logo

༄༅། །རང་ཞིང་གི་ཐུན་ཏེ་རྫོང་ནག་བཟའ་སྡེ་བ་ནས་བྲག་བརྐོས་རི་མོ་ཞིག་གསར་རྙེད་བྱུང་།

རྩོམ་པ་པོ།:རྨོག་རུ་མཁར་རྒྱལ་བྱམས། ཡོང་ཁུངས།:ཡོངས་འཛིན། དུས་ཚོད།:2022-03-24 ཀློག་གྲངས།:
        ཕྲན་གུས་པའི་གྲོགས་པོ་ནག་བཟའ་རིག་འཛིན་ཚེ་རིང་གིས་ཁོའི་ཕ་ཡུལ་གྱི་ལུང་པ་ཞིག་ན་གནའ་བོའི་བྲག་བརྐོས་རི་མོ་མང་པོ་ཞིག་ཡོད་པ་དེ། ད་ལྟའི་བར་ཀུན་གྱི་མཐོང་ཆོས་སུ་མ་གྱུར་པ་དང་། དེར་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ཆེ་བ་སོགས་དགེ་མཚན་དུ་མ་དང་ལྡན་པས། ཡུལ་ག་ལ་བར་ངེས་པར་ཆས་ན་ཐོས་པའི་ནོར་དུ་འགྱུར་བའི་སྐུལ་མ་སོགས་ཀྱིས། སྤྱི་ལོ༢༠༢༡ལོའི་ཟླ༨པར། ལུང་པ་དེའི་བྲག་བརྐོས་རི་མོའི་གནས་ཚུལ་སྙན་ཞུའི་བགྱི་བ་ལྷུར་བླངས་པ་འོག་ཏུ་བཤད་པར་བྱའོ། །
དང་པོ། བྲག་བརྐོས་རི་མོའི་གནས་ཡུལ།
        ད་རེས་གསར་རྙེད་བྱུང་པའི་བྲག་བརྐོས་རི་མོ་འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་མངའ་སྡེ་ནག་བཟའ་སྡེ་བའི་ཤར་གྱི་གཞུང་ཐིག100°20'18"དང་། བྱང་གི་འཕྲེད་ཚད35°22'18ཀྱི་ཚད་ལ། མཚོ་དཔངས་རྨིད3430གི་མཚམས། དགུན་སའི་ལུང་པ་ནུབ་ལྟ་དེའི་གཙང་གི་ཤར་ངོས་དང་། གྲོག་རོང་གི་གཡས་འགྲམ་སོགས་སུ་ཁྱབ་ཡོད། དེང་གི་དུས་སུ་སྐད་གྲགས་ཆེ་བའི་རྫོང་རིའི་གནའ་ཤུལ་དང་སྤྱི་ལེ15ཡས་མས་ཀྱིས་ཕན་ཚུན་འདབས་འབྲེལ་དུ་གནས། ཡུལ་མིས་ངག་ཏུ་ལུང་པ་དེར་ནོར་ལུང་ཁོག་ཅེས་སུ་འབོད་འདུག །ཡུལ་དེ་ནི་ཕྱོགས་བཞི་རི་བོས་བསྐོར་ཞིང་། རྩི་ཤིང་སྨན་སྣས་ཁྱབ་པ་ཞིག་ཀྱང་རེད། རི་ངོས་བྲག་གིས་ཁྱབ་ཅིང་། གཡང་གཟར་ཆེ་བ། ལོ་ཟླའི་ཆར་རླུང་གི་གནོད་འཚེ་སོགས་ཀྱིས་རི་མོ་ངོས་འཛིན་པ་ལ་འགལ་རྐྱེན་ཅུང་ཟད་མཆིས་མོད། འོན་ཀྱང་བྲག་ངོ་