logo

གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་འབྲིང་རྒྱུགས་བཅོས་བསྒྱུར་ཚོགས་འདུ་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-10-23 ཀློག་གྲངས།:


གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་འབྲིང་རྒྱུགས་བཅོས་བསྒྱུར་གྱི་སྐུལ་སློང་ཚོགས་ཆེན་དང་ཁྱིམ་བདག་ཚོགས་འདུ་བསྡུས་པ། 

     འབྲིང་རྒྱུགས་བཅོས་བསྒྱུར་གྱི་བྱ་གཞག་ནི་སློབ་མའི་མདུན་ལམ་དང་ཐད་ཀར་དུ་འབྲེལ་བ་དམ་པོ་ཡོད་པའི་ལས་འགན་རླབས་ཆེན་ཞིག་ཡིན་པ་མ་ཟད། ཁྱིམ་བདག་གི་འགན་ཁུར་ཇེ་ཡང་དང་སྤྱི་ཚོགས་ཀྱི་རེ་འདུན་མངོན་འགྱུར། སློབ་མ་རང་ཉིད་ཀྱི་མ་འོངས་པའི་ཕུགས་འདུན་ཡོངས་འགྲུབ་བྱེད་པའི་སྔོན་འགྲོའི་ལས་དོན་གལ་ཆེན་ཞིག་ཀྱང་ཡིན་སྲིད་པ་རེད། ལྷག་པར་དུ་ཏང་གི་སློབ་གསོའི་བྱེད་ཕྱོགས་དང་སྒྲུབ་ཕྱོགས་ཀྱི་ཡང་དག་པའི་གཞི་རྩའི་ནང་དོན་གཞིར་བཟུང་ནས་ཁྱོན་ཡོངས་ནས་འཆམ་མཐུན་སློབ་ར་འཛུགས་སྐྲུན་དང་སློབ་འབྲིང་སློབ་མའི་ཚད་ལྡན་གྱི་འཇོན་ཐང་སྐྱེད་སྲིང་བྱེད་དགོས་པ་ཡིན་ལ། དེ་ལས་ཀྱང་ཁྱིམ་བདག་དང་མཉམ་འབྲེལ་སྒོས་སློབ་མའི་སློབ་སྦྱོང་གི་ཆ་དང་བསམ་བློའི་ཆ། མི་གཤིས་གསོ་སྐྱོང་གི་ཆ་བཅས་ལ་སྔ་ན་མེད་པའི་བཅོས་བསྒྱུར་དང་རམ་འདེགས་ཀྱི་ནུས་པ་ཆེན་པོ་ཞིག་ཐོན་པར་བྱེད་དགོས་པ་རེད། ལྷག་པར་དུ་ཚན་རིག་གི་ཡང་དག་པའི་ལྟ་བ་གཞིར་བཟུང་ནས་སློབ་མའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་སློབ་ཁྲིད་ཀྱི་ཉམས་མྱོང་དང་སློབ་སྦྱོང་གི་འདུ་ཤེས་སོགས་གཙོ་གནད་དུ་བཟུང་ནས་སློབ་མའི་གནས་བབ་ཀྱི་གནད་དོན་མཐའ་དག་དུས་ལྟར་ཐག་གཅོད་བྱེད་དགོས་ཤིང་། འབྲིང་རྒྱུགས་བཅོས་བསྒྱུར་གྱི་ཁ་ཕྱོགས་དང་སྦྲེལ་ནས་ལྡན་པ་བཞི་དང་དགའ་བ་གསུམ་གྱི་དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་པ་བྱས་ཏེ་སློབ་མའི་སྦྱངས་འབྲས་ཡར་རྒྱས་དང་ཁྱིམ་བདག་གི་རེ་འདུན་འགྲུབ་པའི་ཆ་ལ་ནུས་པ་གང་ཡོད་འདོན་དགོས་སོ། ། 

