བོད་ནས་ལོ་ཁྲི༥.༣གྱི་གོང་ངམ་ལོ་ཁྲི༨གོང་གི་གནའ་ཤུལ་ཞིག་རྙེད་པ།
རྩོམ་པ་པོ།:
ཡོང་ཁུངས།:བོད་ལྗོངས་རྒྱང་སྒྲོག་བརྙན་འཕྲིན་ཁང་།
དུས་ཚོད།:2024-01-24
ཀློག་གྲངས།:
བོད་ལྗོངས་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་མེ་ལོང་ལྟག་ཕུག་གནའ་ཤུལ་ནི་ས་བབ་མཐོ་ཚད་སྨི༤༧༠༠ཡོད་པའི་མཚོ་བོད་ས་མཐོ་ནས་རྙེད་པའི་བྲག་ཕུག་གནའ་ཤུལ་ཞིག་ཡིན་ལ། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཡིན་པའི་གདོད་མའི་བྲག་ཕུག་གནའ་ཤུལ་ཆེ་ཤོས་ཤིག་ཀྱང་ཡིན།
༢༠༢༤ལོའི་ཟླ༡ཚེས༢༢ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་མིའི་ཞིབ་འཇུག་ཁང་གཉིས་ལས་གྲུབ་པའི་མེ་ལོང་ལྟ་ཕུག་གནའ་ཤུལ་གནའ་རྫས་རྟོག་ཞིབ་རུ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་༦བསྟུད་མར་གནའ་རྫས་རྟོག་ཞིབ་བྱས་པ་བརྒྱུད་མེ་ལོང་ལྟག་ཕུག་གི་བྲག་ཕུག་དང་པོ་དང་གཉིས་པའི་ནང་རྡོ་ཆས་རྙིང་མའི་སྐབས་ནས་སྔ་རབས་ལྕགས་ཆས་དུས་རབས་བར་གྱི་རྡོ་ཆས་དང་། རུས་ཆས། རྫ་ལེབ། ཟངས་ཆས། སྲོག་ཆགས་རུས་སྒྲོམ་སོགས་ཤུལ་བཞག་འདྲ་མིན་རིགས་ཁྲི་ལྷག་རྙེད་པ་རེད།
མེ་ལོང་ལྟག་ཕུག་གནའ་ཤུལ།
བྲག་ཕུག་དང་པོའི་ནང་གི་རྡོ་ཆས་ཀྱི་ལག་རྩལ་ཁྱད་ཆོས་ལ་གཞིགས་ན་དེ་ནི་ལོ་ཁྲི༥.༣གྱི་གོང་ངམ་ཡང་ན་ལོ་ཁྲི་༨གོང་གི་གནའ་ཤུལ་ཡིན་པ་རེད། དེ་སྔོན་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩྭ་རྫོང་ནས་རྙེད་པའི་རྡོ་ཆས་རྙིང་མའི་སྐབས་ཀྱི་ཉ་དེའུ་གནའ་ཤུལ་ལ་ཞིབ་འཇུག་བྱས་རྗེས་གནའ་མིས་ལོ་ཁྲི་༣ནས་༤བར་གྱི་གོང་དུ་མཚོ་བོད་ས་མཐོར་འཚོ་གནས་བྱས་པ་ར་སྤྲོད་ཐུབ་པ་དང་། མེ་ལོང་ལྟག་ཕུག་གནའ་ཤུལ་གསར་དུ་རྙེད་པ་དེས་རྡོ་ཆས་རྙིང་མའི་དུས་ཀྱི་མི་ས་མཐོའི་ཐོག་འཚོ་གནས་བྱེད་པའི་དཔང་རྟགས་དེ་བས་སྔ་རུ་སོང་ཡོད།
མེ་ལོང་ལྟག་ཕུག་གནའ་ཤུལ་སྔོག་འདོན།