ཆུས་བཀྲུ་བ་དང་། པར་དུ་ལེན་པ་སོགས་ཀྱི་རྩོལ་བ་ཁུར་དུ་བླངས་མཐར། རེ་ཞིག་སྣང་ངོར་གྱུར་བའི་རི་མོ་རྣམས་གཡས་ནས་གཡོན་དུ་རིམ་བཞིན་རི་མོAདངBདངCབཅས་རིམ་པ(རི་མོ་དང་པོ། བྲག་བརྐོས་རི་མོའི་ཁྱབ་སྟངས།)གསུམ་དུ་ཕྱེས་ཤིང་། དེ་ལ་ཐུན་ཏེ་རྫོང་ནག་བཟའི་བྲག་བརྐོས་རི་མོ་ཞེས་པའི་གདགས་མིང་ཡང་ཐོག་མར་སྦྱར་བའོ། །
རི་མོ་དང་པོ། བྲག་བརྐོས་རི་མོའི་ཁྱབ་སྟངས།
གཉིས་པ། རི་མོའི་ཁྱབ་སྟངས་དང་ནང་དོན།
        རི་མོAཔ་ནི། ལྡེབས་ངོས་རི་མོ(悬崖台面地表岩面)ཡི་གྲས་སུ་གཏོགས་པ་དང་། བྲག་ངོས་གས་པ་སོགས་ཀྱིས་རི་མོ་གཞོགས་གཉིས་སུ་ཆད་ཅིང་། ངོས་གཡས་པར་རི་དྭགས་ཤྭ་བ་གཉིས(རི་མོ་གཉིས་པ། ཤྭ་བ་དང་པོ་དང་གཉིས་པ།)བརྐོས་ཡོད། ཤྭ་བ་དང་པོ་དེ་གཡོན་ནས་གཡས་སུ་རྒྱུག་པའི་རྣམ་པར་མཆིས་ཤིང་། དེའི་སུག་བཞི་དང་རྔ་མ་འབིག་ལ། ར་ཅོ་སྒོར་ཞིང་ཟླུམ་པ་དང་ར་གཡོན་པར་ར་ལག་བདུན་གྱིས་མཚན་པ་ཞིག་སྟེ། མགོ་རྣ་སོགས་དབང་པོ་གཞན་རྣམས་གསལ་བོར་མ་ངེས། རྗེས་ཀྱི་ཤྭ་བ་དེའང་ར་ཅོ་གྱེན་ལ་བསླངས་ཤིང་། ར་གཡས་གཡོན་གཉིས་སུ་ར་ལག་བཞིས་མཚན་པ་དང་། གཟུགས་གཞི་ཧྲིལ་བོ་གཟོང་བརྐོས་ཀྱིས་མཚོན་པར་བྱས་པ་ལ། ཅུང་སྟབས་བདེ་ཡི་རྣམ་པ་ཞིག་མངོན། གཞོགས་གཉིས་སུ་གས་པའི་ངོས་གཡོན་པར་ཤྭ་བ་གཉིས་ཀྱི་ཕྱི་ལ་འབྲང་པ་ལྟ་བུའི་ཡུ་མོའི(རི་མོ་གསུམ་པ། ཡུ་མོ།)གཟུགས་རིས་ཤིག་འདུག་ལ། དེའི་རྣ་བ་དང་། མཆུ་དང་། སུག་བཞི་སོགས་གཟོང་བརྐོས་ཀྱིས་མཚོན་པ་ལ་གསལ་བོ་ཞིག་མ་ངེས་སོ། །
རི་མོ་གཉིས་པ། ཤྭ་བ་དང་པོ་དང་གཉིས་པ།
རི་མོ་གསུམ་པ། ཡུ་མོ།
