྲིམས་འགལ་ངང་ཕྱིར་འཚོང་བྱས་པའི་འབེབས་འབྱེད་བྱེད་མི་ཐུབ་པའི་སྤྱོད་ཐེངས་གཅིག་ཅན་གྱི་འགྱིག་རྫས་གཞུང་བཞེས་གཏོང་དགོས། དུས་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ན། སྒོར་བརྒྱ་ཡན་ནས་ལྔ་བརྒྱ་མན་བར་གྱི་དངུལ་ཆད་གཅོད་དགོས།
       དོན་ཚན་སུམ་ཅུ་པ། རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་དེའི་ལས་སྒྲུབ་མི་སྣས་འབེབས་འབྱེད་བྱེད་མི་ཐུབ་པའི་འགྱིག་རྫས་ཀྱི་བརྫད་སྐྱོན་འགོག་བཅོས་དང་ལྟ་སྐུལ་དོ་དམ་བྱ་བའི་ཁྲོད་འགན་དབང་གང་བྱུང་དུ་སྤྱོད་པ་དང་། ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ། རང་ཞེན་གཡོ་ཟོལ་བཅས་བྱས་ཚེ། འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་བའི་མི་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས་པ་དང་། ཉེས་ཚད་ལོན་པའི་རིགས་ལ། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས།
       དོན་ཚན་སོ་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་གཞན་དག་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་གཏན་འབེབས་བྱས་ཟིན་ན། གཏན་འབེབས་དེར་བསྟུན་དགོས།
       དོན་ཚན་སོ་གཉིས་པ། སྲོལ་ཡིག་འདི2024ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་དགོས།
འབྲེལ་ཡོད་འོས་སྦྱོར།