གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་དབྱར་གནང་སྐབས་ཀྱི་ཁྱིམ་བདག་ཚོགས་འདུ་བསྡུས་པ།
ཏང་གི་མི་རིགས་སློབ་གསོའི་ལས་དོན་ལྷུར་ལེན་བྱེད་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དར་སྤེལ་དུ་གཏོང་བའི་རྨང་གཞིའི་ཆ་རྐྱེན་ཉག་གཅིག་ཡིན་ལ། དུས་རབས་གསར་བའི་འོས་འགན་དང་ལེན་བྱེད་པའི་རྩ་བའི་ལམ་ཕྱོགས་ཤིག་ཀྱང་ཡིན་པས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མི་རིགས་སློབ་གསོའི་ལས་དོན་ལ་འབད་པ་རྒྱུན་འཁྱོངས་བྱས་ཏེ་མ་འོངས་པའི་མེས་རྒྱལ་གྱི་རེ་བ་དང་མི་རིགས་ཀྱི་བདག་པོ་ཚུལ་ལྡན་ཅན་འབོར་ཆེན་ཞིག་གསོ་སྐྱོང་བྱ་རྒྱུ་ནི་དགོས་གལ་ཆེ་བའི་ལས་དོན་རླབས་ཆེན་ཞིག་ཡིན་པ་སྨོས་མ་དགོས་སོ། ། སློབ་མ་ཞིག་གིསློབ་སྦྱོང་གི་སྦྱངས་འབྲས་ཀྱིས་སློབ་མའི་མི་ཚེ་གཅིག་གི་ལས་དབང་ལ་ཁ་ཕྱོགས་གསལ་བོ་ཞིག་སྟོན་ནུས་ཕྱིར། ང་ཚོས་སློབ་མའི་སྦྱངས་འབྲས་ལ་དབྱེ་ཞིབ་དང་དགེ་རྒན་གྱི་ལས་འབྲས་ལ་དཔྱད་བསྡུར། ད་དུང་ཁྱིམ་བདག་གི་རམ་འདེགས་ལ་རྒྱུས་ལོན་ལ་གསལ་བོ་ཞིག་བྱེད་དགོས་པ་མ་ཟད། སློབ་མའི་དབྱར་གནང་སྐབས་ཀྱི་བདེ་འཇགས་དང་ལས་བྱ་ལེགས་འགྲུབ་བྱེད་པའི་ཆ་ལ་ཡང་སྔ་མོ་ནས་བཀོད་སྒྲིག་གང་ལེགས་ཤིག་བྱེད་དགོས་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བའི་ལས་དོན་ཞིག་ཏུ་གྲུབ་པ་རེད། དེའི་ཕྱིར། སློབ་མ་ནི་མ་འོངས་པའི་སྤྱི་ཚོགས་ཀྱི་དབང་བསྒྱུར་བ་བཟང་བོ་ཞིག་ཏུ་འགྱུར་དགོས་ན་སློབ་གྲྭ་དང་ཁྱིམ་བདག་ཟུང་འབྲེལ་གྱིས་སློབ་མའི་བདེ་ཐང་གི་འཚར་ལོངས་ལ་སེམས་ཁུར་དང་སློབ་མའི་མི་གཤིས་ཀྱི་གསོ་སྐྱོང་ལ་འབད་པ། སློབ་མའི་སྦྱངས་འབྲས་ཀྱི་བཟང་ངན་ལ་རྒྱུས་ལོན་སྒོས་ཡང་དག་པའི་མི་རིགས་སློབ་གསོའི་འོས་འགན་སྒོ་ཀུན་ནས་ལེགས་འགྲུབ་བྱེད་པའི་ཆ་ལ་རང་ནུས་གང་ཡོད་འདོན་དགོས་པ་རེད་དོ། །
