logo

མཚོ་ལྷོ་ཁུལ་གྱིས་ཡོམ་འགོག་གནོད་སེལ་གྱི་བཀོད་གཏོང་ཚོགས་འདུ་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2023-12-21 ཀློག་གྲངས།:
       ཟླ12པའི་ཚེས19ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་ཆེད་དུ་མེ་ཟོན་རོགས་སྐྱོབ་བཀོད་འདོམས་ལྟེ་གནས་སུ་བསྐྱོད་དེ། བརྙན་ལམ་ནས་མཚོ་ཤར་གནོད་འཚེའི་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་བསྐྱོད་པའི་རང་ཁུལ་གྱི་མེ་ཟོན་ལས་བཟོ་མི་སྣར་འཚམ་འདྲི་བྱས་ཤིང་། དེའི་རྗེས་སུ་ཡོམ་འགོག་གནོད་སེལ་གྱི་བཀོད་གཏོང་ཚོགས་འདུ་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལིན་ཞཱ་ཁུལ་ཅི་ཧྲི་ཧྲན་རྫོང་ལ་རིམ་པ6.2ཅན་གྱི་ས་ཡོམ་བྱུང་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཆིང་གིས་མཚན་བཀོད་མཛུབ་སྟོན་གནང་བའི་དགོངས་དོན། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བཀོད་གཏོང་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པར་མ་ཟད། ཧྲུའུ་ཅི་ཁྲིན་ཀང་དང་ཧྲིན་ཀྲང་ལུའོ་ཞའོ་ཅོན་གྱི་བྱ་བའི་བླང་བྱ་ལག་བསྟར་བྱེད་པ། ཚོགས་འདུ་ལས་ཁུལ་ཡོངས་ཀྱི་ཡོམ་འགོག་གནོད་སེལ་གྱི་བྱ་བའི་གནས་ཚུལ་ལ་བཀོད་གཏོང་བྱས་པ་དང་། རྗེས་ཕྱོགས་ཀྱི་བྱ་བའི་བཀོད་འདོམས་ལ་འཆར་གཞི་བཟོས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་གཉིས་ཚོགས་འདུར་ཞུགས་ཏེ་གཏམ་བཤད་གནང་།
       ཚོགས་འདུ་ལས་གཅིག་ནི་ས་གནས་ཁག་གི་སྡེ་ཁག་སོ་སོས་སློབ་གྲྭ་དང་སྨན་ཁང་། རྒན་གསོ་ཁང་དང་དགོན་སྡེ་སོགས་མི་འདུས་སྡོད་མང་ས་དང་ཉེ་འཁོར་གྱི་སྡེ་བ། སྒོས་སུ་ཡོམ་དཀྱིལ་ལ་ཅུང་ཉེ་བའི་ས་ཁུལ་གྱི་གནོད་ཐེབས་མང་ཚོགས་ཀྱི་གནས་ཚུལ་ལ་གྲལ་བཤེར་ཞིབ་མོ་བྱ་དགོས་པའི་བླང་བྱ་བཏོན། གཉིས་ནས་ས་གནས་ཁག་གི་སྡེ་ཁག་སོ་སོས་མང་ཚོགས་ལ་རྩ་འཛུགས་དང་སྐུལ་སློང་བྱས་ཏེ་མང་ཚོགས་ལ་གནོད་འཚེ་ཕོག་ཚུལ་དང་ཐོན་སྐྱེད་འཚོ་བའི་སྒྲིག་བཀོད་ཀྱི་བདེ་འཇགས་བྱུར་རྐྱེན་གྲལ་བཤེར་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། ཆུ་རྐ་དང་ཆུ་མཛོད། ཆུ་གློག་ས་ཚིགས་སོགས་ཆུ་བེད་སྒྲིག་བཀོད་དང་གཞུང་ལམ། ཟམ་པ། ཕུག་ལམ་སོགས་འགྲིམ་འགྲུལ་སྒྲིག་བཀོད་དང་གློག་ཤུགས་འཕྲིན་གཏོང་སྒྲིག་བཀོད་གཙོ་གནད་དུ་བཟུང་ནས་གྲལ་བཤེར་བྱས་ཏེ། བདེ་འཇགས་དང་རྒྱུན་ལྡན་ངང་ཤར་གཏོང་ཐུབ་པར་འགན་ལེན་བྱ་དགོས། གསུམ་ནས་ས་གནས་ཁག་གི་སྡེ་ཁག་སོ་སོས་དུས་དང་རྣམ་པ་ཀུན་ཏུ་རོགས་སྐྱོབ་བྱ་བའི་ཁྲོད་ཞུགས་རྒྱུའི་གྲ་སྒྲིག་བཟང་པོ་བྱེད་པ་དང་མང་ཚོགས་གནས་སྤོ་བཀོད་སྒྲིག་གི་གྲ་སྒྲིག་བཟང་བོ་བྱས་ཏེ། ཐོལ་བྱུང་གནས་ཚུལ་འོག་མང་ཚོགས་རྣམས་སྔོན་ལ་གནས་སྤོར་དགོས་པ་དག་སྔོན་ལ་སྤོར་ཐུབ་པར་བྱ་དགོས། བཞི་ནས་འཚོ་བའི་དངོས་ཟོག་མཁོ་འདོན་གྱི་གྲ་སྒྲིག་བྱ་བ་ཡག་པོ་བསྒྲུབ་ནས་ས་གནས་ཁག་གི་སྡེ་ཁག་སོ་སོས་མང་ཚོགས་ལ་འཐུང་ཆུ་མཁོ་འདོན་བྱེད་པར་ཤུགས་སྣོན་བྱ་དགོས་ཤིང་། འཕྲལ་སྡོམ་རོགས་སྐྱོབ་སྡེ་དག་གིས་རོགས་སྐྱོབ་དངོས་ཟོག་སོགས་གྲ་སྒྲིག་ཡག་པོ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་རོགས་སྐྱོབ་འགན་ལེན་བྱ་དགོས། ལྔ་ནས་སྤྱི་ཚོགས་ཀྱི་གླེང་ཚུལ་དོ་དམ་ཚོད་འཛིན་དང་སྡེ་ཁག་མཉམ་འགུལ་ལ་ཤུགས་སྣོན་བྱས་ནས། གླེང་ཚུལ་ཡོད་ཚེ་དུས་ཐོག་ཏུ་ཐག་གཅོད་བྱ་དགོས་ཤིང་དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་བརྒྱུད་སྒྲོག་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱི་ཡོངས་འཆམ་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱ་དགོས། དྲུག་ནས་ས་ཡོམ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བྱས་ཏེ། ཆུ་ཚོད24ཡི་ལས་རེས་ཡག་པོ་བྱས་ནས་མི་རྒྱུ་དངོས་གསུམ་གྲ་སྒྲིག་བྱས་ཏེ་རོགས་སྐྱོབ་བྱ་རྒྱུ་འགན་ལེན་བྱ་དགོས། བདུན་ནས་ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་ཡོངས་ནས་རོགས་སྐྱོར་བྱེད་པའི་སྙིང་སྟོབས་དར་སྤེལ་དུ་བཏང་ནས་ལས་བགོའི་འགན་གཉེར་གྱི་འཕྲལ་སྡོམ་འགན་འཁུར་བློ་མཐུན་དང་འཕྲལ་སྡོམ་སྡེ་ཁག་གིས་གནོད་ཁུལ་ལ་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་དགོས་པ་དང་། གལ་ཏེ་དགོས་མཁོ་ཡོད་ཚེ་རོགས་སྐྱོབ་རུ་ཁག་མངགས་གཏོང་བྱེད་པའི་རྨང་གཞིའི་ཐོག་མུ་མཐུད་དུ་རོགས་སྐྱོར་དང་རྒྱབ་སྐྱོར་བྱ་དགོས་པའི་བླང་བྱ་བཏོན།
འབྲེལ་ཡོད་འོས་སྦྱོར།