logo

ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས། དུས་ཚོད།:2024-06-25 ཀློག་གྲངས།:
ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།
མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

 
ཟླ6ཚེས18ཉིན་དང་ཚེས19ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས18ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཟི་ལིང་གྲོང་ཁྱེར་ཁྲེང་ཀྲུང་ཆུས་སུ་ཡོད་པའི་ཙོང་ཁ་དགོན་དུ་རྟོག་ཞིབ་གནང་བཞིན་པ།
ཟླ6ཚེས18ཉིན་དང་ཚེས19ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས18ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་རྟོག་ཞིབ་གནང་སྐབས་དགེ་སློབ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།
       ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། མཚོ་སྔོན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོ་ཆུད་པ། རང་ངོས་ཀྱི་ལེགས་ཆ་གང་ལེགས་འདོན་པ། སྒྱུར་བཅོས་གཏིང་ཟབ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་འབྱོར་ཕྱུག་མཐའ་འཁྱོངས་བཅས་བྱས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕེལ་རིམ་དེ་བས་ཆེ་བ་ཐོན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
       ཟླ6ཚེས18ཉིན་དང་ཚེས19ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཀང་དང་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱི་ཕེབས་རོགས་འོག ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་གྱི་སློབ་གྲྭ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ་སོགས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
       ཚེས18ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་དང་ཐོག་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ལ་རྟོག་ཞིབ་གནང་བར་ཕེབས་ཤིང་། སློབ་གྲྭ་དེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཁོངས་སུ་གཏོགས་པའི་ཞག་སྡོད་ལམ་ལུགས་ཀྱི་སློབ་འབྲིང་ཞིག་ཡིན་ཞིང་། ཧྲང་ཧའེ་གྲོང་ཁྱེར་གྱིས་མ་དངུལ་བཏང་ནས་བསྐྲུན་པ་ཞིག་རེད།
       ཞི་ཅིན་ཕིང་གིས་ཧྲང་ཧའེ་སོགས་ཤར་རྒྱུད་ས་ཁུལ་གྱིས་མཚོ་སྔོན་གྱི་སློབ་གསོའི་ལས་དོན་དང་སློབ་གྲྭ་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པའི་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་པ་དང་འབྲེལ་སློབ་མའི་གྲུབ་ཆ་དང་། སློབ་ཚན་བཀོད་སྒྲིག ལུས་རྩལ་སྦྱོང་བརྡར། སྤྱི་སྐད་ཀྱི་ཆུ་ཚད་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། ཟ་ཁང་དང་ཉལ་ཁང་དུ་ཕེབས་ནས་སློབ་མའི་བཟའ་བཏུང་དང་ཞག་སྡོད་ཀྱི་ཆ་རྐྱེན་ལ་གཟིགས་པ་མ་ཟད། ད་དུང་ཟ་ཁང་གི་ལས་དོན་པར་ངེས་པར་དུ་སློབ་མའི་བཟའ་བཏུང་བདེ་འཇགས་དང་རོ་བཅུད་གཉིས་ལྡན་ཡོང་བའི་འགན་ལེན་བྱེད་དགོས་པའི་བཀའ་མངགས་ཀྱང་གནང་བ་རེད། དེ་རྗེས་ཁོང་མཐོ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་དང་པོར་ཕེབས་ནས“དུས་རབས་གསར་པ་དང་ཕ་ཡུལ་གསར་པ”བརྗོད་དོན་གཙོ་བོར་བྱས་པའི་བསམ་བློ་ཆབ་སྲིད་སློབ་ཚན་ལ་གཟིགས་ཞིབ་གནང་ཞིང་། སློབ་གྲྭས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ནང་དོན་རྒྱུན་གཏན་སློབ་ཁྲིད་ནང་བཅུག་པ་མཁྱེན་པ་དང་། ཕྲུ་གུ་ཚོས་དུས་རབས་གསར་པའི་ཕ་ཡུལ་གྱི་དགའ་འོས་པའི་འགྱུར་ལྡོག་གླེང་བཞིན་པ་གསན་པ། ཕྲུ་གུ་ཚོས་བྲིས་པའི་རི་མོར་གཟིགས་རྗེས་ཞི་ཅིན་ཕིང་ཐུགས་ཧ་ཅང་མཉེས་པོ་བྱུང་ཞིང་། ཁོང་གིས་སློབ་གསོ་ཚུད་པའི་ཤར་ནུབ་མཉམ་ལས་དང་ཁ་གཏད་རོགས་སྐྱོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་འདུག དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་མཚོན་པ་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་གང་ལེགས་མཚོན་གྱི་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་གཙོ་གནད་ཅིག་ཏུ་བརྩིས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད་དང་། དུས་རབས་གསར་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བའི་གཏམ་རྒྱུད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་བཅས་ཡག་པོ་བརྗོད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆུང་བྱིས་པའི་དུས་ནས་ཕྲུ་གུ་ཚོའི་སེམས་ནང་འཇགས་པར་བྱེད་དགོས་ཞེས་གསུངས་པ་རེད།
       སློབ་ཁྲིད་ཐོག་ཁང་མདུན་གྱི་ཐང་ཆེན་དུ་དགེ་སློབ་ཚོས་འཚང་ཁ་ཤིག་ཤིག་ངང་རུབ་ཡོང་སྟེ་སྐད་གསང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྱང་བྱམས་བརྩེའི་ངང་ཚང་མར་ང་རང་ད་རེས་ཟི་ལིང་དུ་ཡོང་བར་དང་ཐོག་དགེ་རྒན་དང་སློབ་གྲོགས་ཚོར་བལྟ་བར་ཡོང་བ་ཡིན། ཧྲང་ཧའེ་ཡིས་རོགས་སྐྲུན་བྱས་པའི་སློབ་འབྲིང་འདིས་མགོ་ལོག་འབྲོག་ཁུལ་ནས་ཡོང་བའི་མི་རིགས་ཁག་གི་ཕྲུ་གུ་གསོ་སྐྱོང་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་འདུག་ལ་ཕུགས་ཀྱི་དོན་སྙིང་ཟབ་མོ་ཡང་ལྡན་འདུག སླད་ཕྱིན་ཕྲུ་གུ་ཚོས་འདི་གའི་ཆ་རྐྱེན་ཡག་པོར་གཅེས་སྤྲས་ལྡབ་བརྒྱ་བྱེད་པ་དང་། བཀའ་དྲིན་སེམས་ལ་བརྟན་པོར་བཅངས་ནས་སློབ་སྦྱོང་ཡག་པོ་བྱེད་པ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་ཤུལ་འཛིན་པ་དང་འཛུགས་སྐྲུན་པར་འགྱུར་རྒྱུའི་སེམས་ཐག་བཅད་ནས་རང་ཉིད་ཀྱི་མི་ཚེར་བཀྲག་མདངས་རྒྱས་པའི་གོ་སྐབས་བརྩོན་ལེན་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་མ་ཟད། ད་དུང་ཕྲུ་གུ་ཚོ་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་གཟུགས་གཞི་བདེ་ཐང་ཡོང་བའི་སྨོན་འདུན་ཡང་ཞུས་གནང་བ་རེད།
       དེ་རྗེས་ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་གྱི་དབུས་སུ་གནས་པའི་ཙོང་ཁ་དགོན་དུ་ཕེབས་ཤིང་། དགོན་པའི་ར་སྐོར་གྱི་མདུན་དུ་ཙོང་ཁ་དགོན་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་སྤྱི་ཁྱབ་ཧྲུའུ་ཅིར་མཇལ་དར་ཕུལ་བ་དང་། དགེ་འདུན་པས་སྤོས་བདུག་པ་དང་གདུགས་བསྐོར་ཏེ་སྤྱི་ཁྱབ་ཧྲུའུ་ཅིར་བསུ་བ་ཞུས་པ་རེད། ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིའི་འགྲེམས་སྟོན་སོགས་ལ་གཟིགས་ཞིབ་གནང་བ་དང་། དགོན་པའི་ལོ་རྒྱུས་དང་གསར་བརྗེ་པ་རྒན་རབས་ཚོས་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ལ་ཐུགས་ཁུར་དང་སྐུལ་འདེད་བཏང་བའི་གནས་ཚུལ་མཁྱེན་རྟོགས་གནང་བ། ཚོགས་ཆེན་འདུ་ཁང་དུ་ཕེབས་ཏེ་དགོན་པའི་རྒྱུན་གཏན་གྱི་དོ་དམ་ལ་ཤུགས་སྣོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་གྱི་ངོ་སྤྲོད་གསན་པ་རེད། ཞི་ཅིན་ཕིང་གིས། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཙོང་ཁ་དགོན་གྱིས་ཀྲུང་དབྱང་སྲིད་གཞུང་སྐབས་རིམ་བྱུང་དང་བོད་བརྒྱུད་ནང་བསྟན་དབར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་སྦྲེལ་ཟམ་ལྟ་བུའི་ནུས་པ་ཧ་ཅང་གལ་ཆེན་བཏོན་ཡོད། རྩ་ཆེ་བའི་ལོ་རྒྱུས་དང་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་ཡག་པོ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་དགོས། གསར་བརྗེ་པ་རྒན་རབས་རྣམས་ལ་སློབ་སྦྱོང་བྱས་ནས་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དང་། མི་རིགས་ཀྱི་ལས་དོན། ཆོས་ལུགས་ཀྱི་ལས་དོན་བཅས་སྔར་བས་ལེགས་པར་སྒྲུབ་དགོས་ཞེས་བསྟན་གནང་བ་དང་འབྲེལ། ཞི་ཅིན་ཕིང་གིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར། རྒྱ་ཆེའི་དད་ལྡན་མང་ཚོགས་ཚུད་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་དགོས། མཚོ་སྔོན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་ཀྱང་གནང་བ་རེད།
