logo

ལིས་ཀང་གིས་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོར་སློབ་ཁྲིད་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2025-09-16 ཀློག་གྲངས།:
ལིས་ཀང་གིས་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོར་བསམ་བློའི་ཆབ་སྲིད་སློབ་ཁྲིད་བྱེད་སྐབས་དུས་སྐབས་བཟང་བོར་འཕྲད་ན་འབད་པ་ལྷོད་མེད་བྱས་ཏེ་ཕུལ་དུ་བྱུང་བའི་དེང་རབས་ཅན་གྱི་མཚོ་ལྷོའི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་བྱ་དགོས་ཞེས་ནན་གྱིས་བསྟན།
 
       ཉེ་སྔོན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོར་རྒྱ་ཆེའི་སློབ་མ་ཡོངས་དང་དགེ་རྒན་ཁག་ཅིག་གི་འཐུས་ཚབ་པར་བསམ་བློའི་ཆབ་སྲིད་ཀྱི་སློབ་ཁྲིད་བྱས་ཤིང་། ཁུལ་ཡོངས་ཀྱི་དགེ་རྒན་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་ནས། སློབ་གྲོགས་ཚོའི་ཤེས་བྱའི་རྨང་གཞི་བརྟན་པོ་ཡོང་བ་དང་ཆེད་ལས་ཀྱི་ནུས་རྩལ་ཁོང་དུ་ཆུད་པར་སྐུལ་ལྕག་བཏང་སྟེ། མ་འོངས་ཕུགས་འདུན་གྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་ཐུབ་པའི་ཕུལ་བྱུང་གི་དེང་རབས་ཅན་གྱི་མཚོ་ལྷོ་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་བྱེད་གང་ཐུབ་བྱ་དགོས་ཞེས་བསྟན།
       བསམ་བློའི་ཆབ་སྲིད་ཀྱི་སློབ་ཁྲིད་སྟེང་ལིས་ཀང་གིས་དུས་སྐབས་བཟང་བོར་འཕྲད་ན་འབད་པ་ལྷོད་མེད་བྱས་ཏེ་ཕུལ་དུ་བྱུང་བའི་དེང་རབས་ཅན་གྱི་མཚོ་ལྷོའི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་བྱ་དགོས་ཞེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ། རང་ཉིད་ཀྱི་ཉམས་མྱོང་དངོས་དང་མཐོང་ཐོས་མྱོང་གསུམ། བསམ་བློའི་གོ་རྟོགས་བཅས་པར་རིས་དང་ཡི་གེ སྒྲ་དང་བརྙན་གྱི་ལམ་ནས་རྒྱས་བཤད་བྱས་ཤིང་། སྔོན་ཆད་དང་ཉེ་འགྲམ་གྱི་སེམས་འགུལ་ཐེབས་པའི་མི་སྣའི་གཏམ་རྒྱུད་རེ་རེ་དྲངས་ནས། སློབ་གསེང་སྐབས་དགེ་སློབ་ཀྱི་འཐུས་ཚབ་དག་དང་གླེང་མོལ་བྱས་ཏེ། གསོན་ཉམས་ལྡན་པའི་བསམ་བློའི་ཆབ་སྲིད་ཀྱི་སློབ་ཁྲིད་ཐེངས་ཤིག་བྱས།
