རྐང་ཚ་རྫོང་འོམ་ཆུ་སློབ་གྲྭས་སྐབས་ལྔ་བའི་ལུས་རྩལ་འགྲན་ཚོགས་སྤེལ་བ།
དཔྱིད་དཔལ་གྱི་ཕོ་ཉས་ང་ཚོར་མགྲོན་བརྡ་གཏོང་ཞིང་། བསུང་ཞིམ་གྱི་པདྨོས་ང་ཚོར་འཛུམ་དཀར་ངོམ་པའི་དུས་དེ་རིང་། ཤེས་རིག་གི་སྡིངས་ཀ་ན་རྩེན་པའི་སློབ་བུ་དག རྩལ་དྲུག་གི་ལང་ཚོ་ངོམ་ཞིང་དགའ་སྐྱིད་ཀྱི་དགོད་སྒྲ་ལྷང་ལྷང་སྒྲོག་བཞིན་འདི་ལ་འཛོམས། ང་ཚོས་དགའ་བའི་གླུ་ལེན་ཞོར། སྐྱིད་པའི་བྲོ་འཁྲབ་ཞོར་དུ་འོམ་ཆུ་གྲོང་རྡལ་མི་རིགས་ཆ་ཚང་སློབ་ཆུང་གི་སྐབས་ལྔ་པའི་ལུས་རྩལ་འགྲན་ཚོགས་སྤོབས་པ་དང་ཡིད་ཆེས་ཀྱི་སྒོ་ནས་བསུས།
2019ལོའི་ཟླ5བའི་ཚེས27ཉིན། རྐང་ཚ་རྫོང་འོམ་ཆུ་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་ལུས་ལ་འཕྱོར་བའི་གོས་དང་ངག་ལ་སྲིད་པའི་གཏམ་གྱིས་ཕྱུག་ནས་སློབ་རའི་ལུས་རྩལ་ཐང་ཆེན་དུ་འོམ་ཆུ་སློབ་ཆུང་གི་སྐབས་ལྔ་བའི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ངང་འཚོགས། འཛིན་གྲྭ་རེ་རེས་སོ་སོའི་ཁྱད་ཆོས་དང་ཐུན་མོང་མ་ཡིན་པའི་གྱོན་གོས་སྣ་ཚོགས་སྤྲས་ཤིང་། ལག་ཏུ་སྲོལ་རྒྱུན་ལག་ཤེས་ཐོན་རྫས་སྣ་ཚོགས་བསྣམས་ནས་ངག་ཏུ་ཤེས་བྱའི་ཚིག་འབྲུ་སྣ་མང་གྱེར་བཞིན་གྲལ་འགྲིག་པའི་རུ་དཔུང་གཅིག་རྗེས་གཅིག་སུ་གཤར་བ་ནི་སློབ་ར་འདིའི་རྒྱན་ཆ་ག་ལ་མིན།
སློབ་བུ་ཚོས་སློབ་གྲྭའི་དབུ་ཁྲིད་དང་དུས་རྒྱུན་སློབ་གྲྭར་རྒྱབ་སྐྱོར་གནང་མྱོང་བའི་སྡེ་དཔོན་དག་ལ་སྐེ་རས་དམར་པོ་ཕུལ། སློབ་གཙོས་སྐབས་ལྔ་བའི་ལུས་རྩལ་འགྲན་སྡུར་མཛད་སྒོ་ཕྱེ་བར་གཏམ་བཤད་གནང་ལ། གཞན་ངལ་བ་དང་དུ་བླངས་ནས་དུས་རྒྱུན་སློབ་གསོའི་བྱ་བཞག་ལ་འབད་པའི་དགེ་རྒན་དག་དང་ནངས་སྔ་དགོང་འཕྱི་བྱས་ཏེ་སློབ་ལ་བརྩོན་པའི་སྦྱངས་འབྲས་བཟང་བའི་སློབ་མ། གཞན་བཟང་གསུམ་སློབ་མ། ཕུལ་བྱུང་སློབ་མའི་ཚོགས་པ། ཕུལ་བྱུང་འཛིན་གྲྭ་བཅས་ལ་བྱ་དགའ་གནང་བ་མ་ཟད། སློབ་གསོའི་གར་སྟེགས་སུ་གྲུབ་འབྲས་དང་རྒྱལ་ཁ་ཡི་འཛུམ་མདངས་མ་ཡལ་བ་ནི་ཁྱོད་ཚོས་དུས་རྒྱུན་གྱི་འབད་འབུངས་དང་། རེ་བ་དང་འགན་འཁྲི་ཕྲག་ལ་ཁུར་ནས་མི་རིགས་སློབ་གསོའི་ཐད་ལ་རྐང་རྗེས་མཚམས་བཞག་མ་མྱོང་པས་ཡིན།
མ་འོངས་བར་ཤེས་བྱའི་ཐང་ཆེན་འདི་རུ་དཔྱོད་ལྡན་སློབ་བུའི་རུ་དཔུང་སྐྱེད་སྲིང་བྱ་རྒྱུར་ཧུར་བརྩོན་དང་ཡར་རྒྱས་ཀྱི་དོན་སྙིང་སྲོག་ཤིང་དུ་བཟུང་སྟེ།འདས་པའི་ལོ་ཟླའི་ནང་དགེ་སློབ་ཡོངས་ཀྱིས་སྐྱིད་སྡུག་མཉམ་ཁུར་དང་འབད་བརྩོན་ལྷོད་མེད་ཀྱི་སེམས་ཤུགས་གཅིག་ཏུ་བསྡུས་ཏེ། ཁ་སང་གི་འོམ་ཆུ་སློབ་ཆུང་ལ་དྲན་གསོ་དང་། མ་འོངས་པའི་སློབ་ར་སྔར་ལས་འཆམ་མཐུན་དང་མཚར་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་སྤོབས་སེམས་དང་ཡིད་ཆེས་ཀྱིས་ཁེངས།