2019ལོའི་ཟླ7ཚེས13ཉིན་གྱི་སྔ་དྲོའི་དུས་ཚོད9སྟེང་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་ཉིས་སྟོང་བཅོ་བརྒྱད་ནས་ཉིས་སྟོང་བཅུ་དགུ་ལོའི་སློབ་སྐབས་གཉིས་པའི་དབྱར་གནང་གི་ཁྱིམ་བདག་ཚོགས་འདུ་དེ་སློབ་གྲྭའི་རྩལ་སྦྱང་ར་བར་དུས་ལྟར་བསྡུས་པ་ཡིན་ལ། ཐེངས་འདིའི་ཁྱིམ་བདག་ཚོགས་འདུ་ལ་དམའ་གཅིག་དང་དམའ་གཉིས་རིམ་པའི་དགེ་སློབ་ཡོངས་དང་རང་སློབ་གྲྭའི་མགོ་ཁྲིད་ཚན་ཆུང་མ་ལུས་པར་ཞུགས་ཡོད་ལ། སློབ་སྟོན་ཁང་གི་ཀྲུའུ་རིན་བཀྲ་ཤིས་མཚོ་ལགས་ཀྱིས་ཐེངས་འདིའི་ཚོགས་འདུ་ལ་མདོ་འཛིན་བྱས་པ་རེད། ཚོགས་འདུ་འདི་རིམ་པ་གསུམ་གྱིས་གྲུབ་པ་སྟེ་གཅིག་ནས་ཐེངས་འདིའི་མཇུག་རྒྱུགས་ཁྲོད་སྦྱངས་འབྲས་ལེགས་པའི་སློབ་མ་ལ་བྱ་དགའི་རིམ་པ་ཨང་དང་པོ་དང་ཨང་གཉིས་པ། ཨང་གསུམ་པ་བཅས་ཀྱི་བྱ་དགའ་བསྩལ་བ་མ་ཟད། ཡར་རྒྱས་འབྱུང་བཞིན་པའི་སློབ་མ་དང་ཐུན་མོང་གི་བྱ་དགའ་སོགས་གནང་བ། གཉིས་ནས་སློབ་སྤྱི་གཞོན་པ་ཚེ་གཟུངས་ལགས་ཀྱིས་ཐེངས་འདིའི་མཇུག་རྒྱུགས་ལ་དབྱེ་ཞིབ་སྒོས་དབྱར་གནང་གི་སློབ་མའི་འོས་འགན་བཀོད་སྒྲིག་སྐོར་གྱི་གསུངས་བཤད་གནང་བ། གསུམ་ནས་རང་སློབ་གྲྭའི་སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་ཐེངས་འདིའི་ཁྱིམ་བདག་རྣམས་ལ་དགོས་གལ་ཆེ་ཞིང་རིན་ཐང་ལྡན་པའི་སློབ་མ་དང་འབྲེལ་ཡོད་ཀྱི་གཏམ་བཤད་འགངས་ཆེན་གནང་བ་བཅས་རེད།
གཅིག ཐེངས་འདིའི་མཇུག་རྒྱུགས་ལ་དབྱེ་ཞིབ་དང་སློབ་སྐབས་གཅིག་གི་སློབ་སྦྱོང་གི་བྱེད་སྟངས་བཅས་ལ་དཔྱད་བསྡུར་གང་ལེགས་བྱས་ཏེ་དམའ་གཅིག་ལོ་རིམ་ཁག་དང་དམའ་གཉིས་ལོ་རིམ་ཁག་ལས་བྱ་དགའ་ཨང་དང་པོ་ཐོབ་པའི་སློབ་གྲོགས་སུམ་ཅུ་དང་ཨང་གཉིས་པ་ཐོབ་པའི་སློབ་གྲོགས་སུམ་ཅུ། ཨང་གསུམ་པ་ཐོབ་པའི་སློབ་གྲོགས་བཞི་བཅུ་བཅས་བསྡོམས་པའི་སློབ་གྲོགས་ཉིས་བརྒྱ་ལ་ཡུལ་དངོས་ནས་སྦྱངས་འབྲས་ལེགས་པོ་བླངས་པར་རྟིང་སྐུལ་གྱི་བྱ་དགའ་གནང་བ་ཡིན་ལ། གཞན་ཡང་དམའ་གཅིག་རིམ་པའི་འཛིན་གྲྭ་དྲུག་དང་དམའ་གཉིས་རིམ་པའི་འཛིན་གྲྭ་དྲུག་བསྡོམས་པའི་འཛིན་གྲྭ་བཅུ་གཉིས་ལ་སློབ་གྲྭའི་བཟོ་ཚོགས་ཀྱིས་རྩ་འཛུགས་སྒོས་སྒྲུབ་པའི་བྱ་འགུལ་ཁྲོད་ཐུན་མོང་གི་བྱ་དགའ་ཐོབ་པར་་ཡང་ཡུལ་དངོས་ནས་བྱ་དགའ་གནང་སྟེ་རྗེས་ཕྱོགས་ཀྱི་སློབ་སྦྱོང་དང་དགའ་ཕྱོགས་འདོན་སྤེལ་གྱི་ཆ་ལ་འབད་པ་ཆེན་པོ་བྱེད་དགོས་པའི་རེ་སྐུལ་བྱས་ཤིང་ཁྱད་པར་དུ་ཁྱིམ་བདག་དག་གིས་སློབ་མའི་སློབ་སྦྱོང་གཙོས་ཕྱོགས་གང་ཐད་ནས་རམ་འདེགས་ཀྱི་ནུས་པ་ཐོན་པར་བྱེད་དགོས་པའི་འབོད་སྐུལ་བཏང་བ་རེད།
གཉིས། སློབ་གྲྭའི་སློབ་སྤྱི་ཚེ་གཟུངས་ལགས་ཀྱིས་དོན་ཚན་ཆེན་མོ་གསུམ་གྱི་སྟེང་ནས་ཐེངས་འདིའི་ཚོགས་འདུ་ལ་གཏམ་བཤད་སྤེལ་བ་རེད། དོན་ཚན་དང་པོ་ནི་ཐེངས་འདིའི་སློབ་གྲོགས་དག་གི་མཇུག་རྒྱུགས་ཀྱི་སྐར་གྲངས་ལ་དབྱེ་ཞིབ་བྱས་ཏེ་ལེགས་པའི་ཆ་རྒྱུན་འཁྱོངས་དང་ཞན་པའི་ཆ་བཅོས་བསྒྱུར་བྱེད་དགོས་ཚུལ་གཞིར་བཟུང་ནས་ཁྱིམ་བདག་དག་ལ་རང་གི་སློབ་མའི་བསླབ་བྱ་སོ་སོའི་རྒྱུགས་འབྲས་གསལ་བསྒྲགས་བྱས་པ་མ་ཟད། རྗེས་ཕྱོགས་ཀྱི་སློབ་སྦྱོང་གི་འཚོ་བའི་ཁྲོད་དུ་ཁྱིམ་བདག་དག་གིས་རང་གི་སློབ་མའི་སློབ་སྦྱོང་གི་བྱེད་ཐབས་དང་རྣམ་འགྱུར་སོགས་གང་གི་ཐད་ལ་ཡང་དོ་སྣང་བྱེད་དགོས་ལ་སློབ་སྦྱོང་གི་འོས་འགན་ལེགས་འགྲུབ་འབྱུང་བའི་ཐད་ལ་མཐུན་རྐྱེན་གང་ལེགས་སྦྱོར་དགོས་པའི་རེ་བ་བཏོན་པ་རེད། དེ་དང་མཉམ་དུ་སློབ་མ་དང་སློབ་མའི་ཁྱད་པར་དང་འཛིན་གྲྭ་དང་འཛིན་གྲྭའི་མཐོན་དམན་བསྡུར་ནས་ཁྱིམ་བདག་རྣམས་ལ་སློབ་མའི་སྦྱངས་འབྲས་ལེགས་པའི་རྒྱུ་རྐྱེན་དང་ཞན་པའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
དོན་ཚན་གཉིས་པ་ནི་ཐེངས་འདིའི་མཇུག་རྒྱུགས་ཁྲོད་སྦྱངས་འབྲས་འབུར་དུ་ཐོན་པའི་དམའ་གཅིག་རིམ་པའི་སློབ་གྲོགས་100དང་དམའ་གཉིས་རིམ་པའི་སློབ་གྲོགས100ལ་ཡུལ་དངོས་ནས་གཟེངས་བསྟོད་བྱ་དགའ་གནང་བ་མ་ཟད། ད་དུང་རྗེས་ཕྱོགས་ཀྱི་འཚོ་བའི་ཁྲོད་དུ་མུ་མཐུད་དུ་སློབ་སྦྱོང་ལ་འབད་པ་ཆེན་པོ་བྱེད་དགོས་ཚུལ་དང་། དེ་རིང་གི་སློབ་སྦྱོང་གི་དཀའ་སྡུག་ནི་སང་ཉིན་གྱི་གྲུབ་འབྲས་ཀྱི་རྒྱལ་ཁ་ཡིན་པའི་ར་སྤྲོད་བྱས་ཏེ་ཁྱིམ་བདག་དང་དགེ་རྒན་མཉམ་འབྲེལ་སྒོས་སློབ་མའི་འབྱུང་འགྱུར་གྱི་རེ་འདུན་མངོན་འགྱུར་བྱེད་པའི་ཐད་ལ་ནུས་པ་གང་ཡོད་འདོན་དགོས་པའི་བསམ་ཚུལ་བསྟན་པ་རེད།
དོན་ཚན་གསུམ་པ་ནི་དགེ་རྒན་དང་ཁྱིམ་བདག་སློབ་མ་དག་གིས་རང་འགན་ལེགས་འགྲུབ་བྱེད་ཐབས་དང་དེ་དང་འབྲེལ་ཡོད་ཀྱི་ཉམས་མྱོང་སྤྱི་སྡོམ་བྱས་པ་མ་ཟད། བསླབ་བྱ་དག་གི་སྦྱངས་འབྲས་ཇི་ལྟར་མཐོར་འདེགས་སུ་གཏོང་དགོས་ཚུལ་དང་སློབ་མའི་སློབ་སྦྱོང་གི་རྒྱུ་སྤུས་ཇི་ལྟར་གཏན་འཇགས་སུ་གཏོང་དགོས་ཚུལ། ལོ་རིམ་ཁག་སོ་སོའི་དཔེ་ཁྲིད་དང་སློབ་སྦྱོང་གི་རྣམ་པ་སོགས་སོགས་མཚམས་སྦྱོར་བྱས་པ་རེད། ཁྱད་པར་དུ་ཁྱིམ་བདག་རྣམ་པས་དབྱར་གནང་གི་སྐབས་སུ་རང་གི་སློབ་མའི་འོས་འགན་ལེགས་འགྲུབ་དང་ལུས་སེམས་བདེ་ཐང་འབྱུང་བར་ཁག་ཐེག་བྱེད་དགོས་ལ། སློབ་མའི་དབྱར་གནང་གི་དུས་ཚོད་དེ་སྤྲོ་སྣང་ལྡན་ཞིང་དོན་སྙིང་ལྡན་པའི་སྒོ་ནས་རོལ་བར་བྱ་ཆེད་ཕྱོགས་ཡོངས་ནས་ཁྱིམ་བདག་གིས་ལྟ་སྐུལ་དང་རམ་འདེགས་མི་དམན་པ་ཞིག་བྱེད་དགོས་པས་མི་ཚད་ད་དུང་ཁྱིམ་བདག་གིས་སྣེ་ཁྲིད་དེ་སློབ་མའི་ཀུན་སྤྱོད་སོགས་གང་གི་ཐད་ནས་ལེགས་པའི་ལམ་དང་ཡ་རབས་ཚུལ་ལྡན་ཅན་དུ་འགྱུར་བར་ནུས་པ་གང་ཡོད་འདོན་དགོས་པའི་རེ་བ་ནན་མོ་བཏོན་པ་རེད།
