logo

ཕུགས་བསམ་ནི་རྨི་ལམ་ལས་མགོ་བརྩམ་དགོས་ཤིང་འབྲས་བུ་ནི་སློབ་ཁྲིད་ལས་ར་སྤྲོད་བྱེད་དགོས།

རྩོམ་པ་པོ།:ཚེ་རིང་རྣམ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-10-24 ཀློག་གྲངས།:
     ཁྲང་ཀྲིག་གྲོང་ཁྱེར་སློབ་གསོ་ཅུའུ་དང་ཁྲང་ཀྲིག་གྲོང་ཁྱེར་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ཚོགས་པས་སྣེ་ཁྲིད་དེ་ཧྲང་ཧྭེ་ཕུགས་བསམ་རྩོན་ལེན་ཐེབས་རྩ་ཚོགས་པས་སློབ་སྒྲུབ་རོགས་སྐྱོར་ཞལ་འདེབས་ཕུལ་བ་དང་མཚོ་ལྷོ་ཁུལ་སྐབས་དང་པོའི་ཕུགས་བསམ་ལྟེ་འཛིན་དབུ་འབྱེད་མཛད་སྒོ་བསྡུས་པ།

     

     སློབ་གསོ་ནི་འཛམ་གླིང་ཞི་བདེ་དང་རྒྱལ་ཁབ་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་གྱི་གཞི་རྩ་ཡིན་པས་སློབ་གསོ་བཅོས་བསྒྱུར་བྱེད་རྒྱུ་ནི་མིའི་རིགས་ཀྱིས་ངེས་པར་དུ་སྒྲུབ་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་བྱ་གཞག་གལ་ཆེན་ཞིག་ཡིན་པ་མ་ཟད།སྤྱི་ཚོགས་གསར་བ་འཛུགས་སྐྲུན་དང་དུས་རབས་གསར་བའི་འགན་འཁྲི་ལེགས་འགྲུབ་བྱེད་པའི་ཐབས་ལམ་ཁྱད་པར་ཅན་ཞིག་ཡིན་པ་གཞིར་བྱས་ཏེ།སློབ་གསོ་འཕེལ་རྒྱས་སུ་གཏོང་དགོས་ན་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་ཐད་ནས་མགོ་བརྩམ་དགོས་པ་ཡིན་ལ་དགེ་རྒན་གྱི་སློབ་ཁྲིད་བྱེད་ཐབས་དེ་ཡང་སློབ་མའི་བསམ་གཞིགས་དང་དུས་རབས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་བཅོས་བསྒྱུར་བྱ་དགོས་ལ་ཁྱད་པར་དུ་སློབ་མའི་དགའ་ཕྱོགས་དང་མཐུན་ཞིང་སྤྲོ་སྣང་རང་བཞིན་གྱི་རྣམ་པ་འབུར་དུ་ཐོན་པའི་སློབ་ཁྲིད་བྱེད་ཐབས་གསར་བ་ལག་བསྟར་བྱ་དགོས་པ་ནི་སློབ་གསོའི་བྱ་བ་བྱེད་མཁན་དག་གི་ཟློག་མེད་ཀྱི་འོས་འགན་ཡིན་ནོ།།

    སྤྱི་ཟླ10པའི་ཚེས་23ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་། མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་དང་གསེར་ཆེན་རྫོང་སློབ་གསོ་ཅུའུ།ཧྲང་ཧྭེ་ཕུགས་བསམ་བརྩོན་ལེན་ཐེབས་རྩ་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཕུགས་བསམ་ལྟེ་འཛིན་དབུ་འབྱེད་མཛད་སྒོ་དེ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་འཆད་ཁྲིད་མུན་སེལ་གླིང་དུ་གཟབ་རྒྱས་ངང་བསྡུས་ཤིང་ཁྲང་ཀྲིག་སློབ་གསོ་ཅུའུ་ཅུའུ་ཀྲང་གཞོན་པ་ཁྲང་རིན་ཧྥེ་དང་མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་ཅུའུ་ཀྲང་གཞོན་པ་ལེ་ཡོན།མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་ཅུའུ་ཀྲང་གཞོན་པ་ལེ་ཧྭེ་ཉིན།གསེར་ཆེན་རྫོང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྫོང་དཔོན་གཞོན་པ་ཀྲང་ཡོན་ཀྲུང་།གསེར་ཆེན་རྫོང་སློབ་གསོ་ཅུའུ་ཅུའུ་ཀྲང་འཇམ་དབྱངས།ཧྲང་ཧྭེ་ཕུགས་བསམ་བརྩོན་ལེན་ཐེབས་རྩ་ཚོགས་པའི་རྣམ་གྲངས་འགན་ལེན་པ་ཧྲིན་ཧན་ཡོན་དང་ཕུགས་བསམ་དགེ་རྒན་གྱི་གསོ་སྦྱོང་ལ་ཞུགས་པའི་བསྡོམས་པའི་མི་བརྒྱ་ལྷག་དུས་ལྟར་ཚོགས་འདུར་ཞུགས་པ་རེད།

     གསེར་ཆེན་རྫོང་སློབ་གསོ་ཅུའུ་ཅུའུ་ཀྲང་གཞོན་པ་ཀྲིག་ཅོན་ལགས་ཀྱིས་ཐེངས་འདིའི་ཚོགས་འདུར་མདོ་འཛིན་བྱས་པ་མ་ཟད།ཕུགས་བསམ་ལྟེ་འཛིན་དབུ་འབྱེད་མཛད་སྒོའི་གལ་ཆེན་རང་བཞིན་དང་མི་རིགས་ས་ཁུལ་གྱི་སློབ་གསོ་བཅོས་བསྒྱུར་གྱི་བྱ་བར་ཕན་འབྲས་ཆེན་པོ་ལྡན་པའི་དགེ་མཚན་གླེང་བ་དང་མཉམ་དུ་སློབ་ཁྲིད་བཅོས་བསྒྱུར་གཙོ་གནད་ཡིན་པའི་ཚོགས་འདུ་དེ་དངོས་སུ་མགོ་ཚུགས་ཤིང་ཐེངས་འདིའི་ཚོགས་འདུ་བརྒྱུད་རིམ་ཆེན་པོ་བཞི་ཡིས་གྲུབ་པ་རེད།

     དང་པོ། གསེར་ཆེན་རྫོང་སློབ་གསོ་ཅུའུ་ཅུའུ་ཀྲང་འཇམ་དབྱངས་ལགས་ཀྱིས་རང་རྫོང་གི་དགེ་སློབ་ཡོངས་ཀྱི་ཚབ་བྱས་ཏེ་ཐེངས་འདིའི་སློབ་སྒྲུབ་རོགས་སྐྱོར་ཞལ་འདེབས་ཕུལ་བའི་ལས་ཁུངས་དང་འབྲེལ་ཡོད་ཐེབས་རྩ་ཚོགས་པར་བཀའ་དྲིན་ཞུ་བ་དང་ཆབས་ཅིག ཁོ་ཚོས་ཕྱོགས་རིས་མེད་པའི་སྒོ་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གསོར་རོགས་འདེགས་དང་སྒོས་སུ་མི་རིགས་ས་ཁུལ་གྱི་སློབ་གསོ་བཅོས་བསྒྱུར་གྱི་ཆ་ལ་རོགས་རམ་དང་ཐུགས་ཁུར་མཛད་དེ་སློབ་གསོ་བཅོས་བསྒྱུར་དང་སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་སུ་བཏང་བར་བཀའ་དྲིན་ཞུ་བ་དང་རྗེས་ཕྱོགས་ཀྱི་སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་དུ་ཐབས་ལམ་ཁྱད་པར་ཅན་ལག་བསྟར་བྱ་དགོས་པའི་སྐོར་གྱི་གསུང་བཤད་གལ་ཆེན་གནངས་པ་རེད།

     གཉིས་པ། ཧྲང་ཧྭེ་ཕུགས་བསམ་བརྩོན་ལེན་ཐེབས་རྩ་ཚོགས་པའི་མགོ་ཁྲིད་ཧྲིན་ཧན་ཡོན་ལགས་ཀྱིས་ཐེངས་འདིའི་རོགས་སྐྱོར་རྣམ་གྲངས་འདི་ནི་སློབ་གསོ་བཅོས་བསྒྱུར་གྱི་བྱ་བ་དང་དགེ་རྒན་གྱི་སློབ་ཁྲིད་བྱེད་ཐབས་ཆ་ལ་མེད་དུ་མི་རུང་བའི་ལས་འགན་ཞིག་ཡིན་ལ །ནང་སྒོས་སུ་མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་གཏོང་བར་བྱེད་པའི་འོས་འགན་ལེགས་འགྲུབ་ཀྱི་གཞི་རྩའི་ལས་དོན་གལ་ཆེན་ཞིག་ཡིན་ཚུལ་དང་།རྣམ་གྲངས་འདི་ལེགས་པར་སྒྲུབ་པའི་དགེ་མཚན་དང་དུ་ལེན་དགོས་པའི་ལྟ་བ་ལྷུག་པོར་བརྗོད་པ།དོན་དངོས་ཀྱིས་རྣམ་གྲངས་འདིའི་དམིགས་ཡུལ་ཇི་ལྟར་རྒྱུན་འཁྱོངས་དང་ལག་ལེན་བྱེད་ཐབས་སོགས་ཁ་གསལ་ཁུངས་དག་གི་སྒོ་ནས་སློབ་སྟོན་རིས་མེད་གནངས་བ་རེད།