        རི་མོBཔ་ནི། རི་མོAཔ་ཡི་གཤམ་གྱི་བྲག་ངོས་ཆེ་ཞིང་ངོས་གཙང་བ་ཞིག་ཏུ་ཡོད་པ་ལ།(རི་མོ་བཞི་པ། རི་མོBཡི་གཟུགས་རིས།)ཆད་ངོས་རི་མོ(断崖岩面图像)ལ་གཏོགས། དེར་འབྲོང་གཡག་ཆེ་ཆུང་གཉིས་དང་། ཁྱི་གཅིག་དང་། མགོ་བོས་འཕོང་ལ་ལྟ་པའི་ཤྭ་བ་ར་རིང་གཅིག་བཅས་ཡོད། འབྲོང་གཡག་གཉིས་གོང་འོག་གི་ཕྲེང་བར་བརྒྱུས་ཏེ། གཡས་ནས་ཕྱོགས་སུ་བགྲོད་པའི་ཚུལ་དུ་སྣང་། དེའི་གཟུགས་གཞི་ཆེ་ལ། ར་ཅོ་སྒོར་ཞིང་། རྐང་སུག་དང་གཟུགས་རིས་ཀྱི་ཐིག་སྐུད་དོ་མཉམ་པ་ཞིག་མཆིས། ཤྭ་བ་ནི་ར་ཅོ་སྒོར་ཞིང་ར་ལག་མང་པ། རྔ་མ་གྱེན་དུ་བསླངས་པ། མགོ་བོས་འཕོང་ལ་ལྟ་པའི་རྣམ་པ་འདིར་ཞིབ་ལྟ་བྱས་ཚེ་ཟི་ཅི་ཐེ་སྒྱུ་རྩལ་མཚོན་ཐབས(斯基泰艺术风格)ཤིག་ཀྱང་ཡིན་པར་སྙམ། ཤྭ་བའི་ཕྱི་ལ་འབྲང་པའི་ཁྱི་དེས་རྔ་མ་གྱེན་ལ་བསླངས་ཤིང་། མིག་ཟུང་མདུན་ལ་ཅེར་བའི་ངང་ཚུལ་དེ་ཤྭ་བར་འཇབ་རྒོལ་བྱེད་པ་ཡང་དག་མཚུངས། བྲག་ལྡེབས་འདིའི་རི་མོར་ཞིག་རལ་སོགས་ཀྱི་གནོད་པ་མེད་ལ། གཟུགས་རིས་ཧྲིལ་བོར་སྒོ་ཕྱུགས་འདུལ་སྦྱོང་དང་། སྒོ་ཕྱུགས་འཚོ་སྐྱོང་གི་འབྲོག་ལས་རིག་གནས་ཀྱི་རྣམ་པ་ཞིག་ཤུགས་སུ་ཡོད་པར་སྙམ་མོ། །
རི་མོ་བཞི་པ། རི་མོBཡི་གཟུགས་རིས།
        རི་མོCཔ་ནི། ཆུ་བོ་བཞུར་ཤུལ་གྱི་གྲོག་རོང་གི་གཡས་འགྲམ་དུ་ཡོད་པ་ལ། (རི་མོ་བཞི་ལྔ་པ། རི་མོCཡི་གཟུགས་རིས།) བྲག་ངོས་ཆད་དེ་གོང་འོག་གཉིས་སུ་གྱེས་ཤིང་། ཕྱི་མའི་རི་མོ་ངོས་འཛིན་དཀའ་བས་རི་ཞིག་བཏང་སྙོམས་སུ་བཞག་གོ །རི་མོ་འདི་ཆད་ངོས་རི་མོ(断崖岩面图像)ཡི་གྲས་སུ་གཏོགས་པ་དང་། ངོས་གོང་མར་འབྲོང་གཡག་བཞི་དང་། ཤྭ་བ་གཅིག་དང་། མདའ་གཞི་ཐོགས་པའི་སྐྱ་མི་གཉིས། ལྷ་བ(巫师)བཅས་ཀྱི་གཟུགས་རིས་བརྐོས་ཡོད། འབྲོང་གཡག་གི་གཟུགས་གཞི་ཆུང་ལ་གཟུགས་བོང་སྦོམ་པ། ར་ཅོ་སྒོར་བ། རྔ་མ་གྱེན་ལ་བསླངས་ཤིང་། རྔ་སྣེ་ཟླུམ་པ། ཕན་ཚུན་ར་རྩེད་སོགས་ཀྱི་ཁྱད་ཆོས་ལྡན། ངོས་འདིར་ཁྱད་ཆོས་དམིགས་བསལ་བ་ཞིག་ཡོད་པ་ནི་ལྷ་བའི་གཟུགས་རིས་དེ་ཡིན།(རི་མོ་དྲུག་པ། ལྷ་བའི་གཟུགས་རིས།) ལྷ་བའི་ཕྱག་གཡས་པར་ཕྱག་ཆས་བསྣམས་ཤིང་། དབུར་བྱ་སྒྲོ་བཙུགས་སྟེ། གར་འཆམ་པའི་རྣམ་པ་ཞིག་ཀྱང་མཐོང་ངོ་། །
