མཚོ་ལྷོ་ཁུལ་ལུས་རྩལ་ཞོར་ལས་སློབ་གྲྭའི་དབྱུག་གྲུག་རུ་ཁག་གིས་ཨང6པ་བླངས།
ལུས་རྩལ་སྦྱོང་བརྡར་ནི་ལུས་ཕུང་བདེ་ཐང་གི་གཞི་མ་ཡིན་ལ་ལུས་ཕུང་བདེ་ཐང་ནི་ཡོན་ཏན་ཀུན་གྱི་རྨང་གཞི་ཡིན་ཕྱིར། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ལུས་ཕུང་སྦྱོང་བརྡར་ལ་འབད་འབུངས་བྱེད་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བའི་ལས་འགན་ཞིག་རེད་ཨང་། སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་ཁབ་སྟོབས་ལྡན། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་སློབ་ར་འཛུགས་སྐྲུན་བྱེད་དགོས་ན་ལུས་རྩལ་སྦྱོང་བརྡར་ལ་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། ལུས་སེམས་བདེ་ཐང་ཡིན་པའི་སྤྱོད་ཡོན་གཉིས་ལྡན་གྱི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་སྐྱེད་སྲིང་བྱེད་པའི་ཐད་ལ་ཡང་རང་ནུས་གང་ཡོད་འདོན་དགོས་པ་རེད།
སྤྱི་ཟླ4བའི་ཚེས18ཉིན་ནས་ཟླ4བའི་ཚེས26བར། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དང་གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོ། གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པ་གསུམ་གྱིས་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ལུས་རྩལ་ཞོར་ལས་སློབ་གྲྭའི་དབྱུག་གྲུག་རུ་ཁག་རྩ་འཛུགས་བགྱིས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཚབ་ཏུ་རང་རྒྱལ་གྱི་ཧྲན་ཏུང་བེ་ཧྭེ(山东威海)ས་ཁུལ་དུ་འཚོག་བཞིན་པའི་བཀོད་ལེགས་འགྱིག་འཁོར་རྟགས་མའི་རྒྱལ་ཡོངས་ཀྱི་སྐབས་གཉིས་པའི་ན་གཞོན་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་དབྱུག་གྲུགU15ཚོ་ཁག་གི་གྲ་སྒྲིག་འགྲན་བསྡུར་ལ་ཞུགས་པ་ཡིན་ལ། ཉིན་དགུའི་རིང་གི་ཛ་དྲག་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད་ནས་རྒྱལ་ཡོངས་ཀྱི་འགྲན་ཞུགས་རུ་ཁག་བཅོ་བརྒྱད་ལས་ཨང་དྲུག་པའི་འབྲས་བཟང་གིས་རྟིང་རྩོད་འགྲན་བསྡུར་གྱི་གྲས་སུ་ཚུད་པ་རེད། རྟིང་རྩོད་འགྲན་བསྡུར་དེ་ད་ལོའི་སྤྱི་ཟླ7པའི་ཚེས25ནས་ཚེས30བར་དུ་ལའོ་ཉིན་གྱི་ཏ་ལན(辽宁大连)དུ་འཚོག་རྒྱུ་རེད།
ཐེངས་འདིའི་འགྲན་བསྡུར་ལ་ཞུགས་པའི་ལུས་རྩལ་པ་ནི་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་མ12དང་གསེར་ཆེན་རྫོང་མི་རིགས་སློབ་བཅའ་སྡོད་སློབ་ཆུང་དང་པོའི་སློབ་མ4། གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་སློབ་མ4བཅས་བསྡོམས་པའི་སློབ་མ20གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་སྤྱི་གཡུང་དྲུང་བསྟན་པ་དང་རྩལ་འཁྲིད་པ་ཐེན་ཁྲང་ཅེ། མི་རིགས་སློབ་ཆུང་དང་པོ་དང་གཉིས་པའི་རྩལ་འཁྲིད་པ་སོགས་ཀྱིས་སྣེ་ཁྲིད་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ལུས་རྩལ་ཞོར་ལས་སློབ་གྲྭའི་དབྱུག་གྲུག་རུ་ཁག་དེ་རྒྱལ་ཡོངས་སྐབས་གཉིས་པའི་ན་གཞོན་ལུས་རྩལ་འགྲན་ཚོགས་སྐྱེས་པའི་དབྱུག་གྲུགU15ཚོ་ཁག་གི་གྲ་སྒྲིག་འགྲན་བསྡུར་ལ་ཞུགས་ཏེ་གཡུར་དུ་ཟ་བའི་འབྲས་བུ་ལེགས་པོ་ཞིག་བླངས་བྱུང་བ་འདི་ནི་གོང་རིམ་སྡེ་ཁག་དང་འབྲེལ་ཡོད་མི་སྣ་དག་གི་ཡང་དག་པའི་རོགས་རམ་དང་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཡིན་པ་མ་ཟད། དགེ་སློབ་ཟུང་འབྲེལ་སྒོས་འབད་པ་རྒྱུན་འཁྱོངས་བྱས་པ་དང་ཁ་འབྲལ་ཐབས་དེ་བས་ཀྱང་ཡོད་སྲིད་པ་མ་རེད། དེ་བས་ང་ཚོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ལུས་ཕུང་སྦྱོང་བརྡར་ལ་དོ་སྣང་དང་ལུས་རྩལ་སློབ་གསོའི་ལམ་ལུགས་ལག་ལེན་མཐར་ཕྱིན་བྱེད་པར་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིངས་སྲིད་པ་རེད། དེ་དང་མཉམ་དུ་མི་འགྱངས་བར་འཚོག་ལ་ཉེ་བའི་རྟིང་རྩོད་འགྲན་བསྡུར་ལས་ཀྱང་རྣམ་པར་རྒྱལ་ཏེ་གཡུར་དུ་ཟ་བའི་འབྲས་བུ་བཟང་བོ་ཞིག་ལེན་པར་སྔ་མོ་ནས་གྲ་སྒྲིག་གང་ལེགས་བྱེད་པའི་ཐད་ལ་མཐུན་རྐྱེན་མི་དམན་པ་ཞིག་ཀྱང་སྦྱར་བྱུང་བ་རེད།
རྒྱལ་ཡོངས་ཀྱི་སྐབས་གཉིས་པའི་ན་གཞོན་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་དབྱུག་གྲུག་འགྲན་བསྡུར་ལ་ཞུགས་པ་བརྒྱུད་ནས་ང་ཚོའི་སེམས་ལ་ནམ་ཡང་བརྗེད་དཀའ་བའི་བག་ཆགས་ཟབ་མོ་ཞིག་བཞག་བྱུང་བ་ནི་ལུས་ཕུང་སྦྱོང་བརྡར་བྱེད་པར་རྒྱུན་འཁྱོངས་བྱས་ཏེ་མིའི་རིགས་ཀྱི་ལུས་སེམས་བདེ་སྐྱིད་ལ་ནུས་པ་གང་ཡོད་འདོན་དགོས་པའི་ཀུན་སློང་ཡང་དག་བསྐྱེད་པ་དེ་རེད།