logo

མཚོ་སྔོན་བོད་ཀྱི་ཡིག་རྙིང་ཚོགས་པའི་སྐབས་བརྗེ་འདེམ་བསྐོ་ཚོགས་ཆེན་སྐབས་གཉིས་པ་ཟི་ལིང་དུ་བསྡུས་པ།

རྩོམ་པ་པོ།:བསམ་འཕེལ་ནོར་བུ། ཚེ་རིང་དོན་གྲ ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2019-05-07 ཀློག་གྲངས།:

     སྤྱི་ཟླ5བའི་ཚེས5ཉིན། མཚོ་སྔོན་བོད་ཀྱི་ཡིག་རྙིང་ཚོགས་པའི་སྐབས་བརྗེ་འདེམ་བསྐོ་ཚོགས་ཆེན་སྐབས་གཉིས་པ་ཟི་ལིང་ཚོང་དཔོན་ནོར་བཟང་བོད་ཀྱི་རིག་གནས་ཉམས་ཞིབ་ཁང་ནས་འཚོགས་པ་དང་། མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་དྲུང་ཆུང་ཚེ་དཔལ་སྟོབས་ལྡན་གྱིས་ཚོགས་འདུར་མདོ་འཛིན་མཛད་ཅིང་། མཚོ་སྔོན་བོད་ཀྱི་ཡིག་རྙིང་ཚོགས་པའི་དྲུང་ཆུང་པདྨ་ལྷུན་གྲུབ་ཀྱིས་ལས་འཛིན་ལྷན་ཚོགས་སྐབས་དང་པོའི་བྱ་བའི་སྙན་ཞུ་ཕུལ་བ་དང་། དྲུང་ཆེ་གསེར་ཚང་བསོད་ནམས་ཀྱིས་ལས་འཛིན་ལྷན་ཚོགས་སྐབས་དང་པོའི་ནོར་སྲིད་སྙན་ཞུ་ཕུལ།

     སྙན་ཞུའི་ནང་དུ། 2013ལོ་ནས་ད་ལྟའི་བར་གྱི་ཚོགས་པས་མཚོ་སྔོན་ཕྱོགས་ཀྱི་བོད་འབྲེལ་ཡིག་རྙིང་མྱུར་སྐྱོབ་དང་འཚོལ་བསྡུ། ལེགས་སྒྲིག  ཡིག་བསྒྱུར། དཔེ་སྐྲུན། སྲུང་སྐྱོབ།ཞིབ་འཇུག་སོགས་ཀྱི་ཐད་བླངས་པའི་གྲུབ་འབྲས་ཏེ། སློབ་དཔོན་ཆེན་མོ་བདེ་མཆོག་ལགས་ཀྱིས་དཔེ་ཁྲིད་གནང་བ་ཡི་གེ་དང་བརྙན་གཟུགས་སུ་སྒྲིག་པའི《སི་ཏི་ཞལ་ལུང་གི་འཆད་ཐོའི་ཟེར་སྡེར》གཙོ་བྱས་པའི་བཅུ་ཕྲག་རིག་གནས་དམར་ཁྲིད་དང་། དགེ་བཤེས་ཤེས་རབ་བསྟན་དར་དང་དགེ་རྒན་ཆེན་མོ་ཡུལ་ལྷ་ཐར་ལགས་ཀྱིས་བསྒྲིགས་པའི་དྲ་དེབ《ཡིག་རྙིང་ཞིབ་འཇུག་འཕྲིན་ལམ》འདོན་ཐེངས་གཉིས་བཀྲམས། དེ་མིན། རི་ཆུ་རིག་གནས་རྟོག་དཔྱོད་འཚོལ་བསྡུའི་ལས་ཀ་གཙོར་བྱས་པའི《ཁ་བ་ཅན་གྱི་སྣོད་བཅུད་དང་རི་ཆུ་རིག་གནས》སྐོར་གྱི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་བསྡུས་པ་དང་། གཞན་ཡབ་རྗེ་བླ་མའི་རིག་མཛོད།ངག་རྩོམ་མྱུར་སྐྱོབ་དང་རང་རྣམ་འཚོལ་བསྡུ། ཡིག་རྙིང་ཞིབ་འཇུག་གི་གསོ་སྦྱོང་འཛིན་གྲྭ་བསྡུ་བ་སོགས་ཚན་པ་དགུ་རུ་བསྡུས་སྟེ་ཚོགས་ཞུགས་མི་སྣ་ཡོངས་ལ་སྙན་ཞུ་ཕུལ།

     ཚོགས་འདུའི་ལས་རིམ་གཉིས་པའི་སྐབས་སུ། མཚོ་སྔོན་བོད་ཀྱི་ཡིག་རྙིང་ཚོགས་པའི་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཙོ་ཆུང་བ། རྒྱུན་ལས་ལས་འཛིན།ལས་འཛིན་ལྷན་ཚོགས་ཀྱི་སྐབས་གཉིས་པའི་བཤེར་དཔོན་དང་བཤེར་མི་བཅས་མི40ལྷག་འདེམས་ཤོག་འཕངས་སྟེ་བདམས་ཐོན་བྱུང་བ་དང་། གསར་དུ་བདམས་ཐོན་བྱུང་བའི་ཚོགས་གཙོ་བསོད་ནམས་ཚེ་རིང་གིས་འགན་བཞེས་གཏམ་བཤད་གནང་།

     མཇུག་མཐར། མཁས་དབང་རྒན་རབས་རྣམ་པས་གནའ་དཔེ་སྲུང་སྐྱོབ་དང་མྱུར་སྐྱོབ། དཔེ་སྐྲུན་བཅས་ཀྱི་ལས་དོན་ཐད་ལ་ནུས་ཤུགས་རྩལ་དུ་སྤྲུགས་ཤིང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་དུ་བྱུང་བ་སྔར་བས་སྔོག་འདོན་དར་སྤེལ་བཏང་བར་དྲིན་གཟོ་བའི་ཆེན་དུ། མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པས་ཞིབ་འཇུག་བྱས་པ་བརྒྱུད། རྒན་བང་སྟག་ཕུན་ཚོགས་དང་རྒན་བདེ་མཆོག རྒན་ཤེས་ཚོར། རྒན་སྐལ་བཟང་འབུམ་བཅས་ལ་གནའ་དཔེའི་ཕྱག་རྗེས་བྱ་དགའ་གནང་བ་དང་། སྐུ་ཞབས་བསོད་ནམས་ཚེ་རིང་ལ་གངས་ཅན་རིག་ནོར་བྱ་དགའ་བསྩལ།


འབྲེལ་ཡོད་འོས་སྦྱོར།