རི་མོ་ལྔ་པ། རི་མོCཡི་གཟུགས་རིས།
རི་མོ་དྲུག་པ། ལྷ་བའི་གཟུགས་རིས།
གསུམ་པ། མཇུག་བསྡུ་བའི་གཏམ།
        ཉེ་བར་འབྲེལ་བའི་རིག་གཞུང་དཔྱད་རྩོམ་དང་། རྟོག་དཔྱོད་སྙན་ཞུ་སོགས་སུ། མཚོ་སྔོན་གྱི་བྲག་བརྐོས་རི་མོ་ནི་མདོ་ལ་རི་བོའི་ལྷོ་རྒྱུད་དང་། བ་ཡན་ཧ་རིའི་རྒྱུད་ཀྱི་ཆུ་བོའི་བཞུར་ཡུལ་སོགས་ཡིན་ལ། དེ་ལས་མཚོ་བྱང་དང་མཚོ་ལྷོ(མཚོ་སྔོན་པོའི་འགྲམ་རྒྱུད་དང་། གུང་ཧོ་གཞོང་ས། ཁྲི་ཀའི་རྫོང་མགོ་དང་ཆུ་ནག་སྡེ་བ)དང་། མཚོ་ནུབ་བཅས་སུ་བྲག་བརྐོས་རི་མོའི་ས་ཚིགས20ལྷག་ཤེས་རྟོགས་བྱུང་ཡོད། ད་རེས་གསར་རྙེད་བྱུང་པའི་ཐུན་ཏེ་རྫོང་ནག་བཟའི་བྲག་བརྐོས་རི་མོ་ནི་ཡུལ་ཁོངས་འདིར་ཐོག་མར་རྙེད་པའི་ས་ཚིགས་ཤིག་ཡིན་པ་ན། རྨ་ཆུའི་སྟོད་རྒྱུད་ཀྱི་ཐུན་ཏེ་མངའ་ཁོངས་སུ་བྲག་བརྐོས་རི་མོ་འཚོལ་ཞིབ་བྱེད་པའི་དབུ་ཚུགས་པར་ཁོ་བོས་བརྗོད་དོ། །སྤྱོད་པ་རྩིངས་ཆེ་བའི་ཁོ་བོས་ཀྱང་ལུང་པ་འདིར་རི་མོ15ལྷག་ཤེས་རྟོགས་བྱུང་མོད། འོན་ཀྱང་རང་བྱུང་གི་ཆར་རླུང་སོགས་ཀྱིས་ངོས་ཞིག་རལ་དང་། ལྷག་པར་རི་མོCཔའི་ངོས་འོག་མ་ཉེས་སུ་ཕྱིན་པ་ནི་ཧ་ཅང་ཕངས་པའི་གནས་སུ་ཆེ། རི་མོCཔའི་ངོས་གོང་མའི་རི་མོས་ཕྱུགས་རིགས་འཚོ་སྐྱོང་དང་རི་དྭགས་རྔོན་པ་སོགས་སྔ་རབས་ཀྱི་འཚོ་ཚིས་སྒྲུབ་པའི་རྣམ་པ་ཞིག་མཚོན་པར་ནུས། སྐྱ་མི་མདའ་གཞི་ཐོགས་པའི་རི་མོས་མཚོ་སྔོན་གྱི་བྲག་བརྐོས་རི་མོའི་ཁྲོད་གྲངས་འབོར་མང་པོ་ཟིན་པ་ཞིག་ཡིན་ཏེ། འདིའི་རིགས་ནི་བོད་པའི་གཞི་བདག་དད་མོས་མཚོན་པ་དང་། ཕྱིས་