logo

མཚོ་སྔོན་གྱིས“བཀག་སྡོམ་བརྒྱད”ཁྱབ་སྒྲོག་བྱས་ནས་དབྱར་རྩྭ་དགུན་འབུའི་ཉོ་ཚོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། དུས་ཚོད།:2025-09-02 ཀློག་གྲངས།:
       ཁྲོམ་རའི་ཉོ་ཚོང་སྒྲིག་ལམ་སྲུང་སྐྱོང་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་། དབྱར་རྩྭ་དགུན་འབུ་ཁྲོམ་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཉེ་ཆར་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་དབྱར་རྩྭ་དགུན་འབུ་ཁྲོམ་རའི་ཉོ་ཚོང་བྱེད་སྤྱོད་ཚད་ལྡན་དུ་གཏོང་བའི“བཀག་སྡོམ་བརྒྱད་”སྐོར་གྱི་དྲན་སྐུལ་དང་བསླབ་བྱ་ཁྱབ་བསྒྲགས་བྱས་ལ། དེའི་ནང་ལག་ཁྱེར་མེད་པར་ཚོང་གཉེར་བ་དང་། གོ་འཛོལ་ཅན་གྱི་ཁྲིད་སྟོན་ནོར་འཁྲུལ། རིན་གོང་གི་ཁ་བསླུས། ངོ་ཚབ་རྫུན་བཟོ། ཚོང་རྟགས་རྫུན་འགོད། བསྲེས་མ་བཅོས་མ། རྒྱ་ཚད་མི་ལོངས་པ། དྲིལ་བསྒྲགས་རྫུན་མ་བཅས་གཏན་འགོག་བྱེད་པའི་ཚུལ་མིན་བྱ་སྤྱོད་བརྒྱད་འདུ།
       གསལ་འདེབས་ཡི་གེ་ནང་དུ། དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་མཁན་ཚོང་པས་ཁྲིམས་ལྟར་ཁྲོམ་རའི་བྱེད་པོ་གང་དེར་ཐོ་འགོད་བྱེད་དགོས་པར་མ་ཟད། ཚོང་གཉེར་ལག་ཁྱེར་དེ་སྡོད་གནས་སམ་ཡང་ན་ཚོང་ཁང་གི་མཐོང་ས་གསལ་ས་ཞིག་ཏུ་འཇོག་དགོས། རི་སྐྱེས་ཀྱི་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་མཁན་གྱིས་གཉེར་སྐྱོང་ཁྱབ་ཁོངས་ཀྱི་དོན་དག་ཐོ་འགོད་བྱེད་སྐབས་རང་རྟོགས་ཀྱིས“རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་གཉིས་པ་ཡིན་པའི་རི་སྐྱེས་རྩི་ཤིང་ཉོ་འཚོང”རྣམ་གྲངས་ལ་རེ་ཞུ་བྱེད་དགོས། ཆ་རྐྱེན་འཛོམས་པའི་དབྱར་རྩྭ་དགུན་འབུ་ཉོ་ཚོང་ཁྲོམ་རས་འཆར་འགོད་བཀོད་སྒྲིག་ལུགས་མཐུན་བྱས་ཏེ“མིས་བཟོས་དབྱར་རྩྭ་དགུན་འབུ”དང“རི་སྐྱེས་དགུན་འབུ་དབྱར་རྩྭ”བྲིན་འཚོང་ཁུལ་སོ་སོར་ཕྱེས་ནས་ཕྱིར་འཚོང་བྱ་དགོས། གཅིག་བསྡུས་ཉོ་ཚོང་ཁྲོམ་རར་མ་གཏོགས་པའི་ཚོང་པ་ཚོས་ཚོང་ཁང་དུ“མིས་བཟོས་དབྱར་རྩྭ་དགུན་འབུ”དང“རི་སྐྱེས་དགུན་འབུ་དབྱར་རྩྭ”གཉིས་སོ་སོ་ཕྱེས་ནས་སྒམ་དུ་ཉར་ཚགས་བྱས་ནས་ཕྱིར་ཚོང་བྱ་དགོས་པ་བཅས་གསལ་འབེབས་བྱས།