མེ་ལོང་ལྟག་ཕུག་ནི་དགེ་རྒྱས་རྫོང་ལྷོ་ངོས་ཀྱི་བར་ཐག་སྤྱི་ལེ༣༠ཙམ་ཡོད་པའི་སེང་གེ་ཁ་འབབ་ཆུ་མགོའི་གཡོན་ངོགས་སུ་གནས་ཡོད་ཅིང་། བྲག་ཕུག་དེ་སེང་གེ་ཁ་འབབ་ལས་སྨི༡༠༤ཡིས་མཐོ་བ་ཡོད། དེ་ནི་བྲག་ཕུག་ཁེར་རྐྱང་གསུམ་ལས་གྲུབ་ཡོད་ཅིང་། བྲག་ཕུག་དང་པོའི་རྒྱ་ཁྱོན་ལ་སྨི་ངོས་གྲུ༡༠༠༠ཡན་ཡོད་པ་དང་། བྲག་ཕུག་གཉིས་པའི་རྒྱ་ཁྱོན་ལ་སྨི་ངོས་གྲུ༦༠ཡོད་ལ། བྲག་ཕུག་གསུམ་པའི་རྒྱ་ཁྱོན་ལ་སྨི་ངོས་གྲུ༢༥ཡོད།
བྲག་ཕུག་དང་པོའི་བྲག་རིས།
བྲག་ཕུག་དེའི་གདོད་མའི་ཤུལ་བཞག་དེ་ནི༢༠༡༨ལོའི་ཟླ༧པར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་མི་ཞིབ་འཇུག་ཁང་གིས་སྒྲིག་འཛུགས་བྱས་པའི་རྡོ་ཆས་རྙིང་མའི་གནའ་རྫས་བརྟག་དཔྱད་བྱེད་རིང་རྙེད་པ་ཞིག་རེད། རྒྱལ་ཁབ་རིག་དངོས་ཅུད་ཀྱིས་ཆོག་མཆན་སྤྲད་པ་བརྒྱུད། ༢༠༡༨ལོ་ནས༢༠༢༣ལོའི་བར་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ལོ༦བསྟུད་མར་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་པ་བརྒྱུད་རིག་གནས་ཤུལ་བཞག་འདྲ་མིན་རིགས་ཁྲི་ཡན་རྙེད་ཡོད་ཅིང་། བྲག་ཕུག་དང་པོའི་ལྡེབས་སུ་གོ་རིམ་ལྡན་པའི་ཐིག་རིས་དང་། མིའི་འདྲ་གཟུགས། ལག་རྗེས། ཉི་མ་སོགས་རྡོ་བརྐོས་རི་མོ་སྣ་ཚོགས་མཐོང་རྒྱུ་ཡོད་པ་རེད།
བྲག་ཕུག་དང་པོ་ནས་རྙེད་པའི་ཤ་རྭའི་འགྱུར་རྡོ།
ད་དུང་གནའ་རྫས་རྟོག་ཞིབ་རུ་ཁག་གིས་དགེ་རྒྱས་རྫོང་གི་གནའ་ཤུལ་གནས་སར་བརྟག་དཔྱད་ཞིབ་ཚགས་བྱས་ཤིང་། རྡོ་ཆས་རྙིང་མའི་གནའ་ཤུལ་ཁག༣༠ལྷག་ཙམ་དང་བྲག་ཕུག་༦རྙེད་པ་དང་རྡོ་ཆས་སྟོང་ཕྲག་མང་པོ་འཚོལ་བསྡུ་ཐུབ་པ་རེད། གཞན་ཡང་ད་དུང་བྲག་བརྐོས་རི་མོ་ཡོད་པའི་བྲག་ཕུག༥ཡོད་པ་ལས། མེ་ལོང་ལྟག་ཕུག་གནའ་ཤུལ་ལྟེ་བར་བྱས་པའི་གནའ་ཤུལ་དེ་དག་ལས་ས་ཁོངས་དེར་མིའི་རིགས་ཡུན་རིང་འཚོ་སྡོད་བྱས་པ་མཚོན་ཡོད།
དུས་ཁག་དང་པོའི་རྡོ་ཆས།
དུས་ཁག་དང་པོའི་སྲོག་ཆགས་འགྱུར་རྡོ།
བྲག་ཕུག་གཉིས་པའི་སྲོག་ཆགས་ཀྱི་བྲུན།
བྲག་ཕུག་གཉིས་པའི་གནའ་ཤུལ།
བྲག་ཕུག་གཉིས་པའི་དངོས་དཔེ།
དུས་ཁག་གཉིས་པའི་རྡོ་ཆས།
དུས་ཁག་གསུམ་པའི་རྡོ་ཆས།
དུས་ཁག་གསུམ་པའི་སྲོག་ཆགས་རུས་པ།
དུས་ཁག་གསུམ་པའི་ཚོན་ལྡན་རྫ་ཆས།
དུས་ཁག་གསུམ་པའི་རྫ་ཆས་ཆག་རོ།
དུས་ཁག་གསུམ་པའི་རྫ་ཆས།
འབྲེལ་ཡོད་འོས་སྦྱོར།