       ལིས་ཀང་གིས་ན་གཞོན་གྱི་དུས་སྐབས་ནི་མི་ཚེ་ཁྲོད་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་པའི་དུས་སྐབས་ཤིག་ཡིན་ཞིང་། ཚང་མར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཀྱི་བསམ་བློའི་སྟོབས་ཤུགས་བསྡུ་ལེན་དང་སྔོན་བྱོན་པ་རྣམས་ཀྱི་བསམ་བློའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་མུ་མཐུད་དུ་མདུན་བསྐྱོད་བྱ་དགོས། མི་ཚེའི་འགྲན་ལམ་ཁྲོད་མྱུར་ཚད་སྔར་ལས་མགྱོགས་པས་ཕུགས་འདུན་གྱི་ཕྱོགས་སུ་འབད་དགོས། ད་ལྟའི་དུས་སྐབས་གཅེས་འཛིན་བྱ་དགོས་ཏེ། སྤུས་ལེགས་སློབ་གསོ་དང་སྐྱེ་ཁམས་གནས་སྡོད། འབྱོར་ཕྱུག་བདེ་ལྡན་གྱི་དུས་སྐབས་བཟང་པོར་གཅེས་སྤྲས་བྱས་ནས། སློབ་སྦྱོང་གི་སྦྱངས་འབྲས་བཟང་བས་མེས་རྒྱལ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་དགོས་ཤིང་། ཕ་ཡུལ་ལ་དགའ་ཞེན་དང་ཕ་ཡུལ་འཛུགས་སྐྲུན་བྱ་རྒྱུ་དེ་མཚོ་ལྷོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་པ་དང་། ཕ་ཡུལ་གྱི་འཕོ་འགྱུར་ཕྱིར་ལྟ་བྱེད་པའི་བརྩེ་སེམས་དེ་སྒུལ་ཤུགས་སུ་བསྒྱུར་ནས་ཕ་ཡུལ་ལ་ལང་ཚོའི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། ཁ་ཕྱོགས་གསལ་ལ་དང་རིན་ཐང་མཚོན་དགོས་ཏེ། ཉིན་རྒྱུན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་དུ་ཁ་དན་ཚིག་གནས། ཕན་ཚུན་དགའ་བ། ཕན་ཚུན་རོགས་རེས་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་བྱས་ཏེ། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས། རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱ་དགོས། ཕུགས་བསམ་གྱི་མིག་རྒྱང་རིང་དགོས་ཏེ། མི་ཚེ་སྟོང་ཟད་དུ་མི་གཏོང་བ་དང་། སློབ་སྦྱོང་དང་བསམ་གཞིགས་གཏོང་བ། ནུས་པ་སྐྱེད་སྲིང་བྱེད་པ། དགེ་རྒན་ལ་བརྩི་བཀུར་ཡོད་པ། ཕ་མར་སྲི་ཞུ་བསྒྲུབ་པ། ཁྱིམ་ཚང་ལ་རང་ནུས་འབུལ་བ། ཕུགས་བསམ་དང་འགན་འཁྲི། སྡུག་རུས་བཅས་ཡོད་པའི་དུས་རབས་གསར་པའི་ན་གཞོན་སློབ་བུ་ཞིག་བྱ་དགོས་ཤིང་། ཕུགས་བསམ་གྱི་ཆེད་དུ་དཀའ་སྤྱད་སྡུག་རུས་བྱེད་ཕོད་པ་དང་། རྒྱལ་གཅེས་ཡུལ་གཅེས་ཀྱི་བརྩེ་བ་ཡོད་པ། ཕུགས་བསམ་གྱི་ཁ་ཕྱོགས་བརྟན་པ། ལང་ཚོའི་གསོན་ཤུགས་ངོམས་དགོས་ཞེས་བསྟན།
       ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་སློབ་གསོའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཀྲོང་དབྱི་ཡིས་མགོ་འཛིན་བྱས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཀྲང་ཅིས་ཙུང་ཚོགས་འདུར་ཞུགས། ཆབ་ཆར་སྡོད་པའི་ཁུལ་གཏོགས་མཐོ་འབྲིང་སློབ་གྲྭ་བཞི་ཡི་དགེ་སློབ་འཐུས་ཚབ་པ700ལྷག་གིས་ཐེངས་འདིའི་བསམ་བློའི་ཆབ་སྲིད་སློབ་ཁྲིད་ལ་ཉན་པ་རེད། །
འབྲེལ་ཡོད་འོས་སྦྱོར།