       ཚེས19ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་རྗེས་མཚོ་སྔོན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།
       ཞི་ཅིན་ཕིང་གིས་བསྟན་དོན། མཚོ་སྔོན་གྱིས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཡོད་པས། ཐོན་ལས་འཕེལ་རྒྱས་གཏོང་བར་ངེས་པར་དུ་གནད་ཆེར་དམ་འཛིན་དང་གནད་མེད་ཟུར་འཇོག་མཐའ་འཁྱོངས་བྱས་ཏེ། ཡུལ་དེ་གའི་ཁྱད་ཆོས་དང་ལེགས་ཆ་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་ཧུར་ཐག་བྱེད་དགོས་པ་དང་། ཐོན་ཁུངས་ཀྱི་གཞི་རྒྱུ་གཙོ་བོ་གཅིག་སྡུད་ནུས་ལྡན་བྱས་ནས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་སྐྲུན་པ་དང་། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཀྱི་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་གཏོད་དགོས། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་ཕྱོགས་སྒྱུར་གཉིས་ཀར་ཕྱོགས་གཉིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལག་རྩལ་གསར་པ་རྒྱ་ཁྱབ་ངང་བེད་སྤྱོད་དང་། ཡུལ་བབ་དང་བསྟུན་ནས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་མཐོར་གཏོང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་དགོས། སྔར་ལས་ལྷག་པ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་སོགས་འཐབ་ཇུས་གལ་ཆེན་དང་རང་འགུལ་ངང་འབྲེལ་མཐུད་བཅས་བྱས་ནས་ལྗང་མདོག་དར་གོས་ལམ་བུ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཞིང་ཆེན་ནང་ཁུལ་གྱི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ། ཟི་ལིང་དང་། མཚོ་ཤར། མཚོ་ནུབ་བཅས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གྱིས་རྫོང་ཁོངས་ཀྱི་དཔལ་འབྱོར་དང་ཁྱད་ལྡན་ཐོན་ལས་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་གཏོང་དགོས།
       ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་སྣ་མང་ཕུན་སུམ་ཚོགས་ལ་ཧ་ཅང་ཉམས་ཞན་ཡིན་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་ཀྱི་ནུས་པ་ཆེ་ཤོས་མངོན་འགྱུར་བྱེད་པ་ནི་ས་ཁོངས་དེའི་ལས་འགན་གཙོ་བོ་ཞིག་རེད། སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་ནན་ཏན་དང་བྱེད་ནུས་ཁུལ་གྱི་འཆར་འགོད་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་སྐྲུན་དགོས། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་མ་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོའི་འདུ་འགོད་གལ་ཆེན་གང་མགྱོགས་ལག་ལེན་བསྟར་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་སྲ་བརྟན་དང་ཆེ་རུ་གཏོང་དགོས། དེའི་ནང་གལ་འགངས་ཆེ་ཤོས་ནི་གཙང་གསུམ་ཆུ་འགོའི“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ལ་སྲུང་སྐྱོང་ཡག་པོ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས་ཏེ་ཆུ་རྩ་གསོ་འཁྱོངས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་རེད། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བསྐྲུན་པར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དཔེ་མཚོན་གཏོད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་འབུད་ཉུང་དུ་གཏོང་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་མཐུན་འཕྲོད་ཅན་གྱི་ཐོན་ལས་འཕེལ་རྒྱས་གཏོང་བ། ནུས་རྒྱུའི་མ་ལག་གསར་པ་གང་མགྱོགས་འཛུགས་སྐྱོང་བྱེད་པ་བཅས་བྱེད་དགོས།