གསུམ། སློབ་གྲྭའི་སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་ཐེངས་འདིའི་དབྱར་གནང་ཁྲོད་ཁྱིམ་བདག་རྣམས་ཀྱིས་སློབ་མའི་ལུས་སེམས་གཉིས་ཀ་བདེ་ཐང་འབྱུང་བ་ཁག་ཐེག་ཡོད་པའི་སྒོ་ནས་སློབ་མའི་སློབ་སྦྱོང་གི་དུས་ཚོད་དང་དཔེ་ཀློག་གི་གོ་སྐབས། ཡ་རབས་ཀུན་སྤྱོད་ཀྱི་ལམ་ལུགས། མི་གཤིས་ལེགས་བསྒྱུར་གྱི་བྱེད་ཐབས། གཞན་དོན་ལྷུར་ལེན་གྱི་རྣམ་པ། རང་དཔེ་གཞན་སྟོན་གྱི་འདུ་ཤེས་སོགས་ཕྱོགས་ཡོངས་ནས་ཡང་དག་པའི་སློབ་སྟོན་འགངས་ཆེན་གནང་བ་མ་ཟད། ཁྱིམ་བདག་དག་གིས་ནངས་སྔ་དགོང་འཕྱི་སྒོས་རང་གི་སློབ་མའི་དབྱར་གནང་གི་ལས་བྱ་དུས་ལྟར་ལེགས་འགྲུབ་བྱེད་དགོས་ཤིང་དབྱར་གནང་གི་འཚོ་བ་སྤྲོ་སྐྱིད་ལྡན་ཞིང་དཔལ་ཡོན་རྒྱས་པར་བྱེད་དགོས་ལ། ཁྱད་པར་དུ་ཁྱིམ་བདག་རང་ཉིད་ཀྱིས་རང་གི་སློབ་མའི་མདུན་ལམ་ལ་སེམས་ཁུར་དང་རང་གི་སློབ་མའི་འགྲོ་འདུག་སྤྱོད་གསུམ་སོགས་གང་ཐད་ནས་ཡ་རབས་ཀྱི་ལམ་དུ་འཇུག་པར་བྱེད་པའི་ཐབས་ལམ་འདོན་སྤེལ་བྱེད་དགོས་ཤིང་། སློབ་མ་རང་སྟེང་ནས་ཀྱང་གཅིག་ནས་དགེ་རྒན་གྱིས་ལས་བཅོལ་ལྟར་བསླབ་བྱ་སོ་སོའི་ལས་བྱ་ལེགས་འགྲུབ་བྱེད་པར་རྒྱུན་འཁྱོངས་བྱེད་དགོས་པ་ཡིན་ལ། གཉིས་ནས་ཕ་མའི་མངགས་བཀོད་བཞིན་རང་ནུས་གང་ཡོད་སྒོས་རང་འགན་ལེགས་འགྲུབ་དང་ཡ་རབས་ཀུན་སྤྱོད་ལྡན་པའི་བྱིས་པ་གཞུང་དྲང་ཞིག་བྱེད་པར་ནུས་པ་གང་ཡོད་འདོན་དགོས་ཚུལ། གསུམ་ནས་ཁྲིམས་འགལ་གྱི་བྱ་བར་ཟབ་ཞུགས་མི་བྱེད་པ་དང་རང་བྱུང་གི་གནོད་འཚེ་ཆེ་སར་མི་འགྲོ་བ། སློབ་མའི་ཀུན་སྤྱོད་དང་མི་འཚམ་པའི་སྤྱོད་ངན་གྱི་རིགས་དང་འབྲེལ་འདྲིས་མི་བྱེད་པ། དོན་མེད་ཀྱི་ལས་མི་སྒྲུབ་པ་དང་མདོ་མེད་ཀྱ་གྲོགས་དང་མི་འགྲོགས་པའི་ངང་ནས་ཚུལ་མཐུན་དོན་གཉེར་གྱིས་སློབ་སྐབས་འདིར་སྦྱངས་ཟིན་པ་རྣམས་ལ་བསྐྱར་སྦྱངས་དང་སློབ་སྐབས་རྗེས་མར་བསླབས་དགོས་པའི་སྐོར་ལ་སྔོན་སྦྱོང་བྱེད་དགོས་པ་ཡིན་ལ། ཁོམ་ལོང་གི་སྐབས་སུ་སློབ་མས་བཀླགས་པར་འོས་པའི་དཔེ་ཆའི་རིགས་ལ་མང་དུ་ལྟ་དགོས་པ་དང་ཕ་མ་སྲི་ཞུ་སྒྲུབ་པའི་བྱིས་པ་ཡ་རབས་ཀྱི་ལམ་ལུགས་ལ་ནུས་པ་གང་ཡོད་འདོན་དགོས་པའི་རེ་བ་བཏོན་པ་རེད། གཞན་ཡང་སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་དོན་ཚན་ཆེན་པོ་ལྔ་ཡི་སྟེང་ནས་ཡང་དག་པའི་བསླབ་བྱ་གལ་ཆེན་གནང་བ་རེད། 1.ཚུལ་ལྡན་གྱི་ཀུན་སྤྱོད་ལེགས་པོ་ནི་མི་ཆོས་ཀྱི་རྩ་བ་ཡིན། 2.འབྲིང་རྒྱུགས་ནི་ང་ཚོ་མང་ཚོགས་དཀྱུས་མའི་བྱིས་པའི་ལས་དབང་ལ་ཁ་ལོ་བསྒྱུར་བའི་གོམ་སྟབས་དང་པོ་ཡིན། 3.བདེ་ཐང་གི་སེམས་ཁམས་དང་ལུས་པོ་ནི་མི་ཚེའི་འཚར་ལོངས་ཀྱི་སྔོན་འགྲོ་ཡིན། 4.སློབ་གཉེར་ལེགས་པོ་ནི་མི་ཚེ་ལ་རྒྱལ་ཁ་ལོན་པའི་ཁག་ཐེག་ཡིན། 5.ཆེས་ལེགས་པའི་དུས་ཚོད་བཀོད་སྒྲིག་ནི་ཆེས་མཐོ་བའི་ལས་ཕྱོད་འབྱུང་བའི་ཁག་ཐེག་ཡིན་སོགས་སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་ཏང་གི་མི་རིགས་སློབ་གསོའི་ལས་དོན་ལ་བློ་དཀར་ཞིང་མ་འོངས་པའི་མེས་རྒྱལ་གྱི་བདག་པོར་འགྱུར་དགོས་པའི་སློབ་གྲོགསམ་དག་གི་མདུན་ལམ་ལ་ཐད་ཀར་དུ་འབྲེལ་བ་དམ་པོ་ཡོད་པའི་གསུངས་བཤད་གནང་བ་འདིས་དགེ་རྒན་དང་ཁྱིམ་བདག་སློབ་གྲོགས་དག་གི་རྗེས་སོར་གྱི་བྱ་བའི་ཁྲོད་ལ་མེད་དུ་མི་རུང་བའི་དགོས་ངེས་ཀྱི་བསླབ་བྱ་གལ་ཆེན་གནང་བ་དང་ཆབས་ཅིག་ཏུ་ཐེངས་འདིའི་ཁྱིམ་བདག་ཚོགས་འདུ་དེ་བདེ་ལེགས་ངང་མཇུག་སྒྲིལ་བར་བྱས།
ཐེངས་འདིའི་ཁྱིམ་བདག་ཚོགས་འདུ་འདི་བསྡུས་པ་བརྒྱུད་ནས་སློབ་མ་ཞིག་གི་འཚར་ལོངས་ལ་དགོས་གལ་ཆེ་བའི་གནད་དོན་མང་པོ་ཞིག་ཐག་གཅོད་བྱས་པ་མ་ཟད། ད་དུང་ཁྱིམ་བདག་ལྷན་རྒྱས་ཀྱིས་རང་གི་སློབ་མའི་མདུན་ལམ་ལེགས་འགྲུབ་འབྱུང་བའི་ཆ་ལ་རང་ནུས་གང་ཡོད་སྒོས་རམ་འདེགས་བྱེད་དགོས་ཤིང་ཁྱད་པར་དུ་སློབ་གྲྭའི་འོས་འགན་མཐའ་འཁྱོལ་བར་བྱེད་པའི་ཆ་ལ་ཡང་གཏན་ཚིགས་རང་བཞིན་གྱི་དགེ་མཚན་མི་དམན་པ་ཞིག་ཐོན་པར་བྱས་པ་རེད།