       གཉེར་སྐྱོང་བྱེད་མཁན་གྱིས་དབྱར་རྩྭ་དགུན་འབུ་ཕྱིར་འཚོང་དང་ཉོ་སྒྲུབ་བྱེད་དུས་རིན་གོང་གསལ་འགོད་དང་། རིན་གོང་གི་རྣམ་གྲངས་ཆ་ཚང་བ་དང་། ནང་དོན་དོན་དངོས་ཡིན་ལ་ཡང་དག་པ། མཚོན་རྟགས་རྣལ་མ་བཅས་འགོད་དགོས་པ་ལས། རིན་གོང་རྫུན་མ་སམ་ཡང་ན་གཞན་གྱིས་གོ་ནོར་ཐེབས་པའི་བྱེད་ཐབས་སྤྱད་དེ་འཛད་སྤྱོད་པའམ་ཡང་ན་གཉེར་སྐྱོང་བྱེད་མཁན་གཞན་དག་ལ་མགོ་སྐོར་བཏང་ནས་ཉོ་ཚོང་བྱེད་དུ་འཇུག་མི་ཆོག གཉེར་སྐྱོང་པས“མིས་བཟོས་དབྱར་རྩྭ་དགུན་འབུ”ཕྱིར་འཚོང་བྱེད་སྐབས་རང་འགུལ་ངང་གསལ་པོར་བཤད་དགོས། “རི་སྐྱེས་དབྱར་རྩྭ་དགུན་འབུ”ཕྱིར་ཚོང་བྱེད་སྐབས་འཚོལ་བསྡུ་ལོ་དང་ཐོན་ཡུལ་སོགས་ཀྱི་ཆ་འཕྲིན་དོན་དངོས་དང་མཐུན་པའི་སྒོ་ནས་མཁོ་འདོན་བྱ་དགོས། “མིས་བཟོས་དབྱར་རྩྭ་དགུན་འབུ”དེ“རི་སྐྱེས་ཀྱི་དབྱར་རྩྭ་དགུན་འབུ”ལ་རྫུས་ནས་ཕྱིར་ཚོང་བྱེད་པ་གཏན་འགོག་བྱ་རྒྱུ། “མིས་བཟོས་དབྱར་རྩྭ་དགུན་འབུ”དེ“རི་སྐྱེས་དབྱར་རྩྭ་དགུན་འབུ”ནང་བསྲེས་ནས་ཕྱིར་ཚོང་བྱེད་པ་གཏན་འགོག་བྱ་རྒྱུ། “ཡ་ཞང་དབྱུག(亚香棒)དབྱར་རྩྭ”སོགས་རྩི་ཤིང་རིགས་དབྱར་རྩྭ་དགུན་འབུ་རུ་བརྫུས་ནས་བཙོང་པ་གཏན་འགོག་བྱེད་དགོས། དབྱར་རྩྭ་དགུན་འབུ་ཐོན་རྫས་ལ་ཐུམ་སྒྲིལ་བྱེད་དུས་མཚོན་རྟགས་ངེས་པར་དུ་དོན་དངོས་དང་མཐུན་ཞིང་ཡང་དག་ཡིན་དགོས། ཐོན་ཡུལ་དང་། ལྗིད་ཚད། འཚོལ་བསྡུ་ལོ་རིགས། ཐུམ་སྒྲིལ་དུས་ཚོད་སོགས་ཀྱི་ཆ་འཕྲིན་གསལ་པོར་འགོད་དགོས། མིས་བཟོས་དབྱར་རྩྭ་དགུན་འབུ་ཕྱི་ཐུམ་དུ“མིས་བཟོས་དབྱར་རྩྭ་དགུན་འབུ་”ཞེས་པའི་ཡི་གེ་གསལ་པོར་འགོད་དགོས། མིས་བཟོས་དབྱར་རྩྭ་དགུན་འབུ་ཐུམ་སྒྲིལ་ཐོག“རང་བྱུང”དང་། “རི་སྐྱེས”དང་། “གངས་ཁུལ་མཐོ་སྒང་”སོགས་རྫུན་མ་སམ་ཡང་ན་གོ་ནོར་རང་བཞིན་གྱི་ཆ་འཕྲིན་འགོད་མི་རུང་། ཚོང་གཉེར་པས་ཚོང་ཟོག་ནང་འདྲེན་ཞིབ་བཤེར་རྩིས་ལེན་ལམ་ལུགས་བཙུགས་ནས་བྱེད་ཐབས་སྤྱད་དེ་དབྱར་རྩྭ་དགུན་འབུ་ཕྱིར་འཚོང་གི་སྤུས་ཚད་ལ་འགན་སྲུང་བྱ་རྒྱུ། རུལ་སུངས་དང་ངོ་བོ་འགྱུར་བ། རུལ་འགྱུར་དང་འབུ་སྐྱེས་པ། གཙང་མ་མིན་པ། དངོས་རྫས་གཞན་འདྲེས་པའི་དབྱར་རྩྭ་དགུན་འབུ་སོགས་ཕྱིར་འཚོང་བྱ་མི་རུང་། མིས་བཟོས་བྱེད་ཐབས་ལ་བརྟེན་ནས་དབྱར་རྩྭའི་སྟེང་དུ་ཞ་ཉེ་དང་། ལྕགས། ཧ་ཡང་སོགས་དངོས་རྫས་གཞན་པའི་ཕྱེ་མ་གཏོར་བ་དང་། ལྗིད་ཚད་འཕར་བའི་ཞུ་ཁུ་སྦངས་བ་སོགས་ཀྱི་ཐབས་ལ་བརྟེན་ནས་དབྱར་རྩྭ་དགུན་འབུའི་ལྗིད་ཚད་ཇེ་མཐོར་བཏང་རྗེས་ཕྱིར་འཚོང་བྱེད་པ་སོགས་གཏན་འགོག་བྱ་རྒྱུ་ཡང་གསལ་འབེབས་བྱས་ཡོད་དོ། །
       དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་སྐབས་ཚད་འཇལ་ཡོ་བྱད་ཡང་དག་ཡོང་བར་འགན་སྲུང་བྱ་དགོས། རྒྱལ་ཁབ་ཀྱིས་དོར་དགོས་པའི་བཀའ་གསལ་བོར་བཀོད་པའི་ཚད་འཇལ་ཡོ་བྱད་རིགས་བེད་སྤྱོད་བྱས་མི་ཆོག ཞིབ་བཤེར་གཏན་འཁེལ་བྱས་མེད་པ་དང་། ཞིབ་བཤེར་གཏན་འཁེལ་གྱི་འཁོར་ཡུན་ལས་བརྒལ་བའམ་ཡང་ན་ཞིབ་བཤེར་གཏན་འཁེལ་བྱས་ཀྱང་ཚད་མ་ལོན་པའི་ཚད་འཇལ་ཡོ་བྱད་སོགས་བེད་སྤྱོད་བྱས་མི་ཆོག གཡོ་ལས་བྱེད་ནུས་ལྡན་པའི་ཚད་འཇལ་ཡོ་བྱད་སོགས་བཀོལ་མི་ཆོག ཚོང་གཉེར་པའི་ཁྲོམ་རའི་ཉོ་ཚོང་སམ་དྲ་རྒྱའི་ཚོང་གཉེར་དྲིལ་སྒྲོག་ནང་དོན་དོན་དངོས་དང་ཁྲིམས་མཐུན་ཡིན་དགོས། མཚམས་སྦྱོར་བརྡ་ཁྱབ་རྫུན་མ་ཁྱབ་སྒྲོག་བྱས་ནས་འཛད་སྤྱོད་པར་གོ་ནོར་དང་མགོ་སྐོར་གཏོང་མི་རུང་། དབྱར་རྩྭ་དགུན་འབུའི་ཕན་ནུས་སྒྲོ་འདོགས་བྱས་མི་ཆོག ནད་རིགས་གསོ་བཅོས་ཀྱི་བྱེད་ནུས་ཡོད་པ་སོགས་འགོད་མི་ཆོག
       ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཁྲོམ་རར་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཁྲིམས་འགལ་དང་སྒྲིག་འགལ་གྱི་གཉེར་སྐྱོང་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་བཏང་ནས་འཛད་སྤྱོད་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་དང་ཆབས་ཅིག རྒྱ་ཆེའི་འཛད་སྤྱོད་པས་དོགས་ཟོན་དང་རྗེས་དཔག་གི་འཛད་སྤྱོད་ལ་དོ་སྣང་བྱས་ཏེ། ཁྲིམས་འགལ་གྱི་ཁུངས་སྣེ་ཤེས་རྟོགས་བྱུང་ཚེ་ཁ་པར12315ལ་འབྲེལ་བ་བྱེད་པའམ་ཡང་ན་རྒྱལ་ཡོངས་ཀྱི12315སྟེགས་བུའི་ཐོག་ཞུ་གཏུག་དང་ཐེར་འདོན་བྱ་ཆོག་གོ །
འབྲེལ་ཡོད་འོས་སྦྱོར།