ན་གཞོན་སྙན་ངག་པ་བཅུ་གཉིས་ཀྱི་སྙན་ངག་གཅེས་བསྡུས་དེབ《རྒྱང་རིང》དཔར་དུ་བསྐྲུན་པ།
《རྒྱང་རིང》ནི་ན་གཞོན་སྙན་ངག་པ་བཅུ་གཉིས་ཏེ། འཇུ་སྐུད། ལྡོང་རྡོ། གངས་བུ་སྨྱུག་འཛིན། དྲེལ་པ། བསྟན་ཆོས། རྦབ་ཆུ། རིན་གདའ་བ། རེ་སད། འཕན་ཕྲུག་ཆོས་འཕེལ། སྨར་བརྩེ་སྨྱོན། གཙང་དྲག་ཆར། གསར་བུ་བཅས་སོ་སོས་ཉེ་བའི་ལོ་ཤས་ནང་བྲིས་པའི་རང་མོས་སྙན་ངག་ལས་ཅུང་ཡག་པ་རྣམས་བསྡུས་པའི་སྙན་དེབ་ཅིག་ཡིན། ཉེ་ཆར། རྩོམ་ཆོས་བསྡུ་རུབ་དང་ཡི་གེ་ཞུ་དག དཔར་གཞི་འཆར་འགོད། དཔེ་བསྐྲུན་འགྲེམ་སྤེལ་བཅས་ཀྱི་ལས་རིམ་ཡོངས་སུ་མཇུག་བསྒྲིལ་ཅིང་། ད་ལྟ་ཀྲུང་གོ་ཤེས་རིག་དཔེ་སྐྲུན་ཁང་གིས་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས།
ན་གཞོན་སྙན་ངག་པ་ཁོ་ཚོ་ནི་རང་རང་གི་རྩོམ་གཤིས་གྲུབ་ཟིན་པ་ཤ་སྟག་ཡིན་པས། དབུས་གཙང་ཁུལ་ནས“གཞོན་ནུའི”ཁྱད་ཆོས་མངོན་ཐུབ་པའི་སྙན་ངག་པའི་སྡེ་ཞིག་རེད་ཅེས་ལབ་ནའང་ཅང་མ་འགྲིག་པ་མེད་དེ། ཁོ་ཚོས་རང་རང་གི་ཐུན་མིན་ཚིག་སྦྱོར་ལ་བརྟེན་ནས་རང་གི་ལང་ཚོའི་འཇིག་རྟེན་བཞེངས་ཡོད། དེ་བཞིན《སྦྲང་ཆར》 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》 《མི་རིགས་རྩོམ་རིག》 《གངས་རྒྱན་མེ་ཏོག》 《ཟླ་ཟེར》 《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》སོགས་དུས་དེབ་ཆེ་གྲས་རྣམས་ཀྱི་སྟེང་དུའང་སྙན་ངག་གཙོས་པའི་ཁོ་ཚོའི་རྩོམ་ཡིག་མཐོང་རྒྱུ་ཡོད། མི་ལོ་གཉིས་གསུམ་གྱི་གོང་སྟེ། སློབ་ཆེན་སྐབས། དགེ་རྒན་བཟང་པོའི་བཀའ་དྲིན་དང་སྔོན་བསགས་ལས་སྨོན་བཟང་པོའི་བག་ཆགས་ཀྱིས། ཁོ་ཚོས་དུས་ཚོད་མང་པོ་ཞིག་དཔེ་ཀློག་དང་བསམ་གཞིག རྩོམ་འབྲི་སོགས་ལ་བཀོལ་ཐུབ་པས། ན་ཚོད་དེ་ལ་འཚམ་པའི་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད། དུས་ད་ཆ། ཁོ་ཚོ་གནས་གང་སར་རླུང་བུ་བཞིན་འཁྱར་ཏེ། སྤྱི་ཚོགས་ཞེས་པའི་ས་ཁྲའི་ཐོག་རང་ཉིད་ཀྱི་གནས་ས་རེ་ཡང་ཨུ་ཚུགས་ཀྱིས་བཟུང་ཏེ། ནན་ཏན་ངང་འཚོ་བའི་ཞིམ་མངར་ལ་རོལ་གྱིན་ཡོད།
ཡིན་ནའང་། དངོས་ཡོད་འཇིག་རྟེན་གྱི་བསླུ་བྲིད་ཇི་ལྟར་ཆེ་རུང་། ཁོ་ཚོས་རང་གིས་བཞེངས་པའི་རྩོམ་རིག་འཇིག་རྟེན་གྱི་མཛེས་སྡུག་ལར་ནས་མ་སྟོར་བར། བྱིས་བློ་ལྟ་བུའི། ཁ་བ་ལྟ་བུའི། རྩྭ་ཐང་ལྟ་བུའི། ཆེས་དྭངས་ཤིང་གཙང་བའི་རང་གཤིས་དེ་སྲུང་གིན། དབྱངས་གསལ་སོ་བཞིའི་བཀའ་དྲིན་སྙིང་ལ་བཅངས་ཤིང་། ལེགས་ཚོགས་ཐམས་ཅད་རྒྱང་རིང་ཞིག་ཏུ་བགྲོད་ཐུབ་པའི་སྨོན་ལམ་དུས་ཀུན་དུ་བཏབ་སྟེ། སྔར་བཞིན་འབྲེལ་ཟིང་གི་ཀློང་ནས་ཐ་སྙད་ཀྱི་མགུལ་ལ་རྣམ་དག་གིས་འཁྱུད་བཞིན་ཡོད།
《རྒྱང་རིང》ཞེས་པའི་དཔེ་དེབ་འདི་ནི་ལས་དབང་གཅིག་པོའི་ན་གཞོན་བཅུ་གཉིས་པོ་འཛོམས་སའི་འདུ་ར་ཆུང་ཆུང་ཞིག་དང་། རྒ་བའི་དུས་སུ་གཞོན་ནུའི་སྤོབས་པ་མཐོང་ཐུབ་སའི་མེ་ལོང་ཆུང་ཆུང་ཞིག་ཡིན་ལ། ན་གཞོན་བཅུ་གཉིས་པོས་མཐོང་བའི་དཀར་ནག་འཇིག་རྟེན་གྱི་མངོན་བརྗོད་ལྟ་བུའི་སེམས་བྱུང་གི་ཟིན་ཐོ་བཀོད་ཡོད་ཅིང་། རྒུད་བཞིན་པའི་མི་རབས་ཤིག་གི་གྲིབ་གཟུགས་ཀྱང་མངོན་པར་བྱས་ཡོད།