logo

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་འཚོགས་འགོ་བརྩམས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-03-06 ཀློག་གྲངས།:
ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིང་ཞུའེ་ཞིང་། ལི་ཞི། ཧན་ཀྲེང་བཅས་ཚོགས་ཐོག་ཏུ་ཕེབས་ནས་རྟེན་འབྲེལ་ཞུས།
ཝང་ཧུའུ་ཉིང་གིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ། ཧྲི་ཐའེ་ཧྥེང་གིས་འགོ་འཛིན་མཛད། ཅང་ཙུའོ་ཅུན་གྱིས་གྲོས་འདོན་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ཕུལ།


ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས་འགོ་བརྩམས། འདི་ནི་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད་པའི་ཚུལ་རེད།
       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེམས་ཤུགས་གཅིག་སྒྲིལ་གྱིས་མཛེས་སྡུག་ལྡན་པའི་ལེའུ་མཉམ་དུ་འབྲི། འབད་འབུངས་ཡར་བརྩོན་གྱིས་ཡང་བསྐྱར་དུས་རབས་ཀྱི་ལེའུ་གསར་པ་རྩོམ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཚེས4ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་བརྩམས། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན2000ལྷག་གིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ནས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་དང་དམ་པོར་ཟུང་འབྲེལ་གྱིས་འགན་འཁྲི་བསྒྲུབས་པ་དང་སྲིད་གླེང་གྲོས་འདོན་བྱས་ཏེ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྒྲིལ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱས།
       ཟླ་གསུམ་པའི་པེ་ཅིན་དུ་དཔྱིད་ཀྱི་དཔལ་ཡོན་རྣམ་པར་རྒྱས། མི་དམངས་ཚོགས་ཁང་ཆེན་པོའི་ཚོམས་ཆེན་དུ་གློག་འོད་འཚེར་ཞིང་། རྣམ་པ་གཟབ་རྒྱས་དང་སྤྲོ་སེམས་འཁོལ་ཡོད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚོགས་རྟགས་ཀྲུའུ་ཞིའི་སྟེགས་བུའི་དཀྱིལ་དུ་བཀལ་ཡོད་པ་དང་། ཁ་དོག་རྣམ་པར་བཀྲ་བའི་དར་དམར་བཅུ་ཕྱོགས་གཉིས་སུ་བསྒྲེངས་ཡོད།
       རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཨུ་ཡོན2154ཞུགས་དགོས་པ་དང་། དངོས་སུ་མི2110ཞུགས་ཡོད་པས། གཏན་འཁེལ་མི་གྲངས་དང་མཐུན་པ་རེད།
       རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥེང་དང་། ཧུའུ་ཁྲུན་ཧྭ། ཧྲེན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོ་ཧོའུ་ཧྭ། ལེའང་ཀྲེན་དབྱིན། པ་ཐུར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲེན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥེང་། ཅང་ཞིན་ཀྲི། ཅང་ཙུའོ་ཅུན། ཧི་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲེན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།
       ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྲུའུ་ཞི་སྟེགས་བུར་བཞུགས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས།
ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས་འགོ་བརྩམས། འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཏུ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་བའི་ཚུལ་རེད།
       ཕྱི་དྲོའི་དུས་ཚོད3པར། ཧྲི་ཐའེ་ཧྥེང་གིས་ཚོགས་ཆེན་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་དང་། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཐོན་པོར་བླངས།
       ཚོགས་ཆེན་གྱིས་ཐོག་མར་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།
       ཝང་ཧུའུ་ཉིང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཏུ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།
       ཝང་ཧུའུ་ཉིང་གིས་བསྟན་དོན། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75འགོར་བའི་ལོ་ཡིན་ལ། “ལྔ་བཅུ་བཞིའི”འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བབ་བསྟུན་དང་ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་གལ་ཆེན་གསར་པ་བླངས་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པའི་ཆོད་སེམས་དང་ཡིད་ཆེས་སྔར་བས་སྲ་བརྟན་དུ་བཏང་ཡོད།
