logo

《གྲུབ་དབང་པདྨ་རང་གྲོལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས》པར་དུ་བསྐྲུན།

རྩོམ་པ་པོ།:སངས་རྒྱས་མཁར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-09-16 ཀློག་གྲངས།:

     སྤྱི་ཟླ9པའི་ཚེས13ཉིན། གྲུབ་དབང་པདྨ་རང་གྲོལ་སྐུ་ཕྲེང་ལྔ་པ་གྲགས་པ་རྒྱལ་མཚན་གྱིས་གཙོ་སྒྲིག་མཛད་ཅིང་། ཞོ་རའི་རིག་པ་འཛིན་པ་དུ་མའི་རྩོམ་སྒྲིག་བྱས་པའི《གྲུབ་དབང་པདྨ་རང་གྲོལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས》ཞེས་པའི་དེབ་འདི་ཉིད་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་དཔེ་སྐྲུན་མཛད་སྒོ་གདན་ས་ཆེན་པོ་ཞོ་འོང་དཔྱི་ཐེག་ཆེན་ཆོས་གླིང་དུ་གཟབ་རྒྱས་ངང་སྤེལ།

     ཕན་བདེའི་འབྱུང་གནས་བསྟན་པའི་སྲོག་ཤིང་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་ཚང་གི་ཐུགས་སྲས། མཁས་གྲུབ་གཉིས་འཛོམས་ཀྱི་བླ་མ་གྲུབ་དབང་པདྨ་རང་གྲོལ་མཆོག་ནི། སོག་པོའི་ཡུལ་དུ་སྐུ་འཁྲུངས་ཤིང་། ཆུང་ནས་བཟུང་ཟས་ནོར་ལ་ཆགས་ཞེན་ཆུང་། ངན་སློང་ལ་སྙིང་རྗེ་ཆེ། བླ་མ་རྣམས་ལ་དད་གུས་དང་ཆོས་ལུགས་གང་ལའང་དག་སྣང་ཆེ་བ་སོགས་སྔོན་སྦྱངས་ཆོས་ཀྱི་བག་ཆགས་བཟང་ཞིང་། ཆེར་སོང་ནས་ཆོས་སྒོར་ཞུགས་ཏེ་བསྟན་པ་དང་འགྲོ་བའི་དོན་མཛད་པ་དང་། རྗེས་འཇུག་གི་སློབ་མ་ཡང་རེབ་གོང་སྔགས་མང་སྤྱི་དང་རྨ་ཕར་ཚུར་ཁྲི་ག མང་རྫོང་སོགས་སུ་རིག་པ་འཛིན་པའི་རྒྱལ་ཐབས་ཟིན་པ་བགྲང་གིས་མི་ལང་བ་བཞུགས་ཤིང་བརྩམས་ཆོས་པོད་བཞི་ཙམ་བཞུགས་མོད། སྔགས་མང་ཞིབ་འཇུག་ཁང་གིས་ཕྱོགས་བསྒྲིགས་ཀྱི་དེབ་གཅིག་ལས་གཞན་དག་དུས་ཀྱི་དབང་གིས་ཁ་ཐོར་ཏུ་ཕྱིན་ནས་ད་སྔ་ཡན་ཆད་དུ་ལག་སོན་བྱུང་མེད། ཡིན་ཡང་། ད་རེབ་གྲུབ་དབང་པདྨ་རང་གྲོལ་སྐུ་ཕྲེང་ལྔ་པ་འཇིགས་ཆེན་དཔལ་ཆེན་ཆོས་དབྱིངས་རང་གྲོལ་ལམ་གྲགས་པ་རྒྱལ་མཚན་མཆོག་གི་ཐུགས་བསྐྱེད་རྟེན་འབྲེལ་ལས་སྔར་ལག་སོན་མ་བྱུང་བའི་གསུང་རྩོམ་མང་པོ་གསར་དུ་བསྣན་ནས་གྲུབ་དབང་པདྨ་རང་གྲོལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས་འདི་པར་དུ་བསྐྲུན་ཤིང་། 

     དེབ་འདིར་པདྨ་རང་གྲོལ་སྐུ་ཕྲེང་དང་པོ་ནས་ལྔ་པའི་བར་གྱི་ལོ་རྒྱུས་ཆ་ཚང་དང་། སྐུ་ཕྲེང་སོ་སོས་བཞེངས་པའི་མགུར་ཚོགས། འདོན་ཆོག ཆོ་གའི་རྣམ་བཤད། བསྐང་གསོལ། འཕྲིན་བཅོལ། བཅའ་ཡིག རྔ་ཚིག གཏོར་དཔེ། པར་བྱང་སྨོན་ཚིག རྟེན་བཤད། བསང་དཔེ་སོགས་སྐྱ་སེར་ཀུན་ལ་ཤིན་ཏུ་མཁོ་གལ་ཆེ་བའི་གསུང་ཆོས་གསེར་ནག་ལྟ་བུ་མང་དུ་བཞུགས་པ་མ་ཟད། བླ་མ་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་ཡབ་སྲས་ལ་ཞིབ་འཇུག་བྱེད་ན་མེད་དུ་མི་རུང་བའི་རྒྱུ་ཆ་ཆེས་རྩ་ཆེན་དུ་གྱུར་ཡོད་པས་རིག་པ་དོན་དུ་གཉེར་བའི་དྲན་དབང་ཚོགས་ལ་ཟླ་མེད་ལེགས་སྐྱེས་ཀྱི་ཚུལ་དུ་ཕུལ་ཡོད་དོ། །


འབྲེལ་ཡོད་འོས་སྦྱོར།