     ཉེ་སྔོན། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་འབྲིང་རྒྱུགས་བཅོས་བསྒྱུར་གྱི་སྐུལ་སློང་ཚོགས་ཆེན་དང2019ལོའི་དབྱར་གནང་གི་ཕུལ་བྱུང་ལས་བྱར་གཟེངས་བསྟོད་ཚོགས་འདུ། ད་དུང་ཁྱིམ་བདག་ཚོགས་འདུ་བཅས་སློབ་གྲྭའི་ལུས་རྩལ་ར་བར་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ་ཡིན་ལ། སློབ་གྲྭའི་སློབ་སྟོན་ཁང་གི་ཀྲུའུ་རིན་བཀྲ་ཤིས་མཚོ་ལགས་ཀྱིས་ཐེངས་འདིའི་ཚོགས་འདུ་ལ་མདོ་འཛིན་མཛད་པ་རེད། ད་རེབ་ཀྱི་ཚོགས་ཆེན་འདི་རིམ་པ་གསུམ་གྱིས་གྲུབ་པ་སྟེ་དང་པོ་ནི་དབྱར་གནང་སྐབས་ཀྱི་ཕུལ་བྱུང་ལས་བྱར་གཟེངས་བསྟོད་དང་དཔེ་ལེགས་ཅན་གྱི་ཁྱིམ་བདག་དང་སློབ་མར་བྱ་དགའ་གནང་བ། གཉིས་པ་ནི་འབྲིང་རྒྱུགས་བཅོས་བསྒྱུར་ཐད་ཀྱི་དོ་སྣང་བྱེད་དགོས་པའི་སྐོར་དང་ཁྱིམ་བདག་དང་སློབ་མས་སྔ་མོ་ནས་འབྲིང་རྒྱུགས་ལ་སྟ་གོན་གང་ལེགས་བྱེད་དགོས་པའི་སྐོར། གསུམ་པ་ནི་འབྲིང་རྒྱུགས་དང་འབྲེལ་ཡོད་ཀྱི་བསླབ་བྱ་དང་རྒྱུགས་ལེན་རྣམ་གྲངས་སྐོར་གྱི་ཆ་རྐྱེན་གསལ་བསྒྲགས་བྱེད་པ་བཅས་ཡིན་ལ་སློབ་གྲྭའི་དགེ་སློབ་མཐའ་དག་འགོར་འགྱངས་མེད་པར་དུས་ལྟར་ཚོགས་འདུར་ཞུགས་པ་རེད། 

