ལིས་ཀང་གིས་ཐུན་ཏེ་དང་ཞིན་ཧེ་རྫོང་གི་བྱ་བ་གཙོ་བོར་རྟོག་ཞིབ་མཛུབ་སྟོན་གནང་བ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2024-12-18
ཀློག་གྲངས།:
ཉེ་སྔོན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཐུན་ཏེ་རྫོང་དང་ཞིན་ཧེ་རྫོང་དུ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་གཏོང་བ་དང་སྦྲེལ་མཐུད་ནུས་ལྡན་ཡོང་བ། གཞི་རིམ་ཏང་འཛུགས་སྐྱོང་གི་གཅིག་ཅན་དྲུག གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ། ལས་གཞི་གཙོ་བོའི་འཛུགས་སྐྲུན་དང་དགོན་སྡེ་དོ་དམ་སོགས་ཀྱི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བར་སོང་བ་རེད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་མཚོ་ལྷོར་རྟོག་ཞིབ་གནང་སྐབས་བཏོན་པའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ་སྲིད་ཇུས་གཞི་རིམ་དུ་དོན་འཁྱོལ་དང་བྱ་བའི་གཙོ་གནད་གཞི་རིམ་དུ་འཇོག་པ། འགག་རྩ་འཛིན་པ་དང་བྱེད་ཐབས་དངོས་འདོན་པ། ཕྱོགས་བསྡོམས་ཡག་པོ་བཅས་བྱས་ཏེ་བྱ་གཞག་གལ་ཆེན་ཁག་ལེགས་པོར་མཇུག་སྒྲིལ་བར་ཤུགས་རྒྱག་དགོས་ཞེས་བསྟན།
ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་འབེ་བཟའ་སྡེ་བ་དང་འབའ་ལུང་ཤང་འབའ་ཞོལ་མ་སྡེ་བ། ཞིན་ཧེ་རྫོང་དཔལ་ཁ་གྲོང་རྡལ་རི་ཕྱོར་སྡེ་བ་བཅས་སུ་ལིས་ཀང་གཡང་ག་མཚོ་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དང་དེང་རབས་ཞིང་ལས་ཐོན་ལས་གླིང་། སྡེ་བའི་འཕྲོད་བསྟེན་ཁང་། མང་ཚོགས་ཀྱི་ཁྱིམ་ཚང་བཅས་སུ་སོང་ནས་དབུལ་ཐར་ཁྱིམ་ཚང་གི་གནས་ཚུལ་དང་ཡོང་འབབ་ལག་དེབ་ལ་བལྟས་པ་དང་། ཞིང་ཕྱུགས་ལས་དེང་རབས་ཅན་གྱི་གཉེར་སྐྱོང་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས། དབུལ་ཐར་ཁྱིམ་ཚང་དང་སྤྱིར་བཏང་ཁྱིམ་ཚང་གི་ཡོང་སྒོ། དམངས་ཕན་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་རེད། ཁོང་གིས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལག་ལེན་གྱི་རྨང་གཞི་གལ་ཆེན་ཡིན་པ་ངེས་དགོས་པ་དང་བསམ་བློའི་འདུ་ཤེས་བསྒྱུར་ནས་ཚན་རྩལ་ལ་བརྟེན་ནས་འདེབས་འཛུགས་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་བ་དང་། སྐད་གྲགས་ཅན་གྱི་ཚོགས་པ་གདན་ཞུ་བྱས་ཏེ་རོང་འབྲོག་ཁུལ་གྱི་བེད་སྤྱོད་གཏོང་ཐུབ་མེད་པའི་རྒྱུ་ནོར་བེད་སྤྱོད་བྱེད་པ། འོད་བསྡུ་དང་ཚ་ནུས་ལག་རྩལ་སྤྱད་དེ་སྡེ་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་སྤྱི་ཡོངས་ཀྱི་ཕན་ནུས་ཆེར་གཏོང་བ་བཅས་བྱས་ཏེ་རོང་འབྲོག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་འདོན་དགོས། ཡོང་འབབ་ཀྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་རྒྱུར་དམིགས་ཏེ་འགུལ་རྣམ་གྱི་ཐོག་ནས་དཔྱད་བསྡུར་དབྱེ་ཞིབ་དང་དུས་ལྟར་ཞན་ཆ་ཁོང་དུ་ཆུད་པར་བྱས་ཏེ་དམངས་ཕན་སྲིད་ཇུས་དང་བྱེད་ཐབས་ཆེ་རུ་བསྐྱེད་པ། རོང་འབྲོག་མང་ཚོགས་ཀྱིས་ཞིང་ཕྱུགས་ལས་ཀྱི་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་། དྲ་ཐོག་ཚོང་དོན་བཅས་ལ་བརྟེན་ནས་ཡོང་འབབ་ཇེ་མཐོར་གཏོང་བའི་ཐབས་ལམ་རྒྱ་བསྐྱེད་གཏོང་བར་རྒྱབ་སྐྱོར་དང་སྐུལ་འདེབས་བྱས་ཏེ་བཟོ་སྐྲུན་གྱི་ལས་གཞི་འཛུགས་སྐྲུན་ནང་ས་གནས་ཀྱི་མང་ཚོགས་སྔོན་ལ་ལས་ཞུགས་བྱ་རྒྱུར་འབད་པ་བྱེད་པ། སྡེ་བ་དང་སྡོད་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་དང་། གཞི་རིམ་གྱི་འཐུས་མི་གཉིས་དང་ཨུ་ཡོན་གཅིག་ལ་སྐུལ་སློང་བྱེད་པར་ཧུར་ཐག་བྱས་ཏེ། རྙིང་བ་གསར་བརྗེ་དང་རིན་མེད་ཀྱིས་གཟུགས་པོར་བརྟག་དཔྱད་བྱེད་པ། ནད་གཉིས་ལ་སྨན་རིན་མི་དགོས་པར་སྨན་སྟེར་བ། ནོར་ལུག་ཤ་ཕྱིར་འཚོང་བྱེད་པར་རྒྱབ་སྐྱོར་བྱེད་པ་སོགས་དམངས་ཕན་སྲིད་ཇུས་དྲིལ་སྒྲོག་གི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་ཡོང་སྒོ་བརྟན་འཕར་ཡོང་བར་ཤུགས་རྒྱག་དགོས་ཞེས་བསྟན།
ཐུན་ཏེ་རྫོང་བཀྲ་ཤིས་ཆོས་ཐང་གི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ལིས་ཀང་གིས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་གླེང་མོལ་བྱས་ནས་ཚོགས་ཆེན་འདུ་ཁང་དང་གྲྭ་བཙུན་གྱི་ཉལ་ཁང་དུ་ལྟ་ཞིབ་གནང་ཞིང་། གྲྭ་བཙུན་གྱི་དོ་དམ་དང་ཆོས་ལུགས་བྱེད་སྒོ་སྤེལ་བ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་། བཀྲ་ཤིས་ཆོས་ཐང་གི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་ཏང་ཨུ་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ་ཁྲིམས་ལྟར་དོ་དམ་ལ་ཤུགས་སྣོན་བརྒྱབ་པར་ཁས་ལེན་གང་ལེགས་བྱས་པ་རེད། ཁོས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ནི་སྤྱི་ཚོགས་ལས་གྲུབ་པའི་གཞི་རྩའི་ཚན་པ་ཞིག་ཡིན་པས་དེའི་ཕན་ནུས་ངེས་པར་དུ་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་བླང་བྱ་དང་མཐུན་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་བྱ་བ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མུ་མཐུད་དུ་ཆེར་བཏང་སྟེ་དགོན་སྡེའི་དོ་དམ་གྱི་སྤུས་ཚད་དང་ཕན་འབྲས་སྔར་ལས་ཆེར་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱི་མི་སྣས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་མཐར་ཕྱིན་བྱ་རྒྱུར་སྣེ་ཁྲིད་དེ། ཏང་ལ་དགའ་ཞེན་ཡོད་པ་དང་རྒྱལ་ཁབ་ལ་དགའ་ཞེན་ཡོད་པ། ཆོས་ལུགས་ལ་དགའ་ཞེན་ཡོད་པ་བཅས་བྱེད་པ་དང་སྒེར་སེམས་མེད་པར་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུས་ནས་ཆོས་ལུགས་ཞི་མཐུན་ཡིན་པ་དང་སྤྱི་ཚོགས་བདེ་འཇགས་ཡིན་པ། མི་རིགས་འཆམ་མཐུན་ཡིན་པར་བྱས་རྗེས་འཇོག་དགོས་ལ། ཏང་གི་མི་རིགས་ཀྱི་རིག་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་དྲིལ་སྒྲོག་བྱེད་པར་ཤུགས་བརྒྱབ་སྟེ། རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས་གྲྭ་བཙུན་དང་དད་ལྡན་མང་ཚོགས་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་ཡོང་དགོས་ཞེས་ནན་གྱིས་བསྟན།
ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་ལོ་དགུའི་ལམ་ལུགས་ཞག་སྡོད་སློབ་གྲྭའི་ལས་གཞི་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་སུ་ལིས་ཀང་གིས་ལས་གཞི་འཛུགས་སྐྲུན་དང་ཞིང་ཆེན་ཏང་ཨུའི་དམིགས་ཚད་ཡོད་པའི་བསྐྱར་ཞིབ་བྱེད་པའི་གནད་དོན་དག་ཐེར་བྱས་ཚུལ་ལ་ཉན་པ་དང་། ས་གནས་སྲིད་གཞུང་དང་ལས་གཞི་འཛུགས་སྐྲུན་དང་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཇུས་འགོད་ཀྱི་ཚད་གཞི་དང་ཨར་ལས་ཀྱི་ཚད་གཞིར་གཞིགས་ནས་འགན་འཁྲི་ནན་འཁུར་དང་ལས་འགན་ནན་སྒྲུབ་བྱས་ཏེ་སློབ་གྲྭའི་འཛུགས་སྐྲུན་གྱི་བྱ་བ་བདེ་བླག་ངང་ལེགས་འགྲུབ་ཡོང་བར་བྱ་དགོས་པ་དང་། སློབ་གསོ་སྡེ་ཁག་གིས་སློབ་གྲྭས་དགེ་རྒན་གྱི་སྟོབས་ཤུགས་ཆེར་བསྐྱེད་པ་དང་། སློབ་གྲྭའི་ཁོར་ཡུག་སྔོ་ལྗང་དུ་མཛེས་བཟོ། ཉེ་འཁོར་གྱི་ས་ཁོངས་དོ་དམ། སློབ་གྲྭའི་བདེ་འཇགས་བཅས་ལ་དམིགས་ཏེ་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཚད་གཞི་མཐོ་བའི་འཆར་འགོད་དང་སྤུས་ཚད་མཐོ་བའི་སྒོ་ནས་དོན་འཁྱོལ་བྱས་ཏེ་ཁྱིམ་བདག་དང་སློབ་མའི་བློ་ཡིད་ཚིམ་པའི་སློབ་སྦྱོང་གི་ཁོར་ཡུག་ཞིག་སྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།
དཀར་མོ་གཡས་འཁྱིལ་ཆུ་གློག་ས་ཚིགས་སུ་ལིས་ཀང་གིས་གློག་འདོན་ས་ཚིགས་ཀྱི་འཕྲུལ་ཆས1པོ་དང2པ་བདེ་བླག་ངང་དྲ་སྦྲེལ་ནས་གློག་གཏོང་ཐུབ་པར་རྟེན་འབྲེལ་ཞུས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ནས་ལས་གཞི་ལག་བསྟར་ལས་ཁུངས་ཀྱིས་བཏོན་པའི་དཀའ་ངལ་ལ་རེ་རེ་བཞིན་ལན་སློག་པ་དང་འགན་འཁྲིའི་ལས་ཁུངས་དང་འགན་འཁུར་མི་སྣ། ལེགས་འགྲུབ་དུས་བཀག་བཅས་ཁ་གསལ་བཟོས་ཏེ་གློག་འདོན་འཕྲུལ་ཆས3པ་ཟླ་མཇུག་ཏུ་གློག་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད། ཁོས་དཀར་མོ་གཡས་འཁྱོལ་ཆུ་གློག་ས་ཚིགས་ནི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྐྲུན་པའི་ལས་གཞི་གཙོ་བོ་ཞིག་ཡིན་པ་དང་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་། དམངས་ཚིས་ལེགས་བསྒྱུར། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་ལ་འཚོལ་ཞིབ་ཀྱི་ཕན་ཡོད་ལྡན་པས། ཁེ་ལས་དང་ཁུལ། རྫོང་། ཤང་། སྡེ་བ་བཅས་ཀྱི་ཐོན་ཁུངས་དང་སྟོབས་ཤུགས་བསྐྱེད་དེ་འབྲེལ་ཡོད་ཀྱི་བྱ་བ་གཙོ་བོ་མགྱོགས་མྱུར་བསྒྲུབ་པར་འབད་དེ་ལས་གཞིའི་ཕན་འབྲས་སྔ་ཙམ་འདོན་སྤེལ་ཐུབ་པར་འགན་ལེན་བྱ་དགོས་ཞེས་བསྟན་པ་རེད།
ཀྲུའུ་ལིན་གྱིས་འགྲོ་རོགས་བྱས།
ཀྲུའུ་ལིན་གྱིས་འགྲོ་རོགས་བྱས།
འབྲེལ་ཡོད་འོས་སྦྱོར།