       ཝང་ཧུའུ་ཉིང་གིས་འདས་ཟིན་པའི་ལོ་གཅིག་རིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཕྱོགས་བསྡོམས་གནང་། ཁོང་གིས་གསུངས་རྒྱུར། 2024ལོ་ནི་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར75ལོན་པའི་ལོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ནས། དུས་རབས་གསར་པ་དང་འཐབ་ལམ་གསར་པར་མི་དམངས་སྲིད་གྲོས་བྱ་གཞག་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་རྩ་བའི་བརྩི་སྲུང་འདོན་སྤྲོད་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་དང་། “ཡིད་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ནས། ཏང་གི་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། དམངས་གཙོ་གྲོས་མོལ་བཅས་ཟུང་འབྲེལ་དམ་ཟབ་བྱེད་པ་རྒྱུན་འཁྱོངས་དང་། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་རྒྱུན་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་འགན་འཁྲི་སྒྲུབ་པ་རྒྱུན་འཁྱོངས། མི་དམངས་སྲིད་གྲོས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་རྒྱུན་འཁྱོངས། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགན་འཁྲི་སྒྲུབ་པའི་ནུས་པ་འཛུགས་པར་སྐུལ་འདེད་གཏོང་བ་རྒྱུནའཁྱོངས་བཅས་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དེ་སྲིད་གྲོས་བྱ་བའི་ཕྱོགས་སོ་སོའི་བརྒྱུད་རིམ་ཧྲིལ་པོའི་ནང་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སྔར་བས་ཤེས་རྟོགས་བྱེད་པ་དང་། བཅོས་སྒྱུར་སྔར་བས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་ལ་དམིགས་ཏེ་གྲོས་འདོན་ཇུས་འབུལ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་འགན་འཁྲི་སྒྲུབ་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་སྐུལ་སློང་བྱས་ཏེ། བྱ་བ་སོ་སོར་འཕེལ་རྒྱས་གསར་པ་བྱུང་ཡོད།
       ཝང་ཧུའུ་ཉིང་གིས་བསྟན་དོན། 2025ལོ་ནི“ལྔ་བཅུ་བཞིའི”འཆར་འགོད་མཇུག་འགྲིལ་བའི་ལོ་ཡིན་ལ། བཅོས་སྒྱུར་སྔར་བས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན། མི་དམངས་སྲིད་གྲོས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ཀྱི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་གིས་འཁུར་དགོས་པ་དང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ནས། “ལྔ་བཅུ་བཞིའི”འཆར་འགོད་ཀྱི་དམིགས་འབེན་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་ཡོང་བར་རོགས་རམ་བྱེད་པ་དང་། “ལྔ་བཅོ་ལྔའི”འགོ་ཡག་པོར་ཚུགས་པར་རྨང་གཞི་བརྟན་པོ་འདིང་དགོས།
       ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་ལ་ཁྱོན་ཡོངས་ནས་འགོ་ཁྲིད་པ་རྒྱུན་འཁྱོངས་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྲིད་གླེང་གྲོས་འདོན་ལ་སྐུལ་འདེད་གཏོང་བར་དམིགས་པ་དང་། མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་སྲ་བརྟན་དང་འབད་བརྩོན་གྱི་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། དུས་རབས་གསར་པ་དང་འཐབ་ལམ་གསར་པར་མི་དམངས་སྲིད་གྲོས་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ལ། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་མི་སེམས་དང་ཐུན་མོང་གི་ངོས་འཛིན། བློ་གྲོས། སྟོབས་ཤུགས་བཅས་རྒྱ་ཁྱབ་ཏུ་གཅིག་སྡུད་བྱེད་དགོས།
       རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཙུའོ་ཅུན་གྱིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཏུ་ཚོགས་ཆེན་ལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བ་རེད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ནས་བཟུང་། བསྡོམས་པས་གྲོས་གཞི6019བཏོན་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི5091ཐོ་འགོད་བྱས་པས། གྲོས་གཞི་ལས་སྒྲུབ་བྱེད་ཚད99.9%ལ་སླེབས་ཡོད། གྲོས་གཞི་དག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་སྔར་བས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ཐབས་འདོན་ཇུས་འབུལ་བྱེད་པར་དམིགས་ནས། བསམ་འཆར་དང་གྲོས་གཞི་འབོར་ཆེན་ཞིག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་སུ་བསྒྱུར་ནས། འབྲེལ་ཡོད་འཕེལ་རྒྱས་འཆར་འགོད་དང་བཅའ་ཁྲིམས་ཁྲིམས་སྲོལ། ལམ་ལུགས་ཡིག་ཆའི་ནང་དོན་འཁྱོལ་བྱས་པས། གྲོས་གཞིའི་ནུས་པ་སྔར་བས་མངོན་གསལ་དུ་གྱུར་ཡོད།
       ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་པའི་འགོ་ཁྲིད་བློ་མཐུན་ལ་ད་དུང་མ་ཞིན་རུའེ་དང་། ཝང་དབྱི། དབྱིན་ལི། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཧོ་ཝེ་ཏུང་། ཧི་ལི་ཧྥེང། ཀྲང་ཡིའུ་ཞ། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ཁྲེན་ཅི་ཉིང་། ཁྲེན་མིན་ཨེར། ཡོན་ཅ་ཅུན། ཧོང་ཁུན་མིང་། ལིའུ་ཅིན་གོ། ཝང་ཞའོ་ཧུང་། ཝང་ཏུང་མིང་། ཞའོ་ཅེ། ཀྲིན་ཅན་པང་། ཏིན་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཧོ་ཝེ། ཝུའུ་ཝེ་ཧྭ། ཐེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝེ། བློ་བཟང་རྒྱལ་མཚན། ཞུས་ཁེ་ལའེ་ཐི་ཀྲ་ཁི་ཨེར། ཝུའུ་ཀྲིན་ལུང་། ཁྲེན་དབྱི་ཆིན། ཀྲང་ཅུན། དབྱིན་ཡུང་སོགས་ཡོད།
       ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་འགོ་རྩོམ་ཚོགས་འདུར་ཟུར་ཞུགས་གནང་། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་དང་ཕྱི་རྒྱལ་གྱི་ཕྱིར་སྡོད་རང་མི་སོགས་གདན་ཞུས་ལྟར་འགོ་རྩོམ་ཚོགས་འདུར་ཞུགས། །
འབྲེལ་ཡོད་འོས་སྦྱོར།