       ཞི་ཅིན་ཕིང་གིས་བསྟན་དོན། དམངས་འཚོར་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ་དང་། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་བྱེད་པ། དམངས་འདོད་དང་མཐུན་པ་དང་། དམངས་ལ་ཕན་པ། དམངས་སེམས་དྲོ་བ་བཅས་ཀྱི་བྱ་བ་དངོས་མང་ཙམ་བསྒྲུབས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་བཀོད་པར་སྤྱི་འདོམས་འཆར་འགོད་བྱས་ཏེ། གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་མཉམ་རང་བཞིན་དང་ཁྱབ་ནུས་རང་བཞིན་ཆེ་རུ་གཏོང་དགོས། གྲོང་གསེབ་དར་རྒྱས་གཏོང་བར་ཞིང་འབྲོག་པར་འབབ་འཕར་ཡོང་བའི་གཙོ་གནད་དེ་མངོན་གསལ་དོད་དུ་བཏང་ནས་ས་མཐོའི་ཁྱད་ལྡན་སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ལྗང་མདོག་དང་སྐྱེ་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་བཏང་སྟེ་ས་མཐོའི་ཁྱད་ལྡན་ཡུལ་ཟོག་ཐོན་རྫས་ཀྱི་སྤུས་རྟགས་གཏོད་དགོས། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གོམས་སྲོལ་ངན་པ་སྒྱུར་བར་སྐུལ་འདེད་གཏོང་དགོས། དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱས་ཏེ་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐོན་པར་འགན་ལེན་བྱེད་དགོས། ཅི་ཧྲི་ཧྲན་གྱི་ས་ཡོམ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས།
       ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མཚོ་སྔོན་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་གཅིག་སྡུད་ཆེ་བའི་ཞིང་ཆེན་ཞིག་ཡིན་པས། མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེན་པོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་ཏེ། མི་རིགས་ཁག་ཕྱོགས་ཡོངས་ནས་གཅིག་མཐུན་དང་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་དང་། ལྷག་པར་དུ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།
       ཞི་ཅིན་ཕིང་གིས། མིག་སྔར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བཞིན་ཡོད་པས་དངོས་འཛིན་དངོས་སྦྱོང་དང་། མགོ་མཇུག་ཡོད་པ། སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱས་ཏེ་སྒྲིག་ཁྲིམས་ལ་བརྩི་སྲུང་དང་སྒྲིག་ཁྲིམས་ལག་བསྟར་ལ་སྐུལ་འདེད་གཏོང་དགོས་པ་དང་། སྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་བྱས་པའི་དུས་རབས་ཀྱི་སྙིང་སྟོབས་དང་མཚོ་བོད་ས་མཐོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། ཏང་ཡོན་དང་ལས་བྱེད་པར་བསམ་བློ་སྔར་བས་བཅིངས་འགྲོལ་དང་འདུ་ཤེས་ལ་འགྱུར་ལྡོག་བཏང་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་རང་འགན་ཐེག་པ་འཁུར་ལེན་བྱེད་རྒྱུའི་སྐུལ་ལྕག་གཏོང་དགོས། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་དང་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་གསུམ་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ་དང་ཕྱི་ཚུལ་རིང་ལུགས་ལ་རྒྱུན་མཐུད་ངང་བཅོས་སྒྲིག་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ལས་ཀར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ལ་བརྟེན་ནས་སྲོལ་བཟང་གི་སྤྱི་ཚོགས་ཁོར་ཡུག་ཆགས་པར་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་གནང་བ་རེད།
འབྲེལ་ཡོད་འོས་སྦྱོར།