logo

༄༅། །གཏེམ་ལམ་མཚེའུ་རླན་ས་སྤྱི་གླིང་དུ་བྱ་ཁྱུ་ཁྲི་སྟོང་གི་མཛེས་སྡུག་ཞིང་ཁམས་གྲུབ།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-11-23 ཀློག་གྲངས།:
        དགུན་ཟླ་ཐོག་མའི་གོམ་ཁ་མཐོ་སྒང་གི་ཡུལ་གྲུ་ཀུན་ལ་སྤོ་བཞིན་པའི་དུས་འདིར། མཚོ་ནུབ་ཁུལ་དབུས་ལམ་རྫོང་ཐུང་ཕུའུ་གྲོང་རྡལ་དང་ཁི་ཁི་གྲོང་རྡལ་མངའ་ཁོངས་ཀྱི་གཏེར་ལམ་མཚེའུ་རྒྱལ་ཁབ་རླན་ས་སྤྱི་གླིང་དུ་བྱི་རིགས་སྣ་ཚོགས་ཁྱུ་དང་ཁྱུ་བྱས་ཏེ་རླན་སའི་ཁོར་ཡུག་ཀུན་ལ་མཛེས་སྡུག་གི་ཞིང་ཁམས་ཤིག་གྲུབ། བྱ་གག་དམར་པོ་དང་བྱ་གག་སེར་པོ། ངང་པའི་ཁྱུ་ཚོགས་བཅས་ཀྱིས་དྭངས་གཙང་གི་ཆུ་བོའི་ནང་དུ་རྩེད་འཇོར་རོལ་ཞིང་། སྐབས་རེར་མཁའ་དབྱིངས་སུ་འཕུར་ལ་སྐབས་རེར་ལྡིང་སྐོར་བརྒྱབ་ཏེ་ཕྱིར་མཚེའུའི་ནང་དུ་འབབ་བཞིན་ཡོད་པའི་རྣམ་པ་ནི་ཇི་འདྲའི་བརྗིད་ཆགས་ཤིང་མཛེས་སྡུག་ལྡན་པ་ཞིག་རེད། 
       སྔོ་ཞིང་སིང་བའི་ནམ་མཁའ་དང་སྤྲིན་དཀར་གྱི་ཚོམ་བུ། ད་དུང་རྒྱང་རིང་གི་གངས་རི་དང་མཚེའུ་ནང་གི་གསེར་མདོག་གི་ལྗོངས་རྣམ་བཅས་ཀྱིས་གནས་འདི་ན་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དག་ཞིང་གཞན་ཞིག་གྲུབ།        
        གཏེར་ལམ་མཚེའུ་རྒྱལ་ཁབ་རླན་ས་སྤྱི་གླིང་གི་ས་མགོ་མཐོ་ཚད་ལ་ཆ་སྙོམས་རྨི་2973ཡོད་ལ། དབུས་ལམ་རྫོང་གི་ཞི་ལེ་འགག་གྲོང་རྡལ་དང་བར་ཐག་སྤྱི་ལེ་15ཡོད། སྤྱི་གླིང་འདི་ནི་རླན་ས་རིགས་ཀྱི་ནང་ནས་མཚེའུ་རླན་ས་དང་བཞུར་ཆུའི་རླན་ས། ན་འདམ་རླན་ས་བཅས་ཀྱིས་གྲུབ་པ་ཞིག་ཡིན་ལ། རླན་སའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས་6693དང་གྲངས་ཆུང་25ཡོད། བཞུར་ཆུ་གཙོ་བོ་གཏེར་ལམ་ཆུ་བོ་དང་གསེར་ཁོག་ཆུ་བོ་གཉིས་ཀྱིས་མཚེའུ་གྲུབ་ཡོད་པ་ཡིན་ཞིང་། མཚེའུ་ཡི་རྒྱ་ཁྱོན་ལ་སྤྱི་ཆིངས་4533དང་གྲངས་ཆུང་88ཡོད།
 
        གནས་འདི་ནི་རང་བྱུང་མཉམ་འདུས་ཀྱི་སྲུང་སྐྱོང་ས་ཚུགས་ཤིག་དང་། ཚན་སློབ་ཁྱབ་གདལ། སྐྱེ་ཁམས་གནས་སྐོར། ཁམས་གསེང་གཏོང་བ་བཅས་ཕུང་བོ་གཅིག་འབྲེལ་གྱི་སྤྱི་གླིང་ཞིག་ཏུ་གྲུབ་ཡོད་ལ། མདོ་དབུས་མཐོ་སྒང་དུ་གྲང་འཁྱག་གི་རླན་ས་ཡི་ཁྱད་ཆོས་ལྡན་པའི་ས་ཁུལ་ཞིག་ཡིན།        
        ཉེ་བའི་ལོ་འགའི་ཚུན་ལ། གཏེར་ལམ་མཚེའུ་ལ་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། མིག་སྔར་གཏེར་ལམ་མཚེའུ་རླན་ས་སྤྱི་གླིང་དུ་བྱ་རིགས་62ཡོད་ལ། དེའི་ནང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱ་རིགས་8ཡོད།
        ལོ་རེར་ཁྲུང་ཁྲུང་ཆེན་མོ་དང་ཆུ་སྐྱ་དཀར་མོ། བྱ་གག་དམར་པོ་སོགས་ཁྱུ་ཚོགས་བྱས་ནས་ཆུ་རྩེད་རོལ་རོལ་ཞིང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རི་དྭགས་རིགས་སྟེ་ཁྲུང་ཁྲུང་སྐེ་ནག་དང་ངང་སྐེ་གཙོད་སོགས་རི་སྐྱེས་སྲོག་ཆགས་ཀྱིས་གནས་འདི་ནས་རྒྱུད་སྤེལ་བྱས་ནས། ས་བབ་ཀྱི་ཁྱད་ཆོས་ལྡན་པའི་སྐྱེ་དངོས་དང་སྲོག་ཆགས་ཀྱི་ལྗོངས་ཁམས་ཤིག་ཆགས་ཡོད་ཕྱིར། གནས་འདི་ལ་ལྟད་མོ་གཟིགས་ཞིབ་ཀྱི་རིན་ཐང་དང་ཚན་རིག་ཞིབ་འཇུག་གི་རིན་ཐང་ལྡན། 
གསར་འགོད་པ། བསོད་རྡོ།
འབྲེལ་ཡོད་འོས་སྦྱོར།