     གསུམ་པ། ཁྲང་ཀྲིག་སློབ་གསོ་ཅུའུ་ཅུའུ་ཀྲང་གཞོན་པ་ཁྲང་རིན་ཧྥེ་ལགས་ཀྱིས་ཕུགས་བསམ་ལྟེ་འཛིན་གྱི་མཛད་སྒོ་བདེ་ལེགས་ངང་སྤེལ་བར་ཤིས་བརྗོད་ཕུལ་བ་དང་།ཁྲང་ཀྲིག་གྲོང་ཁྱེར་སློབ་གསོ་ཅུ་དང་ཁྲང་ཀྲིག་གྲོང་ཁྱེར་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ཚོགས་པ།ཧྲང་ཧྭེ་ཕུགས་བསམ་བརྩོན་ལེན་ཐེབས་རྩ་ཚོགས་པ་བཅས་ཀྱིས་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་ལ་སློབ་སྒྲུབ་རོགས་སྐྱོར་བྱེད་དགོས་པའི་གནས་ཚུལ་བརྒྱུད་བསྒྲགས་དང་། དམིགས་ཡུལ་གཅིག་པའི་སློབ་གསོའི་བྱ་བ་བྱེད་མཁན་དག་ལ་ཕུགས་བསམ་མངོན་འགྱུར་བྱེད་པར་རེ་བ་ཆེན་པོ་དྲུག་བཏོན་པ་སྟེ།༡སློབ་གསོའི་འོས་འགན་ལེགས་འགྲུབ་བྱེད་པར་ནུས་པ་གང་ཡོད་འདོན་དགོས་པ།༢སློབ་གསོའི་གཞི་རྩའི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་དགོས་པ།༣སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་དཔུང་སྡེ་གསོ་སྐྱོང་བྱེད་དགོས་པ།༤སློབ་གསོའི་སློབ་ཁྲིད་ཀྱི་ཐབས་ལམ་ཡང་དག་པར་འཛིན་དགོས་པ།༥སློབ་མ་གཙོ་བོར་བཟུང་ནས་སློབ་ཁྲིད་བྱེད་དགོས་པ།༦གསེར་ཆེན་རྫོང་གི་སློབ་གསོ་དར་སྤེལ་དུ་གཏོང་དགོས་ཚུལ་སོགས་ཚོགས་འདུར་ཞུགས་པའི་སློབ་གསོའི་མགོ་ཁྲིད་དང་དགེ་རྒན་བཅས་ཀྱིས་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་བསམ་ཚུལ་བཏོན་པ་རེད།

     བཞི་བ། མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་ཅུའུ་ཀྲང་གཞོན་པ་ལེ་ཡོན་ལགས་ཀྱིས་ཀྱང་ཕུགས་བསམ་ལྟེ་འཛིན་གྱི་དབུ་འབྱེད་མཛད་སྒོ་དང་།རང་རྫོང་གི་སློབ་གསོའི་སློབ་ཁྲིད་བཅོས་བསྒྱུར་བྱེད་པའི་དགོངས་འཆར་བཏོན་ཏེ་སློབ་ཁྲིད་ཀྱི་ཐབས་ལམ་སོགས་ངོ་སྤྲོད་བྱས་པ་མ་ཟད།གསེར་ཆེན་རྫོང་རིགས་སློབ་འབྲིང་གིས་ཐུན་མོང་མ་ཡིན་པའི་སློབ་གསོའི་ཐབས་ལམ་དང་འབྲས་ལེགས་སློབ་ཁྲིད་ཀྱི་བྱེད་ཐབས་སྤྱད་དེ་སློབ་མའི་ཀུན་སྤྱོད་དང་སྦྱངས་འབྲས་གང་གི་ཆ་ནས་སྔ་ན་མེད་པའི་གྲུབ་འབྲས་ལེགས་པོ་ཞིག་བླངས་ཟིན་པར་གཟེངས་བསྟོད་བྱས་པ་རེད།ཁོང་གིས་ནན་གྱིས་བསྟན་དོན་སློབ་གསོའི་འོས་འགན་ལེགས་འགྲུབ་བྱེད་པའི་སློབ་ཁྲིད་ཀྱི་བྱེད་ཐབས་གསར་བ་ནི་སློབ་གསོའི་བྱ་བ་གཉེར་བའི་དགེ་རྒན་དག་གིས་ངེས་པར་དུ་སློབ་སྦྱོང་དང་ལག་བསྟར་བྱ་དགོས་པའི་གལ་ཆེན་རང་བཞིན་གྱི་འོས་འགན་ཞིག་ཡིན་ལ། ཁྲིད་ཐབས་གསར་བ་དང་ཐབས་ལམ་གསར་བ་ཟུང་འབྲེལ་སྒོས་སློབ་གསོའི་ལས་དོན་ལ་གཡུར་དུ་ཟ་བའི་འབྲས་བུ་ལེན་དགོས་པའི་རེ་བ་བཏོན་སྟེ་ཐེངས་འདིའི་ཕུགས་བསམ་ལྟེ་འཛིན་དབུ་འབྱེད་མཛད་སྒོ་དང་ཕུགས་བསམ་དགེ་རྒན་གསོ་སྦྱོང་བྱེད་པའི་མཛད་སྒོའི་ཚོགས་འདུ་དེ་བདེ་ལེགས་ངང་མཇུག་བསྡུས་པ་རེད།


འབྲེལ་ཡོད་འོས་སྦྱོར།