logo

དགེ་རྒན་སྐལ་བཟང་ལྷུན་གྲུབ་ཀྱིས་ནག་ཆུ་གྲོང་ཁྱེར་སློབ་ཆུང་དུ་བཤད་ཁྲིད་གནང་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-10-09 ཀློག་གྲངས།:

      ཉེ་དུས། ནག་ཆུ་གྲོང་ཁྱེར་སློབ་ཆུང་བོད་སྐད་ཡིག་རྐང་འཛིན་དགེ་རྒན་ལས་ཤག་ཁང་གིས་བོད་སྐད་ཡིག་སློབ་ཁྲིད་གནང་མཁན་དགེ་རྒན་གྱི་ཆེད་ལས་གོང་མཐོར་གཏོང་རྒྱུར་ལྷ་ས་ནས་སྐད་ཡིག་གི་ཐད་ཆེད་ལས་མཁས་པ་དགེ་རྒན་གྲགས་ཅན་སྐལ་བཟང་ལྷུན་གྲུབ་མཆོག་ཆེད་མངགས་གདན་ཞུ་གནང་བས་བཟང་པོའི་གཞོགས་ལ་ཇ་ཆང་ཞེས་པའི་དཔེ་བཞིན་སློབ་གྲྭའི་དབུ་ཁྲིད་མཆོག་གི་ཚད་མཐོའི་མཐོང་ཆེན་དང་རྒྱབ་བསྐྱོར་འོག་སྤྱི་ཚེས་བདུན་ཉིན་གྱི་སྔ་དྲོར་སླར་ཡང་རྒན་ལགས་ཁོང་སློབ་གྲྭའི་ནང་དུ་གདན་ཞུ་གནང་སྟེ་སློབ་གྲྭའི་རེ་འདུན་བཞིན་བོད་རིགས་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་ཡོངས་ལ་དགེ་རྒན་གྱི་ལས་གནས་ཀུན་སྤྱོད་སྐད་གྱི་བཤད་ཁྲིད་གནང་ཡོད། 

     དགེ་རྒན་ཁོང་གིས་སྐུལ་སློང་དག་མ་ཞིག་དང་ལྷག་བསམ་གཙང་མ་ཞིག་གིས་སློབ་གྲྭའི་དགེ་རྒན་རྣམས་ལ་ལུང་དང་རིགས་པའི་སྒོ་ནས་འགྲེལ་གཞི་དགེ་རྒན་གྱི་མཚན་ཉིད་ལ་འགྲེལ་པའམ་དོན་དངོས་ཀྱི་འཚོ་བ་དངོས་ལ་ཞུགས་ཏེ་སློབ་གསོའི་ཇུས་ཆེན་དང་། མི་རབས་ཤིག་སྐྱོང་སྟངས་སྐྱོང་ཚུལ་གྱི་གདམ་ངག་མང་དུ་གསུངས་ཡོད་ལ་དགེ་རྒན་གྱི་ཀུན་སྤྱོད་དང་འབྲེལ་ནས་སློབ་གསོ་སློབ་ཁྲིད་ཀྱི་ཐབས་ལམ་སྐོར་ལ་ཡང་མང་པོ་ཞིག་གསུངས་སོ།།   

     ཐེངས་འདིའི་བྱེད་སྒོའི་ནང་སློབ་གྲྭའི་དགེ་རྒན་ཙམ་མ་ཡིན་པར་ཉེ་འཁོར་དུ་ཡོད་པའི་སློབ་གྲྭ་གཞན་ཁག་གི་དགེ་རྒན་ཡང་མི་ཉུང་བ་ཞིག་ཕེབས་འདུག་ལ། སྐོམ་པ་ཆུ་འདོད་ཀྱིས་མནར་བའི་དགེ་རྒན་མང་པོའི་སྐོམ་པའི་གདུང་བ་སེལ་ངེས་ལ། སློབ་ཁྲིད་ཀྱི་ཐབས་ལམ་ལ་རྨོངས་ཞྭ་གྱོན་པའི་དགེ་རྒན་མང་པོའི་ཕུད་ཞྭ་དེའང་ཕུད་ཡོད་ངེས་མཆིས། 

     མཇུག་ཏུ་སྐུལ་སློང་དག་ལ་ལྷག་བསམ་གཙང་བའི་མཁས་མཆོག་ཁོང་གིས་དགེ་རྒན་རྣམས་ལ་བདེ་ཐང་དང་ཤེས་རབ་ལྡན་པའི་སློབ་ཕྲུག་གང་མང་གསོ་སྐྱོང་གནང་རྒྱུའི་རེ་སྐུལ་དང་སྨོན་ལམ་ཡང་གནང་སོང་།


འབྲེལ་ཡོད་འོས་སྦྱོར།