     ཚོགས་འདུ་དངོས་སུ་མགོ་ཚུགས་པ་དང་མཉམ་དུ་སློབ་གྲྭའི་སློབ་སྤྱི་གཞོན་པ་ཚེ་གཟུངས་ལགས་ཀྱིས་ཚོགས་འདུའི་རིམ་པ་སོ་སོའི་ནང་དོན་དང་འབྲེལ་བ་དམ་དུ་ཡོད་ལ་ཁྱད་པར་དུ་དགེ་སློབ་དང་ཁྱིམ་བདག་བཅས་ཀྱིས་ངེས་པར་དུ་དོ་སྣང་བྱེད་དགོས་པའི་ཆ་ནས་གསུངས་བཤད་གལ་ཆེན་གནང་བ་རེད། ཁོང་གིས་བསྟན་དོན་དུས་རབས་གསར་བའི་འོས་འགན་དང་སྤྱི་ཚོགས་ཀྱི་རེ་འདུན། མེས་རྒྱལ་དང་མི་རིགས་ཀྱི་ལས་དོན་འཕེལ་རྒྱས་བཅས་ཀྱི་ཆ་ལ་ནུས་པ་ལྡན་པའི་ཚད་ལྡན་གྱི་སློབ་འབྲིང་སློབ་མ་ཞིག་བདག་སྐྱོང་བྱེད་དགོས་ན་སློབ་གྲྭའི་སློབ་གསོ་ཁོ་ནས་མི་ཆོག་པར་དེ་ལས་ཀྱང་ཁྱིམ་བདག་ལྷན་རྒྱས་ཀྱིས་བླ་ན་མེད་པའི་རམ་འདེགས་དང་སློབ་སྦྱོང་གི་ཆ་ལ་མཐུན་རྐྱེན་གང་ལེགས་སྦྱོར་བ་དང་འབྲལ་ཐབས་མེད་པ་ཡིན་ལ། ནང་སྒོས་སུ་དབྱར་དགུན་གནང་གི་སྐབས་སུ་སློབ་མ་དག་གིས་དུས་རྒྱུན་དུ་སློབ་སྦྱོང་དང་ལས་བྱ་འབྲི་བ་བཅས་ཀྱི་ཐད་ལ་ཁྱིམ་བདག་རྣམ་པས་དོ་སྣང་ཆེར་བྱེད་དགོས་པ་རེད། དེ་དང་མཉམ་དུ་སློབ་མའི་བསམ་བློ་དང་ཀུན་སྤྱོད། བསླབ་བྱའི་སྦྱངས་འབྲས། ལུས་སེམས་བདེ་ཐང་། སྒྱུ་རྩལ་གྱི་བྱང་ཚད། སྤྱི་ཚོགས་ཀྱི་ལག་ལེན། དཔལ་ཡོན་གྱི་གུས་ལུགས། ལས་བྱའི་བཟང་ངན། དཔེ་ཀློག་གི་ཉམས་མྱོང་། བློར་འཛིན་གྱི་ནུས་པ། སློབ་ཁྲིད་ལ་ཞུགས་ཚད། སྦྱངས་འབྲས་ཀྱི་ཕན་ཡོན་སོགས་གཞིར་བཟུང་ནས་ཚོགས་འདུ་ལ་ཞུགས་ཡོད་པའི་སློབ་མ་དང་ཁྱིམ་བདག་ཡོངས་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་སྒོ་ནས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས་པའི་རེ་བ་བཏོན་པ་རེད། ལྷག་པར་དུ་ཉིས་སྟོང་བཅོ་བརྒྱད་ནས་ཉིས་སྟོང་བཅུ་དགུ་ལོའི་འབྲིང་རྒྱུགས་ཀྱི་སྦྱངས་འབྲས་ལ་དབྱེ་ཞིབ་དང་སྡུད་ལེན་བྱས་པའི་སློབ་མ་དང་སློབ་སྦྱོང་བྱེད་མཚམས་བཞག་པའི་སློབ་གྲོགས་དག་གི་ཁ་གྲངས་གསལ་བསྒྲགས་དང་ཆབས་ཅིག་ཏུ་བྱིས་པའི་མདུན་ལམ་གྱི་དོན་དུ་ང་ཚོས་རང་ནུས་གང་ཡོད་ཀྱིས་འབད་པ་རྒྱུན་འཁྱོངས་བྱེད་དགོས་པ་ཡིན་ལ་སློབ་མའི་སྦྱངས་འབྲས་ཡར་རྒྱས་ཀྱི་ཕྱོགས་ནས་སློབ་གྲྭ་དང་ཁྱིམ་བདག་ཟུང་འབྲེལ་སྒོས་མ་འོངས་པའི་བདག་པོ་དག་ལ་རླབས་ཆེ་བའི་ལས་དོན་སྒྲུབ་པའི་ཐད་ལ་རམ་འདེགས་གང་ཡོད་ཐོན་པར་བྱེད་དགོས་པའི་རེ་འདུན་བཏོན་པ་རེད། སློབ་སྤྱི་གཞོན་པ་ཚེ་གཟུངས་ལགས་ཀྱིས་ནན་གྱིས་བསྟན་དོན། སྤྱིར་སློབ་མ་ཞིག་གསོ་སྐྱོང་གནང་རྒྱུ་ནི་དཀའ་ཁག་ཆེ་བ་ཞིག་དང་སྒོས་སུ་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཞིག་སྐྱེད་སྲིང་བྱ་རྒྱུ་ནི་དེ་ལས་ཀྱང་དཀའ་སྡུག་ཆེ་བ་ཞིག་ཡིན་སྟབས། ང་ཚོས་གང་ནུས་ཅི་ལྕོགས་ཀྱིས་སློབ་གྲྭར་ཞུགས་པའི་སློབ་མ་གཅིག་ཀྱང་ཆད་ལྷག་མེད་པའི་མཐོ་རིམ་སློབ་གྲྭར་སྐྱེལ་ཏེ་སློབ་མའི་འབྱུང་འགྱུར་གྱི་འཚོ་བ་ལ་མཚར་སྡུག་ལྡན་པའི་ལོངས་སྤྱོད་རྒྱས་སུ་འཇུག་དགོས་པའི་དགོངས་དོན་བཏོན། དེ་ལས་ཀྱང་སློབ་མ་བཟང་བོ་ཞིག་སྐྱེད་སྲིང་བྱ་དགོས་ན་སློབ་གྲྭས་ནུས་པ་ག་འདྲ་འདོན་དགོས་པ་དང་དགེ་རྒན་གྱིས་ནུས་པ་ག་འདྲ་འདོན་དགོས་པ། ཁྱིམ་བདག་གིས་ནུས་པ་ག་འདྲ་འདོན་དགོས་པ། སློབ་མ་རང་སྟེང་ནས་ཀྱང་ནུས་པ་ག་འདྲ་འདོན་དགོས་ལུགས་སོགས་ཕྲ་ཞིང་ཞིབ་པོའི་སྒོ་ནས་གཏམ་བཤད་གནང་བ་དང་། རྗེས་ཕྱོགས་ཀྱི་སློབ་སྦྱོང་གི་འཚོ་བའི་ཐད་ནས་ཀྱང་སློབ་གྲྭ་དང་ཁྱིམ་བདག་ཟུང་འབྲེལ་སྒོས་སློབ་མ་བཟང་བོ་ཞིག་དང་སྤྱོད་ཡོན་གཉིས་ལྡན་གྱི་མ་འོངས་པའི་བདག་པོ་གསར་བ་དུ་མ་ཞིག་འབྱུང་བར་ནུས་པ་གང་ཡོད་འདོན་དགོས་པ་སོགས་ཀྱི་གསུངས་བཤད་གལ་ཆེན་གནང་བ་རེད། 

     ཐེངས་འདིའི་ཚོགས་འདུ་འཚོགས་པ་བརྒྱུད་ནས་དགེ་རྒན་དང་ཁྱིམ་བདག སློབ་མ་བཅས་ཀྱི་སེམས་ལ་སྔ་ན་མེད་པའི་སློབ་ཁྲིད་ལེགས་པོ་ཞིག་བྱེད་དགོས་པ་དང་སློབ་སྦྱོང་བཟང་བོ་ཞིག་བྱེད་ནུས་པ། མཐུན་རྐྱེན་གང་ལེགས་ཤིག་སྦྱོར་དགོས་པ་སོགས་ཀྱི་ཀུན་སློང་བསྐྱེད་པ་མ་ཟད། རྗེས་ཕྱོགས་ཀྱི་སློབ་སྦྱོང་གི་འཚོ་བའི་ཁྲོད་དུ་དུས་ཚོད་དམ་འཛིན་དང་དཀའ་སྤྱད་སྡུག་རུས་ཀྱིས་རང་འགན་ཡོངས་འགྲུབ་བྱེད་དགོས་པའི་བག་ཆགས་ཟབ་མོ་བཞག་པ་རེད། 


འབྲེལ་ཡོད་འོས་སྦྱོར།