logo

བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ལ་ལྟེ་གནས་གསར་པ་ཞིག་བཙུགས་འདུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2025-12-26 ཀློག་གྲངས།:
       སྤྱི་ཟླ12ཚེས23ཉིན། ཀྲུང་གོའི་བོད་ལྗོངས་“ཧི་མ་ལ་ཡའི་རྒྱུད་ཀྱི་”བོད་ཀྱི་གསོ་རིག་ཞིབ་འཇུག་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་དང་། རྒྱལ་ཡོངས་ཀྱི་བོད་ཀྱི་གསོ་རིག་གནའ་དཔེ་མཐོ་རིམ་གླེང་སྟེགས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང(བོད་ལྗོངས་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་)དུ་གཟབ་རྒྱས་ངང་འཚོགས་པ་རེད།
       མཛད་སྒོ་དང་གླེང་སྟེགས་འདི་ནི་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་ལུགས་གསོ་རིག་གོང་སྤེལ་དང་། བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་ཆེད་ཡིན་ལ། བྱེད་སྒོ་འདིས་གཙོ་གནད་གསུམ་ལ་དམིགས་ཡོད་དེ། གཅིག་ནས་ཞིབ་འཇུག་ལྟེ་གནས་ཀྱི་སྟེགས་བུའི་ནུས་པ་འདོན་སྤེལ་གྱིས་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་ཐོན་ཁུངས་ལེགས་སྒྲིག་བྱེད་པ་དང་། གཉིས་ནས་བོད་ཀྱི་གསོ་རིག་གནའ་དཔེར་ཚད་ལྡན་སྲུང་སྐྱོང་དང་། གསར་གཏོད་རང་བཞིན་གྱི་ཞིབ་འཇུག་བྱས་ཏེ་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་བྱེད་པ། གསུམ་ནས་རྒྱལ་ཡོངས་ཀྱི་ཆེད་མཁས་པའི་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཤུལ་འཛིན་དང་གསར་གཏོད་ཀྱི་ལམ་བུ་གསར་པ་བཏོད་དེ་བོད་ཀྱི་གསོ་རིག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་རྒྱུ་བཅས་ཡིན་པ་རེད། 
       ཉེ་བའི་ལོ་ཤས་རིང་། བོད་ཀྱི་གསོ་རིག་རྒྱུན་འཛིན་དང་གསར་གཏོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེའི་ནང“བོད་ཀྱི་གསོ་རིག་ལུམས་བཅོས”མཉམ་འབྲེལ་རྒྱལ་ཚོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མིང་གཞུང་དང་། «རྒྱུད་བཞི»“འཛམ་གླིང་གི་དྲན་ཤེས་མིང་གཞུང”དུ་ཚུད་པ་སོགས་ནི་བོད་ལྗོངས་སྒོ་དབྱེ་དང་ཕྱི་ཕྱོགས་སྤེལ་རེས་ཀྱི་མིང་བྱང་གསར་པ་ལྟ་བུར་གྱུར་ཡོད།
       ཞིབ་འཇུག་ལྟེ་གནས་འདི་དབུ་བརྙེས་པ་དེས་བོད་ཀྱི་གསོ་རིག་གི་རྒྱལ་སྤྱིའི་སྤེལ་རེས་དང་། ས་ཁུལ་དང་རྒྱལ་ཁབ་སྒྲོལ་བའི་ཞིབ་འཇུག་མཉམ་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་ཆབས་ཅིག་མཐོ་རིམ་གླེང་སྟེགས་ཀྱིས་ལས་རིགས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས། གནའ་དཔེ་སྲུང་སྐྱོང་གི་དཀའ་གནད་སེལ་བ་དང་། སྲོལ་རྒྱུན་གྱི་གསོ་རིག་དང་དེང་རབས་ཚན་རིག་ཟུང་འབྲེལ་གྱི་ཐབས་ལམ་གསར་པ་མཁོ་འདོན་བྱེད་ངེས་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།