མཚོ་བྱང་མདོ་ལ་རི་བོ་སློབ་འབྲིང་གིས་བོད་ཡིག་ཡིག་གཟུགས་འགྲན་བསྡུར་སྐབས་གསུམ་པ་སྤེལ།
སྤྱི་ཟླ4པའི་ཚེས29ཉིན། མཚོ་བྱང་ཁུལ་བོད་སྐད་ཡིག་གཞུང་ལས་ཁང་དང་མདའ་བཞི་རྫོང་ཞིན་ཧྭ་དཔེ་ཁང་། མདོ་ལ་རི་བོ་སློབ་འབྲིང་བོད་སྐད་ཡིག་ཁྲིད་དཔྱོད་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས4.30རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་བོད་ཡིག་ཡིག་གཟུགས་འགྲན་སྡུར་སྐབས་གསུམ་པ་སྤེལ།
མདོ་འཛིན་པ་མཁའ་བྱམས་རྡོ་རྗེ་ཡིས་དྭངས་གཙང་གི་ངག་སྒོ་ལས་ཡིག་གཟུགས་འགྲན་བསྡུར་ལ་མགོ་འཛིན་བྱས་པ་དང་དགེ་རྒན་ལྕགས་ཐར་འབུམ་གྱིས་ཡིག་གཟུགས་ཀྱི་དགེ་མཚན་གླེང་བ་ཞེས་པ་བརྗོད་དོན་དུ་བཟུང་ནས་གཏམ་བཤད་སྤེལ་བ་བརྒྱུད་དེ་འགྲན་བསྡུར་དངོས་སུ་མགོ་བརྩམས། སློབ་གཙོ་བན་ཁོས་ཡིག་གཟུགས་ཀྱི་གལ་ཆེན་རང་བཞིན་དང་བོད་ཀྱི་ཡིག་གཟུགས་ལ་ཇི་ལྟར་འཇུག་པའི་སྐོར་དང་ནམ་རྒྱུན་གྱི་སློབ་སྦྱོང་བྱེད་པའི་སྐོར་ལ་བླང་བྱ་བཏོན། མཇུག་མཐར་དགེ་རྒན་སྐལ་བཟང་རྡོ་རྗེ་ཡིས་ཐེངས་འདིའི་འགྲན་བསྡུར་ལ་སྤྱི་བསྡོམས་མཛད་དེ་འགྲན་བསྡུར་རྒྱལ་ཁ་དང་བདེ་ལེགས་ངང་མཇུག་སྒྲིལ།
ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་སྤེལ་བས་སློབ་མ་ཚོའི་ཡིག་གཟུགས་ཚད་ལྡན་དུ་གཏོང་བ་དང་སློབ་གྲོགས་དག་གི་སློབ་གྲྭའི་སློབ་གསེང་གི་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་དང་སློབ་སྦྱོང་གི་མཁའ་དབུགས་སྔར་ལས་ཇེ་ལེགས་སུ་གཏོང་བར་ནུས་བ་གལ་ཆེན་ཐོན་ཡོད་ལ། འདིས་སློབ་གྲོགས་དག་གི་འཇོན་ནུས་སྔོག་འདོན་དང་བོད་ཀྱི་སྐད་ཡིག་དང་རིག་གནས་ལ་དུང་ཞེན་སྔར་ལས་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་བྱས་ཏེ། མ་འོངས་པར་སློབ་གྲྭ་འདིའི་བོད་སྐད་ཡིག་ཁྲིད་དཔྱོད་ཁང་གིས་མུ་མཐུད་དུ་བོད་ཀྱི་དམངས་སྲོལ་དང་འབྲེལ་བའི་གཏམ་དཔེ་དང་གནའ་གཏམ་འགྲན་བསྡུར། སྙན་ངག་གྱེར་འདོན། བློ་རྒྱུགས་སྤྲོད་པའི་འགྲན་བསྡུར་སོགས་སློབ་ཁྲིད་དང་བྱ་འགུལ་སྣ་མང་སྤེལ་འཆར་ཡོད་པས་སློབ་བུ་དག་གིས་ཤེས་རིག་གི་རྒྱ་མཚོའི་ཀློང་ནས་བློ་རིག་གི་འཁྱུག་རྩལ་ངོམ་པར་གར་སྟེགས་སྔར་ལས་ལེགས་པོ་ཞིག་སྐྲུན་ངེས་རེད།
ཐེངས་འདིའི་འགྲན་བསྡུར་ཁྲོད་འཛིན་གྲྭ་དྲུག་གི་སློབ་མ33འགྲན་བསྡུར་ལ་ཞུགས་ཡོད་ཅིང་སློབ་བུ་དག་གིས་བྲིས་ལ་ཡིག་ནོར་མེད་པ་དང་ཤོག་ངོས་དག་གཙང་ཡིན་པ། ཡིག་གཟུགས་དྲང་དགོས་པ། ཡི་གེར་མངོན་གསལ་གྱི་ཆེ་ཆུང་མེད་པ་བཅས་ཀྱི་བླང་བྱ་ལྟར་དུ་འགྲན་བསྡུར་དངོས་ལ་ཞུགས་ནས་དག་གཙང་གི་ཤོག་དཀར་ངོས་སུ་སོར་མོས་རྩལ་ལས་འཁྲུངས་པའི་ཡིག་གཟུགས་ཀྱི་རྩལ་ངོམ།
ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་ལ་འདྲ་མཉམ་དང་དྲང་བདེན་ཡོང་ཆེད། དཔྱད་འདེམས་པ་དག་གིས་ལོ་རིམ་རེ་རེ་ཚན་སྐོར་གཅིག་རེ་བྱས་ནས་འགྲན་བསྡུར་ལ་ཞུགས་སུ་བཅུག་པ་དང་དགེ་རྒན་རེ་རེས་གཟབ་ནན་གྱིས་དཔྱད་འདེམས་ཡང་ཡང་བྱས་མཐར། ཚན་སྐོར་གསུམ་ལས་ཨང་དང་བོ་གསུམ་དང་ཨང་གཉིས་པ་དྲུག ཨང་གསུམ་པ་དགུ། ཕུལ་བྱུང་བྱ་དགའ་བཅོ་ལྔ་བཅས་བྱ་དགའ་ཐོབ་པའི་སློབ་གྲོགས་དག་ལ་རིམ་པ་བཞིན་བྱ་དགའ་གནང་།