《གངས་ཅན་བྱིས་གླུ》དྲུག་གཅིག་དུས་ཆེན་དང་བསྟུན་ནས་དགྲམ་རྒྱུ།
སྙིང་ཉེ་བའི་ན་ཆུང་གྲོགས་པོ་རྣམ་པ།
ཁྱེད་ཅག་གིས་ཡུན་རིང་རེ་སྒུག་བྱས་པའི《གངས་ཅན་བྱིས་གླུ》ད་ལོའི་དྲུག་གཅིག་གི་དུས་ཆེན་དང་འགྲོགས་ནས་ན་ཆུང་བྱིས་པ་དག་གི་རེ་བའི་ཞིང་སར་སྦྲང་ཆར་བཞིན་དབབ་རྒྱུ་ཡིན་ལ། སྒྲ་གཟུགས་གཉིས་ལྡན་གྱི་གླུ་གཞས་བཅོ་ལྔ་ཡི་བདག་ཉིད་ཅན《གངས་ཅན་བྱིས་གླུ》(རོལ་དབྱངས་རིས་དེབ)ནི་གཞོན་སྐྱེས་རོལ་མོ་པ་གླིང་རྒྱལ་འཆི་མེད་ཚེ་རིང་གིས་སྣེ་ཁྲིད་དེ་དམངས་ཁྲོད་གཞས་ཚིག་འཚོལ་སྡུད་དང་དབྱངས་རྟ་གསར་རྩོམ། རོལ་མོ་གསར་བཟོ་དང་སྒྲ་འཇུག འགུལ་རིས་སྣང་བརྙན་གསར་རྩོམ་དང་སྒྲིག་བཟོ། དེ་མིན་རོལ་དབྱངས་རིས་དེབ་འབྲི་བ་སོགས་ལས་ཀ་ལྷུར་བླངས་ཏེ་ད་ལྟ་དངོས་སུ་པར་སྐྲུན་བགྱིས་ཡོད་པས་འདི་ཡང་རང་ཅག་བྱིས་པ་དག་ལ་མཚོན་ན་ཆེས་རིན་ཐང་བྲལ་བའི་ལེགས་སྐྱེས་ཀྱི་མཆོག་དང་མི་ཚེའི་ཚེ་ནོམ་དུ་འགྱུར་བའི་ཡིད་ཆེས་ཡོད།
《གངས་ཅན་བྱིས་གླུ》གསར་རྩོམ་གྱི་མི་ལོ་ལྔ་ཡི་རིང་ང་ཚོས་ཡོད་ཚད་བྱིས་པ་དག་གི་ཆེད་དུ་འབུལ་རྒྱུའི་དམ་བཅའ་སྙིང་ལ་བྲིས་ཤིང་བྱིས་པའི་སེམས་ཁམས་དང་མཐུན་པའི་འགུལ་རིས་བྱིས་སྤུས་ལེགས་ཅིག་འཁྱོངས་ཆེད་བོད་ཁུལ་གྱི་བྱིས་སྐྱོང་ཁང་དང་སློབ་ཆུང་བརྒྱ་ལྷག་གི་ནང་དུ་སོང་ནས་བྱིས་པའི་ཁམས་དང་མོས་པར་རྒྱུས་ལོན་དང་མིག་སྔའི་བྱིས་གླུའི་རྣམ་པ་དང་རྒྱུ་སྤུས། གྲངས་ཚད་བཅས་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས་པ་དང་། སློབ་གསོ་ཆེད་མཁས་པའི་མདུན་སར་ཐེངས་མང་བཅར་ནས་བློ་དྲིས་ཤིང་གྲོས་ཁ་བསྡུར་ཏེ་ཡང་ནས་བསྐྱར་དུ་བཟོ་བཅོས་དང་ཞུ་དག་ཀྱང་ཐེངས་མང་པོར་བྱས་པ་ཡིན།
ད་ལྟ《གངས་ཅན་བྱིས་གླུ》དངོས་སུ་པར་སྐྲུན་ལེགས་འགྲུབ་བྱུང་ཡོད་པས་རྒྱ་ཆེའི་ཁྱིམ་བདག་དང་དགེ་རྒན་དག་གི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཡིད་ཆེས་བརྟན་པོ་ཡོད། 《གངས་ཅན་བྱིས་གླུ》ནི་ན་ཆུང་བྱིས་པ་དག་གི་མཚར་སྣང་གི་བློ་སྒོ་འབྱེད་པའི་ལྡེ་མིག་དང་བྱིས་པའི་ནང་སེམས་ཀྱི་ལོངས་སྤྱོད་ཅིག་ཀྱང་ཡིན་ངེས་པས་ང་ཚོས་ཀྱང་རང་རེའི་ན་ཆུང་བྱིས་པ་དག་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་མུ་མཐུད་དུ་འབད་པ་ལྷོད་མེད་བྱ་ངེས་སོ། །
སྤྱི་ཟླ6པའི་ཚེས1སྔོན་ལ《གངས་ཅན་བྱིས་གླུ》དངོས་སུ་འགྲེམ་སྤེལ་བྱ་རྒྱུ་ཡིན་པས་བོད་ཁུལ་གྱི་བྱིས་སྐྱོང་ཁང་དང་སློབ་ཆུང་སོ་སོས་དགའ་བསུ་ཞུ་བར་སྨོན།
《གངས་ཅན་བྱིས་གླུ》ལས་སྒྲུབ་ཚན་ཆུང་ནས།
“དྲུག་གཅིག”བྱིས་པའི་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས། བོད་ཀྱི་འགུལ་རིས་བྱིས་གླུ་ཐོག་མ《གངས་ཅན་བྱིས་གླུའི》སྔོན་བརྡའི་བརྙན་ཐུང་།
མི་སྣ་གྲགས་ཅན་དག་གིས་ཕུལ་བའི་ཤིས་ཚིག བརྙན།