ཀྱི་ཐང་ཀའི་ཁྲོད་ཀྱི་གཞི་བདག་གི་སྣང་བརྙན་དང་ཅུང་ཉེ་བར་སྣང་ངོ་། །གཟུགས་བོང་གི་ཆེ་ཆུང་དང་། རྣམ་པ་མི་འདྲ་བའི་འབྲོང་གཡག་དེ་དག་ནི་བྲག་བརྐོས་རི་མོའི་ཁྲོད་རྒྱུན་པར་མཐོང་པའི་འོ་འཐུང་སྲོག་ཆགས་ཀྱི་རིགས་ཤིག་ཡིན་ཏེ། དེ་ནི་ས་ཁོངས་ཀྱི་རིག་གནས་མངོན་པར་མཚོན་ཐུབ་པའི་རྟགས་གལ་ཆེན་ཞིག་ཏུ་ངེས། དབུར་བྱ་སྒྲོ་བཙུགས་པའི་ལྷ་བའི་རི་མོ་དེ་མཚོ་སྔོན་གྱི་བྲག་བརྐོས་རི་མོའི་ཁྲོད་ཤིན་ཏུ་མཐོང་དཀོན་པ་ཞིག་ཡིན་མོད།(མཚོ་ནུབ་འབྲོང་ལུང་བྲག་བརྐོས་རི་མོར་མི་ལུས་བྱའི་མགོ་ཅན་ལ་རྔ་མ་དང་། ཡང་ན་མཚན་མ་མངོན་པ་ཞིག་འདུག)ད་རེས་གསར་རྙེད་བྱུང་པའི་ལྷ་བའི་རི་མོ་འདིས་སྔ་རབས་ཀྱི་དད་མོས་དང་ལྷ་བའི་སྣང་བརྙན་མཚོན་པའི་སྟོང་ཆ་ཞིག་གསབ་པར་བྱས་ཤིང་། ཡུལ་ལུང་འདིའི་དད་མོས་དང་རིག་གནས་སོགས་ཀྱི་ཆད་ཁུངས་འཚོལ་བར་ཆོད་ཆེ་བར་བསམ། རི་མོའི་མཚོན་ཐབས་ཀྱང་མཚོ་བོད་མཐོ་སྒང་གི་བྲག་བརྐོས་རི་མོའི་མཚོན་ཐབས་ཀྱི་གཟོང་བརྐོས་བྲག་བརྐོས(凿刻)སམ། རྡོ་ཆས་དང་ལྕགས་རིགས་ཀྱི་མཚོན་སྤྱད་ཡོད་པ་ལ། གནའ་བོའི་རིགས་རྒྱུད་གནས་སྤོ་དང་རི་མོའི་མཚོན་ཐབས་ཁྱབ་སྤེལ་སོགས་རྩད་ཆོད་པ་ལ་རིན་ཐང་ཤིན་ཏུ་ཆེ་བ་སོགས། ཡུལ་ལུང་འདིར་འཚོ་གཞིས་བྱས་པའི་སྔ་རབས་ཀྱི་མིའི་རིག་གནས་ཤིག་ཀྱང་ཅི་ལ་མིན། མདོར་ན། གོང་དུ་ཞུས་པའི་ཉེས་བཤད་དང་། ལོག་པར་མཐོང་པ་སོགས་ལ་བཤགས་གསོལ་ཞུ་རྒྱུ་དང་། ཞོར་དུ་མི་སྒེར་དང་། རིག་གནས་ལས་ཁུངས་སོགས་ཀྱིས་ཡུལ་ལུང་འདིར་ཕྱོགས་ཡོངས་ནས་རིག་དངོས་འཚོལ་ཞིབ་དང་། ལུང་པ་འདིའི་བྲག་བརྐོས་རི་མོ་འདི་རིག་དངོས་སྲུང་སྐྱོབ་ཀྱི་གྲས་སུ་བདམ་པ་སོགས་ལ་རེ་བ་ཤིན་ཏུ་ཆེ་ཞེས་ཀྱང་ཐལ་ལོ། །
ཞེས་རྩོམ་པ་པོས2021ལོའི་ཟླ9པར།
འབྲེལ་ཡོད་འོས་སྦྱོར།